རྣམ་གྲོལ་གླིང་། བསོད་ནམས་ནོར་བུ།
(ང་ལ་མཚོན་ན། དུས་ཚོད་དང་ཁོམ་པ་ཡོད་དུས་ངོ་དེབ་དང་དྲ་རྒྱ་ཁག་ལ་ཡོང་བ་ནི། དུས་རབས་ཀྱིས་བྱིན་པའི་རྔན་པ་དང་གོམས་གཤིས་ཤིག་ཆགས་ཡོད།)
ཐོག་མའི་གླེང་སློང་བ།
དེང་སང་ངོ་དེབ་ནང་འབྲེལ་ཡོད་ཀྱི་དྲ་གྲོགས་མང་པོ་ཞིག་གིས་རྡ་ས་བོད་ཁྱིམ་སློབ་གྲྭ་འམ་ TCV དབུ་བརྙེས་ནས་ལོ་འཁོར་ ༥༥ འཁོར་བའི་དུས་དྲན་རེད་ཅེས། སློབ་ཕྲུག་ཚོས་ས་དམར་གྱི་རྩེད་ཐང་ངོས་རྐང་ལག་གཡས་བརྐྱང་གཡོན་བསྐུམ་གྱིས་དབྱིན་ཡིག་ LONG LIVE HIS HOLINESS ཞེས་བྲིས་ཡོད་པའི་པར་རིས་མང་པོ་ཞིག་ཤིན་ཏུ་མཚར་སྣང་དང་རབ་ཏུ་འཇོན་མདོག་གིས་ག་ས་ག་ནས་བཀྲམ་ཡོང་གིན་འདུག བསམ་བློ་ནང་དུ་བཀུག་ནས་པར་རིས་དེ་ཚོ་ལ་རེ་རེ་ནས་ཞིབ་དང་ནན་གྱིས་ལྟ་དུས། ཚོགས་མ་བསགས་པའི་བདག་གི་སེམས་པ་འདི་ནི་སྐྱོ་གདུང་དང་། ཐེ་ཚོམ། དོགས་དྲི་མང་པོ་ཞིག་གིས་ག་ལེར་མར་མནན་ཡོང་སྟེ། ཨ་ཁ། བོད་དྲི་མི་བྲོ་བའི་བོད་ཀྱི་སློབ་གྲྭ་འདི་འདྲ་རེ་ནི་ཡོད་ཀྱང་ཡོད་གོ་ཆོད་མི་འདུག་སྙམ་བཞིན་བྱང་ཁོག་འཁྱག་ཤུར་ཤུར་བྱེད་ཡོང་།
དང་པོ།
ཕ་ཡུལ་མི་ལ་ཤོར་ཏེ་མི་ཡུལ་སྐྱབས་བཅོལ་ཡོང་མཁན་ཞིག་ལ་བསམས་ན། ཐོག་དང་པོ་མི་རིགས་རང་གི་སྐད་ཡིག་རིག་གཞུང་། ལུགས་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་དར་སྤེལ་གཏོང་དགོས་པ་ནི། སྐྱབས་བཅོལ་བ་ཞིག་གི་ཕྲག་ཏུ་བབ་པའི་ཐོག་མའི་དམིགས་འདུན་དང་འགན་འཁྲི་ལྕི་ཤོས་དེ་ཡིན་ན་ཡང་། ང་ཚོ་བོད་ཀྱི་སྐྱབས་བཅོལ་བ་དག་ནི་དེ་ལས་ལྡོག་སྟེ། ང་ཚོ་ལ་གནམ་གྱིས་བསྐོས་པའི་མེས་པོ་ནི་དབྱིན་ཇི་བ་དེ་ཚོ་དང་། ང་ཚོའི་མེས་དབོན་རྣམ་གསུམ་གྱིས་དཀོན་པོའི་རྒྱུ། དཀའ་བའི་ཚེགས་བཅས་ཡོད་ཚད་ནས་ཡོད་ཚད་གཏོང་སྟེ་བསླུས་པའི་སྐད་ཡིག་ནི་མགོ་སེར་བའི་སྐད་ཡིག་དེ་ཚོ་ལོས་ཡིན་སྙམ་པའི་སྒོ་ནས་གཞུང་ཕྱོགས་ཀྱི་མཛད་སྒོ་དང་ཚོགས་འདུ། དེ་བཞིན་གཞུང་འབྲེལ་མིན་པའི་སློབ་གྲྭ་དག་གི་ཚོགས་ཆེན་དང་དུས་ཆེན་ཁག་ནམ་ནམ་ཞར་ཞར་ལ་རང་ཡིག་ལས་གཞན་ཡིག་འབྲི་བ་གཙིགས་སུ་བཟུང་པ་དང་། རང་སྐད་ལས་གཞན་སྐད་སྤྱད་པ་གལ་ཆེན་དུ་བལྟ་བ་འདི་ནི། མི་རིགས་རང་གིས་མི་རིགས་རང་ཉིད་དམར་གསོད་བྱས་པའམ། མི་རིགས་རང་གི་རླུང་རྟ་དང་ལས་དབང་གི་ཁ་ཕྱོགས་ཐུར་ལ་གཏད་པའི་ཐན་རྟགས་དང་པོ་དེ་ཡིན་པ་ངས་མ་བཤད་ཀྱང་ཁྱེད་ཅག་མི་རིགས་ཤིག་གི་རྐུབ་སྟེགས་འཛིན་པ་པོ་ཡིན་པས་ཤེས་ཡོད་ངེས་ཀྱང་བརྗེད་ཡོད་ན་གསལ་འདེབས་ཙམ་གྱི་ཕྱིར་དུ་ཡིན།
གཉིས་པ།
སློབ་དཔོན་ཐུ་མིས་རིན་བྲལ་གཅེས་སྲོག་དང་ཟུངས་ཁྲག་རྔུལ་ནག་གིས་བཞེངས་པའི། བོད་ལ་གནའ་དེང་གི་ཤེས་བྱ་གང་ལ་ཡང་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བའི་སྐད་ཡིག་རང་སྐྱ་འཕེར་བ་འདི་ལྟ་བུ་ཞིག་མེད་ན། ང་ཚོས་གཞན་གྱི་སྐད་ཡིག་གང་ཞིག་བེད་སྤྱོད་དང་ལད་ཟློས་བྱས་ན་ལོས་འགྲིག་ཁྱད་པར་ཅང་མི་འདུག་མོད། ང་ཚོ་ལ་གནའ་དེང་གི་རིག་པ། སྣོད་བཅུད་ཀྱི་བྱུང་བ། འཁོར་འདས་ཀྱི་སྐྱོན་ཡོན་སོགས་གང་ཞིག་བརྗོད་བྱ་བྱས་ཀྱང་བུ་ཨ་ཕོས་འཇོན་ན་རང་ལག་ཡིན་པའི་སྐད་ཡིག་འདི་ལྟ་བུ་ཡོད་བཞིན་དུ། ད་དུང་གཞན་ལ་འགྲམ་ཆུ་ལྡང་སྟེ་ཁ་ནས་ཚིག་ཅིག་བཤད་ན། hello དང་། མཛུབ་མོས་ཐེངས་ཤིག་མནན་ན། okay bye བྲིས་ཏེ་སྡོད་པ་ནི། རྒྱ་མཚོ་རྒྱུད་ལ་བཞག ཀོ་གྱོང་མཆི་མས་སྦང་། ཟེར་བ་དང་། ནོར་བུ་རང་ལ་ཡོད་ཀྱང་། ནོར་བུས་ནོར་ཉམས་མ་ཆོད། ཅེས་པའི་དཔེ་དོན་ལས་གཞན་ཅི་ཡང་མིན། དེས་ན་ཁྱེད་ཅག་གྲལ་མགོ་བཟུང་ནས་མར་འཁོར་མཁན་ཚོ་བདག་གིས་བླུན་པོ་དང་ལྐུགས་པ་རེད་ཅེས་ཞུ་མི་སྤོབས་ཀྱང་ཁྱོད་ཚོའི་གོ་སྒྲིག་དང་བསམ་བློའི་མཁྱེན་རྒྱ་ལ་བལྟས་ན་གཡམ་རྒྱུག་པ་དང་ཧོལ་རྒྱུག་པ་རྣལ་མ་ཞིག་ལས་མི་རིགས་ཤིག་གི་དབུ་འཛིན་དང་། སྣེ་ཁྲིད་པ་ཡང་དག་ཅིག་མ་རེད་ཅེས་ཚིག་ཐག་ཆོད་པོས་ཞུ་ནུས།
གསུམ་པ།
སློབ་གྲྭ་དང་དགོན་སྡེ་ཁག་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་ཡིན་ཞིང་། སློབ་གྲྭ་ཁག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་འཁྱོངས། དགོན་སྡེ་དག་གིས་བོད་ཀྱི་ནང་ཆོས་འཛིན་སྐྱོང་དར་སྤེལ་མ་ནུས་ན་ནི། ཉི་མ་དེ་ནས་བཟུང་《བོད་》ཟེར་བའི་ཡིག་འབྲུ་རྡོག་མ་གཅིག་དེ་འཛམ་གླིང་ན་འགྲེམས་སྟོན་ཁང་གི་གྱང་ངོར་ལྷག་ཀྱང་རུང་། དོན་དངོས་ནང་ཁྲོལ་ཅན་གྱི་དེང་སང་མིས་སྨོན་རང་ངོམ་བྱ་ཡུལ་བོད་ཅེས་པའི་བླ་སྲོག་འོད་ཀྲིག་གེ་བ་དེ་གོ་ལ་འདི་ནས་གཏན་དུ་ཡལ་ཚར་བ་རེད།
རྒྱུ་མཚན་དེས་ན། ནམ་ཡང་ང་ཚོ་མི་རིགས་ཤིག་གི་རྒྱུད་འཛིན་དུ་ཁས་འཆེས་མཁན་ཚོས། དོན་དངོས་བཙན་བྱོལ་ལུང་པ་སྤར་ཁྱིམ་གང་པོ་འདི་ཙམ་གྱི་ནང་དུ་ཡང་། སོ་སོའི་སྐད་ཡིག་གཙང་མ་ཞིག་འཛིན་སྐྱོང་དང་ཁྱབ་སྤེལ་མ་བྱས། མི་བྱེད། བྱ་རྒྱུ་མིན་ན་ནི། བོད་གཞུང་དགའ་ལྡན་ཕོ་བྲང་དང་། དབུས་བོད་མིའི་སྒྲིག་འཛུགས་སོགས་ཀྱི་ལག་འོག་ནས་ཁྱོད་ཤི་ང་གསོན་བྱེད་དེ་དབུ་མ་དང་རང་བཙན་གྱི་འཐབ་རྩོད་དྲག་པོ་ཕར་ཙམ་བཞག་སྟེ། དགྲ་བོ་རྒྱ་དམར་གྱི་མེ་མདའི་ཁ་འོག་ཏུ་འཛུལ་ནས་རྒྱ་ཡིག་དང་རྒྱ་སྐད་སྦྱོང་བཞིན་བསྡད་ན་དེས་ཡག་སྟེ། དུས་དེ་ནས་བཟུང་ང་ཚོ་དེང་སང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པའི་གྲལ་དུ་ཆུད་ཅིང་སླེབས་སོང་བ་མ་ཡིན་ནམ།
བཞི་པ།
ཐ་མ་མཐེ་བོང་གནམ་ལ་ཀེར་ཏེ། རང་རིགས་ཡར་ཐོན་ཅན་གྱི་གཞུང་གི་སྲིད་འཛིན་དང་སྐུ་ངོ་། དེ་བཞིན་གཞུང་འབྲེལ་སློབ་གྲྭ་ཁག་གི་འགན་འཛིན་དང་ལས་བྱེད་ཚོར་གསོལ་བ་འདེབས་རྒྱུ་ཞིག་ནི། ཁྱེད་ཅག་རང་དབང་ཅན་གྱི་རྒྱལ་ཁབ་ལ་འབྱོར་ཞིང་། གཞུང་གི་རྐུབ་སྟེགས་དང་ཟླ་ཕོག་རག་པས་བོད་སྐད་ཡིག་མི་མཁོ་བ་ཡིན་ན་ནི། རང་དབང་བྲལ་བའི་བོད་ནང་ནས་སྐྱ་སེར་བོད་མི་ཚོས་བོད་སྐད་ཡིག་རང་དབང་ཆེད། མེ་མདའི་ཁ་མཆུ་ནག་བུག་གེ་བར་མདུན་གཏད་དེ་ཁྲི་མུན་དུ་བཞུགས་བཞིན་པའི་རྒྱལ་ཞེན་པ་རྣམ་པ་དང་། ལུས་པོ་སྡོང་བུ་བྱས་ཤིང་ཚེ་སྲོག་མཆོད་མེར་བསྒྲོན་ནས་བཞུད་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་བཅས་ཀྱི་གསོན་པོའི་རེ་བ་དང་གཤིན་པོའི་ཁ་ཆེམས་ཆུ་ལ་བཏབ་ནས། གསོན་པོ་བཙོན་ཁང་ནས་ངུ་ཤོར་ཞིང་། གཤིན་པོ་དུར་ས་ནས་བླ་མི་བདེ་བའི་བོད་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་ནམ་ཡང་མི་གནང་བར་ཞུ་ཞེས་འབོད་སྐུལ་ཞུ་བ་ལགས་སོ།།
25/ 10/ 2015/
དངོས་ཁྱེད་ཚོགས་མ་བསགས་པ་རང་རེད། དེ་འདྲ་སེམས་ཁྲེལ་མེད་པའི་སེམས་ཁྲེལ། བོད་ཕྲུག་ཁྱིམ་སྡེ་ཡིས་
ད་དབར་དུ་ཁྱེད་ལས་དྲག་པའི་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཤ་ཞེན་དང་ཞབས་
འདེགས་ཞུ་མཁན་མང་པོ་ཡོད་རེད་ལ། མ་འོངས་པ་ལའང་དེ་ལྟར་ཐོན་ཡོང་བ་ལ་ཐེ་ཚོམ་ཡོད་པ་མ་རེད།
དེ་ལ་སྐུ་ཉིད་ནས་སེམས་ཁྲེལ་རྩ་བ་ནས་མ་བྱེད་ཨ། དེ་ལས་ཁྱེད་རང་གྲྭ་པ་རྣམ་དག་ཅིག་བྱེད། སྡོམ་པ་ཡག་པོ་སྲུང། དྷ་ས་ལ་དབྱིན་ཇི་སྦྱོང་ནས་མ་སྡོད་པར་མར་དགོན་པའི་ནང་དཔེ་ཁྲིད་བྱེད་ནས་
ཞབས་ཞུ་བྱེད་ན་ཡག་གི་མ་རེད་པས།
ཤེས་ཡོན་སྲིད་ཇུས་འདི་ཨ་མ་ལགས་ཀྱིས་བདག་པོ་རྒྱབ་དགོས་ངེས་རེད། བཟོ་མཁན་ཟམ་གདོང་ཡིན་མིན་གལ་མི་ཆེ།
བོད་ཕྲུག་ཁྱིམ་སྡེ་འདི་ནས་ད་བར་དབྱིན་ཡིག་ཐོག་ནས་རིགས་གཅིག་རྐང་འཛིན་དང་ཆེད་ལས་མཁས་པའི་སློབ་མ་ནི་ཉིན་མོའི་སྐར་མ་རེད་ལ། བོད་ཡིག་ནི་དེ་བས་ཀྱང་འཛིན་རིམ་མཐའ་མར་སླེབས་ཀྱང་གཏོང་ཡིག་ཙམ་ཡང་འབྲི་མི་ཤེས་པའི་ཚད་ལ་སླེབས་ཡོད་པ་རེད། མིག་ལམ་དུ་མངོན་ཡོང་བ་ནི་སྐད་ར་མ་ལུག་བརྒྱག་མཁན་འབའ་ཞིག་དང་། དུ་ནག་འཐེན་མཁན་མི་ཉུང་བ་ཞིག། ད་དུང་ཚོས་ལ་མི་ཚོས་ཀྱིས་ཐལ་མོ་བརྡབ་མཁན་འགའ། འོ་ན་ཅི་ཞིག་གིས་ལན་སོང་བ་རེད་ཟེར་ན་བུ་ཁྱིམ་ཨ་མ་ལགས་ལ་བཀའ་འདྲི་ཞུས།
ཧཧཧཧཧ་་་་་རྗེ་བཙུན་པདྨས་གསོ་སྐྱོང་བྱས་པའི་བོད་ཕྲུག་ཁྱིམ་སྡེ་ནང་ནས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་ལ་ད་བར་དུ་སྤེལ་འཛིན་བྱས་ཡོད་པ་གང་ལ་སྟོན་རྒྱུ་ཡོད་དམ། ཡོད་ན་སྟོན་རན་ཐག་ཆོད་ཡོད། རྒྱལ་བ་མཆོག་ནས་ཤེས་ཡོན་ཐད་ལ་འཐུས་ཤོར་ཕྱིན་འདུག་ཟེར་བཀའ་གནང་དུས་རྣ་མཆོག་འདམ་རྫབ་ཀྱིས་བཀབ་ཡོད་དམ། མིག་མཐོང་ལག་ཟིན་ཡོད་པས་དེ་ལས་ཅི་དགོས་སམ། ད་དུང་བྱས་རྗེས་ཡོད་མདོག་གིས།
རང་གི་ལུང་པའི་ནང་རང་གི་སྐད་ཡིག་ལ་བེད་སྤྱོད་མེད་ན་གཞན་གྱི་ལུང་པའི་ནང་རང་གི་སྐད་ཡིག་རྐྱང་པ་ཤེས་པས་སྒེར་དོན་དང་སྤྱི་དོན་གང་ཡང་བྱེད་ཐུབ་ཐབས་མེད་པ་དངོས་ཡོད་གནས་ཚུལ་རེད། བོད་ཞེན་ཡིན་ཁུལ་གྱིས་རྩོམ་ཡིག་འདྲ་མིན་བྲིས་ནའང་དངོས་ཡོད་གནས་ཚུལ་དང་མ་མཐུན་ན་དོན་འབྲས་སོན་རྒྱུ་ཉིན་མོའི་རྨི་ལམ་རེད། དེ་བས་ཇེའུ་མི་རིགས་ཀྱིས་བྱས་པ་ལྟར་མི་རིགས་བསྲེས་ལྷད་མ་བཏང་བར་རིགས་བརྒྱུད་གཙང་མ་ཉར་ཐུབ་ན་རང་གི་རིགས་གཞུང་དང་། གོམས་གཤིས། སྐད་ཡིག་སོགས་གནས་ཐབས་བྱེད་རྒྱུར་ཕན་ནུས་ཆེན་པོ་བྱུང་བའི་གནས་ཚུལ་གོ་རྒྱུ་འདུག་པས་མི་རིགས་བསྲེས་ལྷད་མི་ཡོང་བའི་ཐབས་ལམ་ལ་འབད་བརྩོན་བྱ་རན་འདུག།
སློབ་ཕྲུག་ཚོས་རྐང་ལག་གཡས་བརྐྱང་གཡོན་བསྐུམ་གྱིས LONG LIVE HIS HOLINESS ཞེས་བྲིས་ཡོད་པའི་པར་རིས་འདིས། རང་མི་རིགས་ཀྱི་བོད་ཡིག་ལ་མཐོང་ཆུང་དང་། བེད་མེད་དུ་བཏང་པ་མ་གཏོགས། སྤྱི་དོན་དང་སྒེར་དོན་གང་ཡང་བསྒྲུབས་ཐུབ་མེད།
ལྷ་སའི་བུ་ལགས།
མི་རིགས་ལ་བསྲེས་ལྷད་གཏོང་མི་ཉན་ན་དང་པོ་རྗེ་བཙུན་པདྨའི་འཁོར་བཅས་ལ་ཞུ་དག་ཐོངས། དེ་ནས་འབངས་མི་སེར་ནང་ཅིག་བཤད་ན་ཡག་ཀི་ལགས།
བློ་རྒྱ་ཁབ་མིག་ལས་དོག་ན་དེ་འདྲ་འདྲ་ཞིག་མཐོང་སྲིད་པ་རེད། ཁྱེད་ལ་སེམས་ཤུགས་ཡོད་ན་སྐྱོན་ནི་མ་རེད། དབྱིན་ཡིག། ཧུན་སྐད། དགྱ་སྐད་གང་ཡང་མི་བཀོལ་བར་འགྲོ་རྒྱུ་ཟེར་ན་དགའ་པོ་ཡོད། འགྲོ་རོགས་བྱོས། ཚང་མ་ཁྱེད་འདྲ་བོ་ཡོང་ནི་མ་རེད། དེ་ཤེས་ནི་བྱོས།
ངའི་བོད་ཁྱིམ་སློབ་གྲྭ་ནི། དབྱིན་བོད་གཉིས་ཀ་ལ་སློབ་སྦྱོང་བྱེད་ས་ཡིན་པས། ང་ཚོས་མི་རུང་བ་དང་མི་ཆོག་པའི་ནག་ཉེས་གང་ཡང་བསགས་མེད། དེ་ལས་ལོ་ངོ་ལྔ་བཅུ་ལ་ཤེས་རིག་གི་གླིང་ཁ་བཏབ་ཡོད། མེ་ཏོག་འདྲ་མིན་ཡོད།
བོད་ཕྲུག་ཁྱིམ་སྡེ་ཟེར་བ་འདིའི་ནང་དུ་བོད་ཕྲུག་རྣམས་ཀྱི་ཀླད་པ་ལ་རྨོངས་དད་ཀྱི་དུག་བཏབ་ས་རེད། འདིའི་ནང་ནས་ཐོན་པ་ཡིན་ན་ཆོས་འཇིག་རྟེན་གང་ཡང་མི་ཤེས་པའི་རྨོངས་དད་མགོ་རྐྱང་རྐྱང་ཐོན་འོང་གི་རེད་པ། རྨོ་རྗེ་བཙུན་པདྨས་བོད་ཕྲུག་མང་པོའི་ཀླད་པའི་ནང་དུ་རྨོངས་དད་ཀྱི་དུག་བཏབ་ནས་རང་ངོ་གཞན་ངོ་མི་ཤེས་པར་བཟོས་འདུག་ག
བོད་ཕྲུག་ཚོས་གལ་སྲིད་བོད་ཡིག་སྟེང་ལུས་རྩལ་འཁྲབ་པ་ཡིན་ན་། ཡང་ལ་ལས། འོ་བོད་ཡིག་ལ་གུས་ཞབས་དང་མཐོང་ཆེན་མ་བྱས་པར་ཐང་དཀྱིལ་ན་ཕྲུ་གུ་ཚོས་གར་སྟབས་སྒྱུར་བྱེད་དེ་མི་འགྲིག་ལབ་སྲིད། མ་འགྲིག་མཁན་མུ་ག་རེ་བྱས་ན་མི་འགྲིག་པ་ཞིག་ཡིན་པས་ཆོས་ཉིད་རེད། གང་བོད་ཕྲུག་ཁྱིམ་སྡེ་རྣམ་པར་རྒྱལ་ལོ། ཀྲིང་མོག་སུ་པན་ཡུན་རིན་འཚོ་བར་ཤོག ཝ་ཝི་ཐུག་པ་དང་ཀོག་ཀ་ལ་བོད་ཁྱིམ་སློབ་གྲར་ཕྲུ་གུར་མ་གཙོང་རོག། ཁྱིམ་ཚང་པ་ལགས་དང་ཨ་མ་ལགས་ཀུན་སྤྱོད་གང་ལེགས་གནང་རོག གཞི་ཆགས་དང་ཕྱི་རྒྱལ་ཕྲུ་གུའི་རིགས་ཁོ་ནའི་རྒྱབ་བརྔན་ལ་མ་ལྟ་བར། བོད་མདོ་དབུས་ཁམས་གསུམ་ནས་བསླེབས་པའི་ཕ་མ་ས་ཐགས་རིང་མོར་ལུས་པའི་དྭ་ཕྲུག་ལའང་དེ་བཞིན་ལྟ་རོག ཚང་མ
བཀྲིས་བདེ་ལེགས། ཨ་མ་རྗེ་བཙུན་པདྨ་སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨིན་ལམ་ཞུ།
ང་ཚོས་སྐད་རྒྱག་དགོས་པའི་རྒྱུ་མཚན་བོད་ཡིག་དེ་དབྱིན་ཇི་ལས་ལྷག་ཅིག་འཛིན་སྐྱོང་མ་བྱེད་ན་དམན་པ་ལ་གཡུག་དགོས་དོན་མེད། གང་ཡིན་ཞེ་ན་ཡུལ་གྱར་འོང་དགོས་པའི་དམིགས་རྐྱེན་ལྟོ་མ་འགྲངས་ནས་འོང་བ་མ་རེད། གཙོ་ཆེ་མི་རིགས་ཅིག་འཆི་སྲོག་ལ་ཐུག་ཡོད་པས་དེ་རྗེ་བཙུན་པདྨས་ཤེས་ཀྱི་མེད། མི་རིགས་མཉམ་འདྲེས་དང་བོད་ཀྱི་སྐད་ཡིག་བདག་སྐྱོང་བྱ་སྟངས་ལ་ལྟོས་དང་ག་བར་སླེབས་འདུག་གམ། ནད་མི་ཆོག་ནས་སྡུག་སྐད་རྒྱག་ས་འདི་རེད་དོ།།
ཡག་ནའང་སྡུག་ནའང་འདྲ། ད་བར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མ་ཤི་དབར་གསོན་པོར་གནས་ཐུབ་པ་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་ཀྱིས་ཞབས་འདེགས་མི་དམན་ཙམ་ཞིག་ཞུས་དང་ཞུ་མུས་རེད།
དེའི་ནང་དུ་མཆན་འདེབས་པ་པོ་མང་པོ་ཞིག་ནི་ཁ་ནས་ཤོད་ཐུབ་པ་དང་ལག་པས་བྲིས་ཐུབ་པ་ཙམ་ལས། ད་བར་དུ་མི་རིགས་འདིའི་སྐད་ཡིག་དང་རིག་གཞུང་ལ་སྨན་པའི་བྱས་རྗེས་གང་ཡང་འཇོག་མེད་པ་དང་མ་འོངས་པ་ལའང་འཇོག་གི་རེད་བསམ་པའི་རེ་བའང་མེད་པ་ཤ་སྟག་རེད་འདུག དྲང་པོ་བཤད་ན། ཁྱེད་ཚོ་ནི་མི་རིགས་ལ་སྐྱེས་པའི་སྐྱག་གཟན་ཤ་སྟག་ཡིན་པ་སྨོས་མི་དགོས། ད་དུང་དེང་རབས་ཀྱི་ཤེས་ཡོན་དང་ཆབ་སྲིད་། དཔལ་འབྱོར་སོགས་གང་ཅིའི་ཐོག་ལ་རྒྱུས་འདྲིས་ཟབ་མོ་ཡོད་མདོག་བྱེད་པ་ལས། དོན་དངོས་ཐོག་སོ་སོའི་ནང་མི་བུ་ཕྲུག་གསོ་རྒྱུའི་རང་འདོད་ཁོ་ན་ལས་གཞན་གང་ཡང་འཇོན་གྱི་མེད་པ་ངས་ཁ་མཚོན་བཅད་ནས་ཤོད་ཐུབ།
མི་རིགས་ལ་བསྲེས་ལྷད་གཏོང་མི་ཉན་ན་དང་པོ་་རྗེ་བཙུན་པདྨ་དང་རྒྱ་ལོ་དོན་གྲུབ་་ལ་ཞུ་དག་ཐོངས་་་ངོ་མ་གོ་ཡ་འདུག ཆུ་མགོ་ནས་བསྙོགས་ན་མཇུག་མི་དྭངས་ཟེར་བ་ལྟར་རེད
ཡབ་གཞིས་ཚང་ལ་ཞུ་དག་བཏང་ན་མགོ་སེར་རྒྱ་ཕྲུག། རྒྱ་གར་ཕྲུ་གུ་ཚང་མ་ཐོན་ཡོང་གི་རེད། ད་དུང་བུ་ཁྱིམ་ཨ་མ་ལགས་ཀྱིས་གོ་སྐབས་ལ་བརྟེན་ནས་བུ་ཁྱིམ་རྐང་དམག་བེད་སྤྱོད་བཏང་སོང་བ་དེ་རེད།
༸སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་ནི། བོད་མི་རིགས་ལ་དགོས་དུས་བཀའ་དྲིན་ཆེ་ལ། མི་བྱས་རྗེས་ཅན་ཞིག་རེད།
ཐང་དཀྱིལ་དུ་ཨིན་ཡིག་ཏུ་བྲིས་པ་ནི། ཕྱི་མིས་ཀྱང་ཤེས་ཐུབ་པའི་ཆེད་དུ་ཡིན་ངེས་རེད། ཨིན་སྐད་དུ་བྲིས་ཚད་བོད་ཡིག་ལ་མཐོང་ཆུང་བཏང་བས་ཁྱབ་པ་ག་ལ་ཡོད།
བོད་ཡིག་ཁ་ལ་འཁྱེར།།
བོད་ཀྱི་སྤྱི་ཚོགས་དཀྲུཊ།།
རིཊ་ཞེན་ཁ་ནས་སྐྱོར།།
རིཊ་ཀྱི་གཙོ་བོ་ཕབ།།
ལེགས་ཉེས་མི་ཤེས་ན།།
གང་དགར་ཉལ་ནས་སྡོད།།
དོན་མེད་ཀུ་ཅོ་ཡིས།།
རྒྱལ་ཁམས་མ་དཀྲུགས་རོགས།།
བོད་ཕྲུག་ཁྱིམ་སྡེའི་ནང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཟེར་ན། སྐྱག་རྫུན་དང་ཧམ་པ་གཉི་ཀ་རེད།
བོད་ཕྲུག་ཁྱིམ་སྡེས་བོད་མ་ཕྱེད་ཀ་ཞིག་་ལས་སྐྱེད་སྲིང་བྱེད་མྱོང་མེད།
བོད་ཕྲུག་ཁྱིམ་སྡེས་བོད་མི་ཕྱེད་ཀ་ཞིག་ལས་སྐྱེད་སྲིང་བྱེད་མྱོང་མེད།
བོད་པའི་སློབ་གྲ་ཁག་ནས་ཐོན་པའི་སློབ་ཕྲུག་ཚོ་ཨིན་སྐད་ལས་བོད་སྐད་ལེགས་པ་འདུག། ཨིན་སྐད་རྒྱབ་རྒྱུར་ངོ་ཚ་བྱེད་ཀྱི་འདུག། རྒྱུ་མཚན་ནི་སློབ་གྲའི་དགེ་རྒན་དང་། མ་བྱན་ལ་སོགས་པ་གཡས་གཡོན་ཚང་མ་བོད་པ་ཡིན་ཙང་བོད་སྐད་རྒྱབ་ཀྱི་ཡོད་པ་འདྲ། ཡག་པོ་རེད། ཡིནའི་ཨིན་ཇིའི་སྐད་ཡིག་ལ་དོ་སྣང་ཆེ་ཙམ་མ་བྱས་ན་མཐོ་རིམ་སློབ་གྲར་འགྲོ་རྒྱུར་ཡིག་ཚད་མ་འཕྲོད་པའི་དཀའ་ངལ་འཕྲད་དེ་རྐུབ་སྟེགས་ཤོར་དང་ཤོར་བཞིན་པའི་གནས་ཚུལ་གོ་རྒྱུ་འདུག་པ་ཕངས་པོ་ཞེ་དྲག་རེད། ང་ཚོའི་འཐབ་རྩོད་ཀྱི་ཆེད་དུ་དེང་དུས་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་པ་ཡོད་པའི་བོད་ཕྲུག་གང་མང་དགོས་གལ་ཤིན་ཏུ་ཆེན་པོ་རེད་བསམ་གྱི་ཡོད།
ཁ་ཤས་ཀྱི་ཡག་པོ་འདུག་ཟེར། ཡང་རེ་ཟུང་གིས་སྡུག་ཅག་རེད་ཟེར་གྱིན་འདུག དོན་དག་དངོས་ནས་པ་དེ་ནི། ཁྱེད་ཅག་གིས་རང་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་ཡོད་ཟེར་རྒྱུ་དང་། མི་རིགས་ཀྱི་ལ་ཞེན་ཡོད་ཟེར་བ་ཡིན་པ་འདྲ། ཁྱེད་ཅག་གིས་བྲིས་པའི་མཆན་ཚང་མ་མགོ་ནས་མཇུག་པར་དུ་བཀླགས་ཟིན། ཞིབ་འཚོལ་དང་རྒྱུས་ལོན་གཟབ་ནན་བྱས་ཏེ་དོན་དག་ཡོངས་རྫོགས་སྤྱི་བསྡོམས་བྱས་ན། མི་རིགས་ལ་ཕན་པའི་བསམ་བློ་ཁབ་རྩེ་ཙམ་ཡང་མེད་པའི་ཀླད་སྟོང་ཤ་སྟག་རེད། ཤ་ཁྲག་གཅིག་པའི་མི་རིགས་ཀྱི་ནང་ཁུལ་ལ་འདི་འདྲའི་ང་རྒྱལ་དང་། ཕྲག་དོགས་ཀྱི་འགྲན་སེམས་གནང་དགོས་དོན་ཡོད་དམ། དེ་འདྲའི་སེམས་ཤུགས་ཡོད་དང་བློ་ཁོག་ཡོད་ན། རིའི་རྒྱབ་ལོག་ན་རྩོད་པ་རྒྱག་ས་གྲལ་སྒྲིག་ཡོད་བཞིན་པ་རེད། ཤ་འཁོན་རྩོད་ས་ད་དུང་མིག་མདུན་ན་ཡོད་པ་རེད། ནང་ཁུལ་ལ་ངར་ངར་རྫིག་རྫིག་བྱས་ཏེ་ཕན་ཐོག་འདྲ་ཡོད་དམ། ནང་ཁུལ་ལ་ཁྱོད་དཔའ་ང་དཔའ་ཟེར་བའི་རྫིག་གཏམ་བཤད་ནས་ཕན་པ་ཅི་ཡོད། ང་ཚོ་ལ་རྫིག་གཏམ་བཤད་ས་རྒྱ་ནག་པོ་ཡོད། བཤད་ཐུབ་ན་དེ་ལ་ཤོད་དང་། བོད་ཀྱི་གཏམ་དཔེ་ལ། ༼མི་ངན་རང་རིགས་ལ་སྡང་།། ཁྱི་ངན་སྦྱིན་བདག་ལ་རྨུག།༽ཟེར་བའི་གཏམ་དཔེ་གཞིར་བཟུང་རེད། ཡག་ན་སྡུག་ན་ཡབ་གཞིས་ཚང་ཟེར་ན། ༧གོང་ས་མཆོག་ལ་དམའ་འབེབས་བྱེད་བཞིན་ཡོད་པ་རེད། བསམ་བློ་ཞིབ་མོ་ཐོངས། ཕ་མས་གཉོར་སྐྱོང་བྱས་ནས་ཕ་མར་རྡོག་བརྫིས་བཏང་བའི་དཔེ་རེད། མཐུན་སྒྲིལ་ཁ་ནས་བཤད། ཁེ་ཕན་ལྐོགས་ནས་ལེན། ཐང་ཆད་ཡ་རང་རེད་བྱ། བོད་ཕྲུག་ཚོར་རྗེས་ཕྱོགས་དེ་འདྲ་མ་གསུངས་ལོ། རང་མི་རིགས་ལ་ཕན་མ་ཐོག་ན་ཡང་། གནོད་པའི་ཚིག་རྐང་གཅིག་ཁ་ནས་འཐོན་མ་བཅུགས་རོགས། དེ་ལྟར་གནང་ན་བོད་སྤྱི་ལ་དངོས་ནས་ཕན་སྲིད་པ་རེད། དེ་མ་གཏོགས་ལ་ཞེན་ཡོད་མདོག་གིས་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་བྱེད་ཀྱི་ཚིག་ངན་ཐ་ཤལ་དེ་རྩ་བ་ནས་མ་གནང་ལ།
ཁ་ཤས་ཀྱི་ཡག་པོ་འདུག་ཟེར། ཡང་རེ་ཟུང་གིས་སྡུག་ཅག་རེད་ཟེར་གྱིན་འདུག དོན་དག་དངོས་ནས་པ་དེ་ནི། ཁྱེད་ཅག་གིས་རང་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་ཡོད་ཟེར་རྒྱུ་དང་། མི་རིགས་ཀྱི་ལ་ཞེན་ཡོད་ཟེར་བ་ཡིན་པ་འདྲ། ཁྱེད་ཅག་གིས་བྲིས་པའི་མཆན་ཚང་མ་མགོ་ནས་མཇུག་པར་དུ་བཀླགས་ཟིན། ཞིབ་འཚོལ་དང་རྒྱུས་ལོན་གཟབ་ནན་བྱས་ཏེ་དོན་དག་ཡོངས་རྫོགས་སྤྱི་བསྡོམས་བྱས་ན། མི་རིགས་ལ་ཕན་པའི་བསམ་བློ་ཁབ་རྩེ་ཙམ་ཡང་མེད་པའི་ཀླད་སྟོང་ཤ་སྟག་རེད། ཤ་ཁྲག་གཅིག་པའི་མི་རིགས་ཀྱི་ནང་ཁུལ་ལ་འདི་འདྲའི་ང་རྒྱལ་དང་། ཕྲག་དོགས་ཀྱི་འགྲན་སེམས་གནང་དགོས་དོན་ཡོད་དམ། དེ་འདྲའི་སེམས་ཤུགས་ཡོད་བློ་ཁོག་ཡོད་ན། རིའི་རྒྱབ་ལོག་ན་རྩོད་པ་རྒྱག་ས་གྲལ་སྒྲིག་ཡོད་བཞིན་པ་རེད། ཤ་འཁོན་རྩོད་ས་ད་དུང་མིག་མདུན་ན་ཡོད་པ་རེད། ནང་ཁུལ་ལ་ངར་ངར་རྫིག་རྫིག་བྱས་ཏེ་ཕན་ཐོག་འདྲ་ཡོད་དམ། ནང་ཁུལ་ལ་ཁྱོད་དཔའ་ང་དཔའ་ཟེར་བའི་རྫིག་གཏམ་བཤད་ནས་ཕན་པ་ཅི་ཡོད། ང་ཚོ་ལ་རྫིག་གཏམ་བཤད་ས་རྒྱ་ནག་པོ་ཡོད། བཤད་ཐུབ་ན་དེ་ལ་ཤོད་དང་། བོད་ཀྱི་གཏམ་དཔེ་ལ། ༼མི་ངན་རང་རིགས་ལ་སྡང་།། ཁྱི་ངན་སྦྱིན་བདག་ལ་རྨུག།༽ཟེར་བའི་གཏམ་དཔེ་གཞིར་བཟུང་རེད། ཡབ་གཞིས་ཚང་ལ་ཞིབ་དག་བྱེད་དགོས་ཟེར་གྱིན་འདུག དངོས་ནི་མྱོས་ཟིན་པ་འདྲ། ཡག་ན་སྡུག་ན་ཡབ་གཞིས་ཚང་ཟེར་ན། ༧གོང་ས་མཆོག་ལ་དམའ་འབེབས་བྱེད་བཞིན་ཡོད་པ་རེད། བསམ་བློ་ཞིབ་མོ་ཐོངས། ཕ་མས་གཉོར་སྐྱོང་བྱས་ནས་ཕ་མར་རྡོག་བརྫིས་བཏང་བའི་དཔེ་རེད། མཐུན་སྒྲིལ་ཁ་ནས་བཤད། ཁེ་ཕན་ལྐོགས་ནས་ལེན། ཐང་ཆད་ཡ་རང་རེད་བྱ། བོད་ཕྲུག་ཚོར་རྗེས་ཕྱོགས་དེ་འདྲ་མ་གསུངས་ལོ། རང་མི་རིགས་ལ་ཕན་མ་ཐོག་ན་ཡང་། གནོད་པའི་ཚིག་རྐང་གཅིག་ཁ་ནས་འཐོན་མ་བཅུགས་རོགས། དེ་ལྟར་གནང་ན་བོད་སྤྱི་ལ་དངོས་ནས་ཕན་སྲིད་པ་རེད། དེ་མ་གཏོགས་ལ་ཞེན་ཡོད་མདོག་གིས་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་བྱེད་ཀྱི་ཚིག་ངན་ཐ་ཤལ་དེ་རྩ་བ་ནས་མ་གནང་ལ།