ནམ་རྒྱུན་ནས། དོན་དག་ཆེ་ཆུང་ཚང་མར་རྩོད་གླེང་བྱས་སྡོད་མཁན་གྱི་རྒན་པོ་དེ་དག དེ་རིང་། གནའ་བོའི་བོད་ཀྱི་པར་རྙིང་འཚོལ་སྡུད་བྱེད་མཁན་ཨ་ཁུ་གདུགས་དཀར་སྐྱབས་ཚང་ལ་འཛོམས་འདུག དེ་རིང་གི་རྩོད་གླེང་དེ་ནམ་རྒྱུན་དང་ཅུང་མི་འདྲ་བ་ནི། ནམ་རྒྱུན་ཡིན་ན་རྩོད་གླེང་གི་མཇུག་ཏུ་གང་བདེན་མིན་ལ་ཐག་གཅོད་བྱེད་མཁན་ཞིག་ཡོད་པ་རེད། དེ་རིང་བདེན་རྫུན་དབྱེ་འབྱེད་བྱེད་མཁན་དེའང་ཁ་བཙུམ་སྡོད་པ་ལས་ཅི་བྱ་གཏོད་མེད་དུ་གྱུར།
རྩོད་གླེང་ནི་འདི་ལྟར། གནའ་བོའི་པར་རྙིང་ཞིག་གི་འོག་ཏུ། པར་འདི་ བློ་བྱམས་ཀྱི་མ་མ་རེད། དགེ་ལེགས་ཀྱིས་ ༡༨༨༩ ཟླ་ཚེས་ལ། ཞེས་བྲིས་ཡོད་འདུག
ཁ་ན་མ་ཎི་འདོན་ཞིང་། ལག་པ་ན་དངུལ་ཐིམ་རྒྱབ་པའི་འཁོར་ལོ་ཞིག་བར་མེད་སྐོར་བཞིན་པའི་ཨ་མྱེས་ལྷ་རྒྱལ་གྱིས། པར་དེ་ལ་ཞིབ་ཚགས་ཀྱིས་ཐེངས་གཅིག་བལྟས་རྗེས།
ཨོ། འདི་ བློ་བྱམས་ཀྱི་ མ་མ་ རེད འདུག་ག ཟེར་ནས་གདེང་ཚོད་ཆེན་པོས་བཤད་རྗེས་གཞན་པ་ཚོར་སྐོར་ལྟ་ཐེངས་ཤིག་བྱས་ཏེ་མུ་མཐུད་མ་ཎི་བཏོན་ཞིང་འཁོར་ལོ་སྐོར།
དེ་ནས་ནམ་རྒྱུན་ཁོའི་ཁ་གཏད་གཅོག་མཁན་ཨ་མྱེས་སྟག་ལྷ་རྒྱལ་གྱིས། ལམ་སང་ལག་གི་བ་སོའི་འཕྲེང་བ་འདེད་མཚམས་བཞག་ནས།
ག་རེ་གོ ཟེར་ནས་པར་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁོང་དགོད་ཅིག་དང་མཉམ། ལྷ་རྒྱལ་འདིས་མི་ཤེས་ཤེས་ཁུལ་བྱས་ནས།
འདི་བློ་བྱམས་ཀྱི་ མ་ མ་རེད་ཟེར་ནས་ཀློག་དགོས་རེད་ལབ་ནས་ཡིད་ཚིམ་པའི་ངང་ས་རུ་བསྡད།
དེ་ནས་འགའ་རེས་ མ་མ་ རེད། ཅེས་ཀློག་དགོས་པ་རེད་ཟེར་ནས་རང་རང་རང་གི་རྒྱུ་མཚན་བཤད། འགའ་རེས་ མ་ མ་རེད་ ཟེར་ནས་ཀློག་དགོས་པ་རེད་ཟེར་ནས་རྩོད་པ་རྒྱབ།
དེ་ནས་བཟུང་ལོ་ངོ་མང་པོ་ཞིག་འགོར། རྩོད་པ་དེ་ད་རུང་ཐག་ཆོད་མི་འདུག ཚན་རིག་པ་འགའ་ཤས་ཤིག་སྐད་བཏང་ཡོང་བར་དེ་ཚོས་ཀྱང་ཐག་མ་ཆོད་པར་ལུས་འདུག དོན་ངོ་མ་པར་དེ་སུ་ཞིག་ཡིན་མིན་དེ། ད་ལྟ་འཛམ་གླིང་གི་གསང་གནས་གལ་ཆེན་ཞིག་ཏུ་གྱུར།
ཨ་ཁུ་སྟག་ལྷས། མགོ་བོ་འཕྲེད་དུ་གཡུག་བཞིན།
དགེ་ལེགས་དེས། ཡི་གེ་དེ་འབྲི་སྐབས་ཚིག་མཚམས་བཞག་ཡོད་པ་ཡིན་ན། ང་ཐོབ་ཐོབ་བ་རེད། མ་གཞི་རྩོད་གླེང་འདི་ཡང་ཡོང་ཡོད་པ་མ་རེད་ཟེར་ནས་ཁ་སང་ངས་བཅར་འདྲི་བྱེད་དུས་ཤོད་ཀྱི་འདུག ཨ་མྱེས་ལྷ་རྒྱལ་གྲོངས་ནས་ལོ་གསུམ་ཕྱིན་འདུག་པས་བཅར་འདྲི་བྱེད་ཐུབ་མ་སོང་།
གསང་གནས་འདི་དུས་རབས་ནས་དུས་རབས་སུ་གསང་གནས་སུ་ལས་རྒྱུ་ཡིན་པ་འདྲ།
སྒྲུང་འདིའི་སྐོར་རྩོད་གཞི་ཞིག་སྔོན་མ་ནས་ཡོད་འདུག བློ་བྱམས་དང་ཨ་མ་རྒད་མོ་དེ་གཉིས་དུས་རབས་བཅུ་དགུ་བའི་ནང་སྡེ་བ་དེར་ཡོང་བ་ཞིག་ཡིན་པ་དང་། འགའ་རེས་དེ་བློ་བྱམས་ཀྱི་ཨ་མ་རེད་ཟེར་མཁན་ཞིག་དང་། འགའ་ཞིག་གིས་དེ་ཨ་མ་ མ་རེད། དེ་བློ་བྱམས་ཀྱི་མ་མ་རེད་ཟེར་མཁན་གཉིས་ཡོད་འདུག
མང་པོ་ཞིག་གིས་ པར་དེ་རྙེད་རྗེས་ད་དེ་ག་རེ་ཡིན་མིན་ཕལ་ཆེར་ཐག་ཆོད་གི་རེད་བསམ་འདུག ཡིན་ནའང་ཐག་མ་ཆོད་པར་སྔར་བཞིན་རྩོད་གླེང་གི་གཞི་རུ་ཆགས་འདུག ད་ཁྱེད་ཚོས་བལྟས་ན། དེ་སུ་རེད་བསམ་གི་འདུག
ཁྱིམ་ཚང་དེ་ཨ་ཁུ་ཞིག་སླེབས། ཨ་ཁུའི་མཚན་ལ་ཆོས་ཀྱི་འབྱུང་གནས་ཞུ། ཨ་ཁུས་རྩོད་པ་དེ་ཚོ་ཡང་བསྐྱར་ཐེངས་གཅིག་ཉན་རྗེས། བཀའ་སློབ་གནང་། མིང་ཚིག་སྒྲའི་རྣམ་གཞག་ཚང་མ་རྟོག་པའི་རྗེས་སུ་འགྲོ་བ་རེད་ཅེས་ཚད་མ་རྣམ་འགྲེལ་ན་གསུངས་ཡོད། ཡ་ཡ། ད་ཁྱེད་ཚོས་དེ་ནི་མི་ཤེས། ཐུགས་ཁག་མེད། ཡིན་ཡང་། ཚིག་གཅིག་གི་ཐོག་ནས་གོ་བ་འབྱིན་མི་ཐུབ་ན་སྔ་ཕྱི་ལ་གཟིགས་དགོས། ད་འདི་ལ་གཟིགས་དང་། པར་གྱི་འགྲེལ་བཤད་ཅིག་རེད། པར་ལ་འགྲེལ་བཤད་བྱེད་སྐབས་ པར་དེ་སུ་ཞིག་གི་ཡིན་པ་འཆད་པ་ལས། སུ་ཞིག་གི་མིན་པ་འཆད་པ་དེ་འཇིག་རྟེན་གྱི་ལུགས་སྲོལ་ན་མེད། དེས་ན། འདི་བློ་བྱམས་ཀྱི་ཨ་མ་རེད་ཟེར་བའི་ཚུལ་ཇི་བཞིན་ཡིན། རྒད་པོ་ཚོ་མིག་གཅེར་རེ་འདུག ཨ་ཁུས་མུ་མཐུད་ནས་ཆོས་གསུངས། མ་མི་གཉིས་པོ་སྔོན་ལ་སྦྱོར།། འདི་ཅི་རེད་དྲིས། ཨ་མྱེས་སྟག་ལྷ་རྒྱལ་ངར་ནས་ཡོང་། པུས་མོ་ས་བཙུགས་ནས་ཨ་ཁུ་ལ་ཞུས། དེ་ནི་ མ་མི་ ཟེར་མཁན་ཞིག་ཡོད། དེ་ཚོ་ལ་རྐང་གཅིག་ལག་གཅིག་གི་མིའི་གཟུགས་ཁྱད་མཚར་ཡོད་པ་རེད། ད་དེ་ཚོ་ལ་ཐུག་ན་ སྔོན་ལ་སྦྱོར་ཞེས་སྔོན་ལ་འགྲོ་འཇུག་དགོས་རེད། ངའི་འཁྲིས་ཀྱི་རྒད་པོ་དེ་ཚོས་འདི་ཡང་མི་ཤེས་གི ཟེར། ཨ་ཁུ་བཞད་མོ་བཞད། ཕྱག་གིས་དབུ་སྐྱོར་བཞིན་ “འཇིག་རྟེན།”ཞེས་གསུངས་ནས་ཁུ་སིམ་མེར་བཞུགས་སོང་།
པར་དེ་བློ་བྱམས་ཀྱི་་ཨ་མ་ཡིན་ན།
བློ་བྱམས་ཀྱི་༼མ་མ༽་ཡིན་ཟེར་ནས་ཀློག་དགོས་པ་རེད།
པར་ནང་གི་མི་དེ་བློ་བྱམས་ཀྱི་མ་མིན་ན།
བློ་བྱམས་ཀྱི་མ་༼མ་ཡིན༽་ཟེར་ནས་ཀློག་དགོས་པ་རེད།
ཚིག་དེ་ལ་བལྟས་ནས་ཐག་ཆོད་ནི་མ་རེད།
ཚིག་ཁྱིམ་་གཉིས་ཀྱི་་བར་ན་་ཚེག་གཉིས་སམ་་ བར་སྟོང་ ཡོད་ན་ ནོར་དོན་ མེད་པ་ ཆགས་པ་ རེད།
ཨ་མ་དང་མ་མ་གཉིས་ཀྱི་དོན་གཅིག་མ་རེད། མ་མ་ནི་བུ་རྫི་ལའོ།