ཆབ་མདོ་ངག་ཕུན།
དེ་ཡང་སྔོན་པདྨ་ལུང་ཞེས་པའི་ལུང་པ་དེའི་མི་རྣམས་འཚོ་བ་སྐྱེལ་སྟངས་ནི་ས་མ་འབྲོག་ཡིན་ཞིང་། དེའི་ནང་འཚོ་སྡོད་བྱེད་མཁན་གྱི་མི་དེ་དག་ནི་སོ་སོའི་ལས་དོན་གྱི་ཐོག་ལ་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། ལྷག་པར་གྲོང་པའི་ཁྱིམ་མཚེས་བར་ལ་རྐྱེན་ངན་གོད་ཆག་འདྲ་བྱུང་ཚེ་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་པའི་ལུགས་སྲོལ་ཧ་ཅང་བཟང་པོ་ཞིག་ཡོད། རིམ་པས་ལུང་པ་དེར་འཕོ་འགྱུར་ཆེན་པོ་ཕྱིན་ཏེ་སྤྱི་སྤྱོད་རླངས་འཁོར་འགྲོ་སའི་གཞུང་ལམ་གསར་བཟོ་བྱས་ཏེ་ཤར་གཏོང་ཐུབ་པར་བྱུང་བར་བརྟེན། ཁྱིམ་ཚང་ཕལ་ཆེ་བའི་ནང་ལ་འཕྲུལ་རྟ་རེ་མེད་མཁན་ཕལ་ཆེར་མེད། དེར་བརྟེན་བློ་བཟང་གིས་ཕ་མ་གཉིས་ལ་འཕྲུལ་རྟ་ཉོ་དགོས་ཞེས་ཨུ་ཚུགས་རྒྱག་པས་ཕ་མ་གཉིས་ཀྱིས་ཉོ་དགོས་ཐུག །
ཕ་མ་གཉིས་ཀྱིས་ཐུགས་རེའི་ཆེན་པོས་བུ་བློ་བཟང་གྲོང་གསེབ་ཀྱི་སློབ་གྲྭར་བཏང་ཡང་བློ་བཟང་ནི་ནང་ནས་སློབ་གྲྭར་འགྲོ་ཁུལ་གྱིས་གྲོགས་པོ་འགའ་ཤས་དང་མཉམ་དུ་འཁྱམས་ཉུལ་བརྒྱབ་ནས་བསྡད། སློབ་གྲྭའི་དགེ་ལས་རྣམ་པས་སློབ་སྦྱོང་ལ་དོ་སྣང་དང་འབད་བརྩོན་བྱེད་དགོས་པའི་བསླབ་བྱ་ག་ཚད་རྒྱག་ཀྱང་ཆུ་ནང་རྡོ་གཡུག་པ་ནང་བཞིན་ཉན་འཇོག་བྱེད་ཀྱི་མེད། ཕ་མ་གཉིས་ཀྱང་ཉིན་ལྟར་སློབ་སྦྱོང་དང་ཡ་རབས་བཟང་སྤྱོད་བྱེད་དགོས་པའི་བསླབ་བྱ་རྒྱབ་ཀྱི་ཡོད་ཀྱང་ཉན་འཇོག་བྱེད་ཀྱི་མེད། མཐར་སློབ་གྲྭའི་སྒྲིག་ལམ་དང་མ་མཐུན་པ་རིམ་པར་བྱས་བརྟེན་སློབ་སྤྱིས་བློ་བཟང་དང་གྲོགས་པོ་བཅས་སློབ་ཁོངས་ནས་རྩ་དགོངས་བཏང་དགོས་བྱུང་། དུས་དེ་ནས་བཟུང་སྟེ་བློ་བཟང་གི་འཕྲུལ་རྟ་དེ་བཞོན་ཏེ་གྲོགས་པོ་མཉམ་དུ་ས་ཕྱོགས་གང་སར་འཁྱམས་ནས་བསྡད། གྱོན་ཆས་ཀྱང་ཐལ་ལ་འཚུབ་ཚེ་གྱོན། སྒོར་རྡོག་ཁ་ཤས་རག་པ་དང་ཨ་རག་འཐུང་སྟེ་སྐབས་རེ་སྲང་ལམ་དེ་འདྲ་ཞག་པོ་རེ་ཙམ་ལྷག་གི་ཡོད།
ཕ་མ་གཉིས་ནི་བློ་བཟང་གི་དོན་དུ་སེམས་སྡུག་གིས་མགོའི་སྐྲ་ཚང་མ་གནམ་ལ་ཟིང་ངེར་གྱུར་ཡོད། ཆང་རག་མ་འཐུང་ཞེས་བསླབ་བྱ་ག་ཚད་བརྒྱབ་ཀྱང་ཉན་འཇོག་བྱེད་ཀྱི་མེད་ལ་ད་དུང་་ཚུར་ཕ་མ་གཉིས་ལ་སྡིག་དམོད་བྱེད། ཉིན་གཅིག་བློ་བཟང་འཕྲུལ་རྟ་བཞོན་ནས་ཐག་རིང་སྲིང་མོའི་ནང་དུ་ཕྱིན་ནས་ཕར་ལོག་ཡོང་སྐབས་ལམ་ཕྱེད་ཙམ་ལ་སླེབས་དུས་སྔོན་མ་ངོ་ཤེས་གྲོགས་པོ་ཉི་མ་དང་ཐུག་སྟེ། ཉི་མས་”ངེད་གཉིས་མ་ཐུག་ནས་ལོ་ངོ་དེ་ཙམ་ཞིག་ཕྱིན་སོང་། ཁྱོད་ནི་རྒས་མི་འདུག་རང་འཇགས་རེད་འདུག །དེ་རིང་ཁྱོད་རང་གང་དུ་ཕྱིན་པ་ཡིན་ནམ་”ཞེས་དྲིས། བློ་བཟང་གིས་”ང་ནི་སྲིང་མོ་ཐུག་ཁར་ཕྱིན་པ་ཡིན། ད་ནང་ལ་ལོག་འགྲོ་བ་ཡིན་ཟེར། དེ་རིང་ཁྱོད་ཐུག་གི་རེད་བསམ་པ་མ་བྱུང་”ཞེས་སོགས་བཤད་རེས་བྱས་ཏེ་བསྡད།
དེ་ནས་ཉི་མས་”ངེད་གཉིས་མ་ཐུག་ནས་ལོ་ངོ་དེ་ཙམ་ཞིག་ཕྱིན་སོང་། དེ་རིང་ངེད་གཉིས་ཕར་གེར་སྤང་ལྗོངས་སྟེང་ལ་ལྷོད་ལྷོད་བྱས་ཏེ་བསྡད་དགོས་”ཟེར། བློ་བཟང་གིས་”རེད་”ལབ་སྟེ་ཁོ་གཉིས་ཀྱི་འཕྲུལ་རྟ་ལམ་ཟུར་ལ་བཞག་སྟེ་སྤང་ལྗོངས་སྟེང་ལ་བསྡད། ཉི་མས་རུམ་ནས་ཨ་རག་ཤེལ་དམ་ཞིག་ཚུར་བཏོན་ནས་ས་སྟེང་ལ་བཞག་སྟེ་”ཡ་གྲོགས་པོ་ངེད་གཉིས་མ་ཐུག་ནས་ལོ་ངོ་དེ་ཙམ་ཞིག་ཕྱིན་སོང་། དེ་རིང་ངེད་གཉིས་ཀྱིའདི་འཐུང་དགོས་”ཟེར། བློ་བཟང་གིས་”ཁོ་རེ་འདི་ཅི་རེད་དམ་”ཞེས་དྲིས། ཉི་མས་”ཁོ་རེ་ཁྱོད་ཀྱི་ཤེས་ཀྱི་ཡོད་ནའང་ཤེས་ཀྱི་མེད་མདོག་མདོག་མ་བྱེད་”ཟེར་བཞིན་ཨ་རག་ཤེལ་དམ་དེ་ཁ་ཕྱེས། ཨ་དྲི་ཁ་བ་དང་བློ་བཟང་ནི་ཡར་ཁ་མར་ཁ་མི་འདུས་པར་དགད་མོ་ཤོར་བཞིན་ཤེལ་དམ་ལ་བལྟས་ནས་བསྡད།
དེ་ནས་ཁོ་གཉིས་ཨ་རག་འཐུང་བཞིན་འདས་ཟིན་པའི་མི་ཚེའི་འཚོ་བ་སྐྱེལ་སྟངས་ཀྱི་ལམ་བུ་ཀྱག་ཀྱོག་སྐོར་གྱི་སྐད་ཆ་ཤོད་བཞིན་སྐབས། ཉི་མས་”དེ་སྔོན་སློབ་གྲོགས་གཅིག་པ་མང་པོ་ཞིག་བཟོ་གྲྭ་ཁག་དང་། ལས་ཁུངས་ནང་ལ་ལས་ཀ་བྱེད་མཁན་རྐྱང་རེད་འདུག །ངེད་རང་གཉིས་སྐབས་དེ་དུས་སློབ་སྦྱོང་ཡག་པོ་ཞིག་བྱས་ཡོད་ན། ད་ལྟ་གང་ཡང་མི་ཤེས་མཁན་གྱི་ཐབས་སྐྱོ་པོ་འདི་འདྲ་ཞིག་འགྱུར་ཡོད་ཀྱི་མ་རེད་”ཟེར། བློ་བཟང་གི་སྐད་ཆ་དེ་གོ་དུས་རང་བཞིན་མེད་པའི་དབུགས་རིང་ཞིག་བཏང་སྟེ་སྐབས་དེ་དུས་ངེད་གཉིས་འཚོ་བ་བག་མེད་ལ་མགོ་འཁོར་ནས་བསྡད་པ་རེད། དགེ་ལགས་རྣམ་པས་ལམ་སྟོན་ལྟར་སློབ་སྦྱོང་བྱས་ཡོད་ན། ངེད་གཉིས་ཀྱང་ཁོ་ཚོ་ནང་བཞིན་ཆགས་ཡོད་ཀྱི་རེད། ད་དངོས་གནས་བློ་འགྱོད་ཞེ་དྲག་སྐྱེ་ཡོང་གི་འདུག་ཀྱང་ད་ནི་བྱ་ཐབས་བྲལ་ཟིན་”ཟེར་བཞིན་ཨ་རག་ཧུབ་འཐུང་བྱེད་བཞིན་མཆིས།
དེ་ནས་ཁོ་གཉིས་ཨ་རག་རྫོགས་ཏེ་ཉི་མས་”བློ་བཟང་ལ་ཁྱོད་དོ་དགོང་མ་འགྲོ་ངའི་ནང་སྡོད་ཤོག་”ལབ་ཀྱང་ཉན་འཇོག་མ་བྱས་ཏེ། འཕྲུལ་རྟ་བཞོན་པ་དང་། ཉི་མས་”ད་ཁྱོད་རང་འཕྲུལ་རྟ་གཟབ་གཟབ་བྱས་ཏེ་གཏོང་མ་གཏོགས་བརྡབ་སྐྱོན་ཡོང་བའི་ཉེས་ཁ་ཡོད་”ཅེས་ལབ་པ་དང་། བློ་བཟང་གིས་སྔ་རྒྱུན་ཇི་བཞིན་སྟོད་ཐུང་རྒྱབ་མདུན་སློག་སྟེ་གྱོན། དང་ཐོག་དེ་ཙམ་ཞིག་བཟི་མེད་ནའང་རླུང་འཕོག་སྟེ་རིམ་བཞིན་ར་བཟི་ཇེ་ཆེར་གྱུར་ཏེ་རྒྱང་ཐག་ཁ་ཤས་ཀྱི་སར་སླེབས་རྗེས་ལམ་ཁ་ཡག་པོ་མེད་པར་བརྟེན། བློ་བཟང་གི་འཕྲུལ་རྟ་ཨ་ལོག་རྒྱབ་སྟེ་ལམ་འོག་ལ་ལྷུང་བ་དང་། འགྲུལ་པ་འགའ་ཤས་ཀྱིས་མཐོང་སྟེ་རྒྱུག་ནའང་ནག་ཁུང་ནང་མིག་གིས་གསལ་པོར་མཐོང་གི་མེད་ཅིང་། དེ་བཞིན་བློ་བཟང་གི་སྟོད་ཐུང་རྒྱབ་མདུན་སློག་ནས་གྱོན་ཡོད་དུས་སྐེ་གཅུས་རིས་རྒྱབ་འདུག་བསམ་ནས་མི་ཞིག་གིས་ཤུགས་བརྒྱབ་སྟེ་གཅུས་བསྒྲིམ་བྱས་པ་དང་། མི་གཞན་ཞིག་གིས་ལམ་སེང་རུམ་ནས་གློག་བཞུ་ཚུར་བཏོན་ཏེ་སྤར་བ་དང་། “ཝེ་ཁྱོད་ཀྱི་མིའི་སྐེ་གཅུས་བསྒྲིམ་གྱིས་ཁོ་བསད་རྩིས་ཡིན་ནམ་”ཞེས་ལབ་པ་དང་།
མི་དེས་ལམ་སེང་ཡག་པོ་གཅིག་ལྟས་རྗེས་ཁོས་སྟོད་ཐུང་རྒྱབ་མདུན་སློག་ནས་གྱོན་ཡོད་པ་མཐོང་རྗེས་”དེ་རིང་མགོ་ལོག་རྩེ་གྲབས་བྱས་འདུག་” ཅེས་བརྗོད་དེ་བློ་བཟང་གི་སྣ་ཁུག་ནས་དབུགས་འགྲོ་གི་ཡོད་མེད་མཛུབ་གུ་བཞག་སྟེ་བལྟས། སྣ་ཁུག་ནས་དབུགས་འགྲོ་གི་ཡོད་པ་ཚོར་རྗེས་མི་དེས་དབུགསརིང་ཞིག་ཀྱང་རང་དབང་མེད་པར་ཤོར། དེའི་གཡས་གཡོན་ལ་ཡོད་མཁན་གྱི་མི་དེ་ཚོས་མི་དེས་ཞེད་སྣང་གི་རྣམ་པ་དེ་དག་མཐོང་དུས་དབང་དུ་དགད་མོ་ཤོར་དགོས་བཟོས་པ་རེད།
དུས་དེ་ནས་བཟུང་སྟེ་བློ་བཟང་གི་སྟོད་ཐུང་ཁ་ཐུག་གྱོན་ཤེས་པ་ཆགས་པ་དང་། ཨ་རག་གི་ཚེ་སྲོག་འཕྲོག་གྲབ་བྱས་པ་བརྟེན་ཨ་རག་ཁར་མི་ལན་མཁན་ཞིག་ཏུ་གྱུར།
ང་ཚོའི་གནའ་མིའི་གཏམ་དཔེ་ལས་”བསླབ་བྱ་བརྒྱ་ལས་སྣ་ཁུག་ཐེངས་གཅིག་བརྡབ་ན་ཕན་ཐོགས་ཆེ་ཚུལ་”ལབ་པ་ཇི་བཞིན་དོན་ལ་གནས་པ་ཡིན་པས་ཤེས་རྟོགས་བྱུང་བ་རེད།
སྨྲས་པ།
བདག་གི་སེམས་ནང་གང་ཤར།།
བརྩམས་སྒྲུང་འཐུང་ངུ་འདི་ཉིད།།
བྲིས་པའི་དྲ་གྲོགས་རྣམས་ལ།།
སྙན་པོར་ཡོང་བའི་རེ་སྨོན།།
ཞེས་པ་འདི་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་2015/10/30 ལ་བྲིས་སོ། །
ཆབ་མདོ་ངག་ཕུན་མཆོག་གི་རྩོམ་བྲིས་གོ་སླ་བ་ཞིག་འདུག་པར་སྤྲོ་བ་སྐྱེས།
བོད་སྐད་འགྱུར་སྟངས་ཀྱི་སྒྲ་འགའ་ཞིག་ལ་དཔྱད་ན། རང་ཉིད་དང་གཞན་དོན་གཉེར་ཅན་འགའ་རེར་ཕན་སྲིད་དམ་སྙམ། དེང་ཡང་། རྒྱབ་པ་རྒྱག་པ་དང་། ཟློག་པ་སློག་པ་དང་། འོང་བ་ཡོང་བ་དང་། ལེན་མཁན་ལན་མཁན་དང་། ལན་གཅིག་ཐེངས་གཅིག་ལ་སོགས་པ་ཁ་སྐད་ཀྱི་སྒྲ་གདངས་འགྱུར་བ་མང་ཡང་། སྔར་བྲིས་པའི་དག་ཆ་ལ་བརྩོན་ན། བོད་ཀྱི་རིག་གཞུང་རྣམས་ཀྱི་སྐད་མ་འོངས་པ་ན་ཡང་གོ་ཐུབ་པ་ལ་ཕན་ངེས།
་
ཉེས་ཁ་དང་ཉེན་ཁ་ཞེས་པ་གཉིས་ལ་རྗེས་འཇུག་ས་དང་ན་གཉིས་འབྱུང་བ་ནི། ཟས་དང་ཟན། ཚོས་དང་ཚོན། འདྲེས་མ་དང་འདྲེན་མ་ལ་སོགས་པ་ཡིན་པ་ལྟ་བུར་སྣང་ངོ་།
་
དགོངས་ལ་དགོང་ནི་ཡང་འཇུག་མ་འཐོན་པར་འདོན་པ་ལས་འབྱུང་ངོ་།