ལོ་མ་རྒྱལ།
མེ་ཏོག་འཚོ་ནི་བྱིས་པ་བསམ་མེད་ཅིག་ཡིན། དེ་རིང་ནི་ཁོ་མོ་ལོ་ལྔར་བུད་པའི་སྐྱེར་སྐར་ཡིན། ནངས་ཇ་འཐུང་རྗེས། ཨ་མ་སྒྲོལ་མ་འཚོས་མོའི་སྐྲ་གསེང་དུ་མེ་ཏོག་དམར་པོ་ཞིག་བསབས་ཏེ་ཁྲོམ་དུ་སོང་། ཁྲོམ་སྲང་འདིའི་མིང་ལ་སྣ་འཛོམས་ཁྲོམ་ཟེར། ཁྲོམ་སྲང་དེ་ནི་ས་ཕག་དང་ཤེལ་སྒོ་ཡིས་བསྐྲུན་པའི་ཁང་བརྩེགས་མང་བོའི་གསེང་དུ་གནས་ཤིང་། ཁྲོམ་ལམ་གྱི་གཡས་གཡོན་དང་། ཟ་ཟུར། གྲ་གྲུ སྒོ་བྱང་སོགས་ནས་མིག་ལམ་དུ་ཤར་རེ་མངོན་ཡོང་བའི་ཁ་དོག་སྣ་ཚོགས་ནི། རི་མོ་མཁན་གྱི་སྨྱུག་རྩེ་ཡིས་བརྩམས་ཤིང་གྲུབ་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་རྣམ་པར་བཀྲ་ཞིང་། མཚར་ཅིང་བཀྲག ཁྲོམ་སྲང་ནས་མགོ་བོ་དགྱེས་ཏེ། གནམ་ལ་བལྟས་ན། ནམ་མཁའ་ནི་སྔོ་ལ་སྐྱ་ཤག་ཤག་གི་སྐེ་རགས་ཤིག་ཤད་དེ་བསྲེངས་ཡོད་པ་ལྟ་བུ་ཞིག་ལས་ཅི་ཡང་མཐོང་མི་ཐུབ། དེ་རིང་ནས་བརྩིས་ཏེ།མི་ལོ་ལྔ་བརྒྱའི་ཡར་སྔོན་ན།ད་ལྟའི་ཁྲོམ་སྲང་འདི་ཡང་མཐོ་སྒང་གི་འབྲོག་ས་ཞིག་ཡིན་སྲིད་ཅིང་།ཡང་ན།ཚང་ཚིང་གཡུ་ལོ་ཡིས་བསྣོལ་ཞིང་འཛིངས་ནས་ཡོད་པའི་ནགས་ཀློང་ཆེན་པོ་ཞིག་ཀྱང་ཡིན་སྲིད།
ཨ་མ་སྒྲོལ་མ་འཚོས་བུ་མོ་མེ་ཏོག་འཚོའི་ལག་མགོར་འཇུས་ཏེ་ཚོང་ཁང་རེ་རེ་ལ་དལ་གྱིས་མྱུལ། མེ་ཏོག་འཚོ་ཡིས་ཁྲོམ་སྲང་གི་ཅ་དངོས་ཡོད་དོ་ཅོག་ལ་གཟབ་ནན་གྱིས་ཞིབ་ལྟ་ཡང་ཡང་བྱེད། མཚམས་རེར་མོས། དེ་ཅི་རེད། གན་ཅི་རེད། ཅེས་ཨ་མར་འདྲི་བཞིན་ཡོད་ཅིང་། མཚམས་རེར་མོས། དེ་དེ་རེད། གན་གན་རེད། ཅེས་ཨ་མར་ངོ་སྤྲོད་བྱེད་ཀྱིན་འདུག མེ་ཏོག་འཚོ་ལ་མཚོན་ན། ཁྲོམ་སྲང་དུ་མྱུལ་བ་ཡང་། ཨ་ཅེ་དང་ཕུ་བོ་ཚོས་འཛིན་ཁང་ནས་སློབ་ཁྲིད་ལ་ཞུགས་དང་འདྲ་བར། ཤེས་བྱ་གསར་བ་མང་བོ་ཞིག་འདི་ལྟར་སྦྱོང་བཞིན་ཡོད། ཡིན་ན་ཡང་། ཁྱད་པར་ཞིག་ཡོད་པ་དེ་ནི། ཨ་ཅེ་དང་ཕུ་བོ་ཚོར་དམིགས་དཀར་གྱི་དགེ་རྒན་ཞིག་ཡོད་པ་དང་། མོ་རང་ལ་དམིགས་དཀར་གྱི་དགེ་རྒན་ཞིག་མེད་པ་དེ་རེད། འདི་ལྟར། མེ་ཏོག་འཚོའི་སེམས་ཀྱི་ལྗོངས་སུ་ལྗོན་པ་དང་རྩྭི་ཤིང་སྣ་ཚོགས་ཤིག་དཔྱིད་ཀྱི་རླུང་བུ་ལྡིང་བར་ལྟར་འབུས་མགོ་རྩོམ་བཞིན་ཡོད་ཅིང་། སེམས་ཀྱི་ཞིང་སར་ཡང་གྲོ་ནས་སྲན་གསུམ་གྱི་ས་བོན་འདྲ་མིན་ཞིག་ཞིང་བ་རྒན་པས་དལ་གྱིས་འདེབས་བཞིན་ཡོད།
མཚམས་ཤིག་ཏུ། ཁོ་གཉིས་ “བཀྲ་ཤིས་རྟགས་བརྒྱད” ་ཚོང་ཁང་དུ་བསླེབས། དེ་ན་དགོས་མི་དགོས་ཀྱི་ཅ་དངོས་སྣ་ཁ་བཅོ་བརྒྱད་པོ་འཛོམས་འདུག ཨ་མ་སྒྲོལ་མ་འཚོ་ཡིས་བུ་མོ་མེ་ཏོག་འཚོ་བྲང་དུ་ཡར་བླངས་ཏེ། ཅ་དངོས་རེ་རེ་ལ་ལྟ་བའི་སྐབས། མེ་ཏོག་འཚོས་མཛུབ་མོས་ཀེར་ཏེ། ཤོག་སྒམ་གྲུ་བཞི་ཆུང་ཆུང་དེ་ཅི་རེད། ཅེས་ཨ་མར་དྲིས། ཨ་མས།དེ་ཐ་མ་ཁ་རེད།བདེ་ཐང་ལ་གནོད་པ་རེད།དེར་ལག་པ་འཆང་རྒྱུ་ཡོད་བ་མ་རེད།ཅེས་བཤད།
“ཐ་མ་ཁ་ཟེར་ན་ཅི་རེད། ”
“ཐ་མ་ཁ་ཟེར་ན། དུ་བ་རེད། མི་ངན་གྱི་ཅ་ལག་རེད། ”
“མི་ངན། ???” མེ་ཏོག་འཚོས་ད་དུང་མི་ངན་ཟེར་བ་ཅི་ཞིག་ཡིན་པ་གསལ་བོ་ཞིག་ཤེས་མེད་པ་འདྲ། དེ་ནས།ཁོ་གཉིས་ཚོང་ཁང་གི་ཕུགས་སུ་སོང་བ་ན།གློག་གི་ཅ་ལག་མཆུ་ལི་ཅན་ཞིག་ཡོད་པ་དེ་མཐོང་བ་ན།མེ་ཏོག་འཚོས་དེར།མཛུབ་མོས་ཀེར་ཏེ།གན་ཅི་ཞིག་རེད།ཅེས་ཨ་མར་དྲིས་པ་ན།ཨ་མས།
“དེ་སྐྲ་སྐམ་བྱེད་རེད། ”
“མཆུ་ལི་དེའི་ནང་ན་མེ་ཡོད་པ་རེད་དམ། ”
“ཧཧཧ། མ་རེད། རླུང་ཚ་བོ་ཡོད་པ་རེད། དེས་སྐྲ་རློན་པ་སྐམ་ནི་རེད། ” ཨ་མས་མེ་ཏོག་འཚོའི་མགོར་བྱིལ་བྱིལ་ཞིག་བྱེད་ཞོར། “ཁྱོད་རང་གཞུགས་ནས་ཆེན་པོ་ཆགས་དུས། ཅ་ལག་འདི་ཉོས་ནས་སྐྲ་སྐམ་ཆོག་གི་རེད། ” ཅེས་བཤད་པ་ན། མེ་ཏོག་འཚོས་ཀྱང་ཅི་ཞིག་ཤེས་སོང་བ་ལྟར། དགའ་ལྷང་ལྷང་གི་རྣམ་འགྱུར་ཞིག་མངོན། དེ་ནས། ཨ་མ་སྒྲོལ་མ་ཚོས་མོ་ལ་ཁ་དོག་དམར་སེར་གྱི་ཞྭ་མོ་ཆུང་ཆུང་ཞིག་ཉོས་ཏེ། ཚོང་ཁང་དེ་ནས་ཕྱིར་ལོག་ཁར། སྒོ་འགྲམ་ནས་འགྱིག་སྣོད་ན་ཡོད་པའི་འོ་ཕྱེ་སྐམ་པོ་དེ་མཐོང་བ་ན། དེར་མཛུབ་མོས་ཀེར་ཞོར་། མེ་ཏོག་འཚོ་ལ། “གན་འོ་ཕྱེ་སྐམ་པོ་རེད། འཐུང་ན་ཞིམ། བདེ་ཐང་ལ་ཡང་བཟང་། ”་ཞེས་བཤད་བཞིན། ཚོང་བདག་ལ་སྒོར་མོ་བྱིན་ནས་གཅིག་ཉོས། མེ་ཏོག་འཚོས་མུག་མུག་ངང་ཅིག་འདོན་བཞིན་འདུག ཕལ་ཆེར་ཁོ་མོས་དེ་རིང་སྣ་འཛོམས་ཁྲོམ་ནས་ཅི་ཞིག་མཐོང་བ་དང་།ཨ་མས་ཅི་ཞིག་བཤད་པ་རྣམས་བློར་འཛིན་བཞིན་པ་དང་འདྲ།
ཁོ་གཉིས་བཀྲ་ཤིས་རྟགས་བརྒྱད་ཚོང་ཁང་ལས་ཕྱིར་ཐོན། ཨ་མ་སྒྲོལ་མ་འཚོ་གསང་སྤྱོད་དུ་བསྐྱོད་དགོས་པས། བུ་མོ་མེ་ཏོག་འཚོ་བཀྲ་ཤིས་རྟགས་བརྒྱད་ཚོང་ཁང་གི་སྒོ་འགྲམ་ནས་བཞག་སྟེ། གསང་སྤྱོད་དུ་ཕྱིན། གསང་སྤྱོད་ནས་ཕྱིར་ཐོན་དུས། བུ་མོ་མེ་ཏོག་འཚོ་མཐོང་ཡུལ་དུ་མི་སྣང་། གར་སོང་ཆ་མེད་དུ་གྱུར་འདུག དེ་མ་ཐག་ཨ་མ་སྒྲོལ་མ་འཚོ་རྟབ་རྟབ་བོར་གྱུར་ཏེ། མེ་ཏོག་འཚོ། མེ་ཏོག་འཚོ། ཞེས་མིང་ནས་འབོད་བཞིན། ཡར་ལྟ་མར་ལྟ་དང་། ཕར་རྒྱུགས་ཚུར་རྒྱུགས་བྱེད་བཞིན། རིག་རིག་ཐུག་ཐུག་གི་མི་ཚང་མར་རྩད་གཅོད་བྱས། ཡིན་ན་ཡང་། སུ་གཅིག་གིས་ཀྱང་མེ་ཏོག་འཚོ་མཐོང་མི་འདུག ཨ་མ་སྒྲོལ་མ་འཚོའི་བྲང་གི་སྙིང་ཆུང་ཡང་མྱུར་སྟབས་ཀྱིས་ལྷོག་གེར་ལྷོག་གེར་ལྡིང་ཞིང་། ཁ་ནས་དབུགས་ཀྱི་འབྱིན་རྔུབ་ཀྱང་འཚུབ་བེར་འཚུབ་བེར་ལེན་བཞིན་འདུག
སྣ་འཛོམས་ཁྲོམ་དུ་མི་ཚོགས་ནི་སྤྲིན་གྱི་འདུ་འགོད་ལྟར་ལང་ལོང་ངང་བསྐྱོད་ཀྱིན་འདུག ཨ་མ་སྒྲོལ་མ་འཚོས་ད་དུང་མི་ཚོགས་ཀྱི་ཁྲོད་ན་མེ་ཏོག་འཚོ་འཚོལ་བཞིན་འདུག རླངས་འཁོར་གྱི་དུང་སྒྲ་དང་། མི་ཚོགས་ཀྱི་འདུ་འཛི་ཡིས་ཨ་མ་སྒྲོལ་མ་འཚོ་ལ་བསམ་གཟས་ནས་འགོག་རྐྱེན་བཟོ་བཞིན་པ་དང་འདྲ་ཞིང་། ཟ་ཁང་གི་སྒོ་དང་ཚོང་ཁང་གི་སྒེའུ་ཁུང་ཆེན་པོར་ཕྱེས་ཡོད་པ་དེས་ཨ་མ་སྒྲོལ་མ་འཚོའི་སེམས་ལ་རང་དབང་མེད་པར་དོགས་པ་དང་ཁོང་ཁྲོ་ཆེན་པོ་ཞིག་དུ་བ་ལྟར། མེ་ལྕེ་ལྟར། རླངས་པ་ལྟར། སྤྲིན་ནག་ལྟར་སློང་བཞིན་འདུག ས་ཕག་དང་ཤེལ་སྒོས་བསྐྲུན་པའི་ལམ་འགྲམ་གྱི་ཁང་བརྩེགས་མཐོན་པོ་ཀུན་གྱིས་ཨ་མ་སྒྲོལ་མ་འཚོའི་མཐོང་ལམ་ཐད་ཀར་བསྒྲིབས་ཡོད་པས། ཁོ་མོས་མིག་མདུན་གྱི་སྒོ་བྱང་དང་། འཕྲུལ་རྟ། རླངས་འཁོར་སོགས་ལས་མེ་ཏོག་འཚོ་ཅི་ལྟར་བཙལ་ཡང་མ་རྙེད། ཅི་ལྟར་བལྟས་ཀྱང་མ་རིག ཅི་ལྟར་བོས་ཀྱང་ཨ་ལན་མེད་པས། ཁུག་མ་ལས་ཁ་པར་བླངས་ཏེ། བསོད་ནམས་ཐར་ཏེ། མེ་ཏོག་འཚོའི་ཨ་ཕར་ཁ་པར་བཏང་ཏེ། མེ་ཏོག་འཚོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བཤད་རྗེས། ཡང་བསྐྱར་ཁ་པར་རྣ་རྩར་ཅི་ཙམ་སྦྱར་ཡང་། ཨང་གྲངས་མང་བོར་མཛུབ་མོས་ཅི་ཙམ་མནན་ཡང་། ཁ་པར་ལས་ཀྱང་བུ་མོ་མེ་ཏོག་འཚོ་རྩད་མ་ཆོད། དེ་ནས།མོ་རང་ངུ་བཤུམ་བྱེད་ཞོར།ལམ་འགྲམ་གྱི་ལྕགས་སྡོང་ཞིག་གི་འོག་ནས་ལངས་ཏེ་ཕར་ལྟ་ཚུར་ལྟ་བྱེད་ཞོར་ཅུང་ཙམ་བསྡད།
ཡུད་ཙམ་ཞིག་འགོར་རྗེས། ཁོ་མོས་གློ་རྡེག་ཏུ་“བཀྲ་ཤིས་རྟགས་བརྒྱད་“་ཚོང་ཁང་དེ་ཡིད་ལ་དྲན། དེ་མ་ཐག ཁོ་མོ་བྲལ་སྟབས་ཀྱིས་ཕྱིར་བཀྲ་ཤིས་རྟགས་བརྒྱད་ཚོང་ཁང་དུ་ཕྱིན་ཏེ། ཚོང་བདག་ལ་མེ་ཏོག་འཚོ་རིག་སོང་ངམ་ཞེས་རྩད་གཅོད་བྱས། ཚོང་བདག་གི་མ་མཐོང་མ་རིག་ཅེས་ལན་བཏབས། དེ་ནས། ཨ་མ་སྒྲོལ་མ་འཚོ་གློག་བརྙན་ཁང་དུ་སོང་ཏེ་བཙལ། དེ་ན་ཡང་། མེ་ཏོག་འཚོ་མི་འདུག དཔེ་ཚོང་ཁང་དུ་ཕྱིན་ཏེ་རྩད་བཅད། མེ་ཏོག་འཚོ་དེ་ན་ཡང་མི་འདུག “རོ་མཆོག་ཟ་ཁང་“་དུ་ཕྱིན་ཏེ་རྩད་བཅད། དེ་ན་ཡང་མེ་ཏོག་འཚོ་མི་འདུག ཆང་ཁང་དུ་ཕྱིན་ཏེ་རྩད་བཅད། མེ་ཏོག་འཚོ་དེ་ན་ཡང་མི་འདུག ཨ་མ་སྒྲོལ་མ་འཚོའི་ངོ་གདོང་ན་རྔུལ་ཆུ་དང་མིག་ཆུ་གཉིས་གཅིག་ཏུ་འདྲེས་ཏེ་འོད་ཁྲིག་ཁྲིག་གི་ངང་བཞུར་བཞིན་འདུག ཨ་མ་སྒྲོལ་མ་འཚོས་སྣ་འཛོམས་ཁྲོམ་འདི་བལ་གསེད་གསེད་དང་། ས་སློག་སློག་བྱས་ཏེ། དབྱར་རྩ་དགུན་འབུ་བཙལ་བཙལ་ལྟར་མེ་ཏོག་འཚོ་བཙལ་བཙལ་ཡང་། མེ་ཏོག་འཚོ་ད་དུང་ཡང་མ་རྙེད། མེ་ཏོག་འཚོ་གང་དུ་བུད་སོང་ངམ། སུ་ཞིག་གིས་ཁྲིད་སོང་ངམ། སུ་ཞིག་གིས་སྦས་སོང་ངམ། སུ་ཞིག་གིས་བརྐུས་སོང་ངམ། འདི་འདྲའི་དྲི་བ་དང་དོགས་པ་སྣ་ཚོགས་ཤིག་ཨ་མ་སྒྲོལ་མ་འཚོའི་སེམས་ངོགས་སུ་མཚན་གྱི་སྐར་ཚོགས་ལྟར་ཤར།
མཚམས་ཤིག་ཏུ། ཨ་མ་སྒྲོལ་མ་འཚོའི་མིག་གི་ལྟ་ཕྱོགས་ཤིག་ནས། “ལྷ་མོ་མཛེས་བཟོ་ཁང་“་ནས་བུ་མོ་ཞིག་ཕྱིར་ཐོན་བཞིན་པ་མཐོང་། ཨ་མ་སྒྲོལ་མ་འཚོས་བུ་མོ་དེ་མཐོང་མ་ཐག་མེ་ཏོག་འཚོ་ཞེས་མིང་ནས་བོས། ལག་གཡུག་བྱས། ཡང་། དེ་མ་ཐག་སེམས་ནས་བུ་མོ་དེ་མེ་ཏོག་འཚོ་རེད་དམ་ཞེས་རང་སེམས་ལ་དྲི་བ་དང་དོགས་པ་ཞིག་ངང་གིས་འཁོར། གང་ལྟར། ཨ་མ་སྒྲོལ་མ་འཚོ་ཐེ་ཚོམ་དང་དགའ་བ་འདྲེས་མ་ཞིག་གི་ངང་ནས། བུ་མོ་དེའི་ཐག་ཉེ་སར་བཅར་སྐབས། བུ་མོ་དེས་ཨ་མ་སྒྲོལ་མ་འཚོ་མཐོང་མ་ཐག ཨ་མ་ཨ་མ་ཞེས་འབོད་བཞིན་ཨ་མ་སྒྲོལ་མ་འཚོའི་གམ་དུ་རྒྱུགས་ཡོང་ཏེ། ཨ་མར་འཐམས་ཤིང་འཁྱུད་དེ། ངུ་བཤུམ་བྱེད་བཞིན། ཨ་མ་ལགས། ཁྱོད་རང་གང་དུ་ཕྱིན་པ་ཡིན། ཞེས། སྡུག་ཡས་ཀྱིས་བཤད། ཡིན་ན་ཡང་། ཨ་མ་སྒྲོལ་མ་འཚོ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། བུ་མོ་དེ་མེ་ཏོག་འཚོ་ཡིན་པའི་ཐེ་ཚོམ་དང་དོགས་པ་དེ་སྔར་བས་ཀྱང་ཆེ་རུ་ཕྱིན། རྒྱུ་མཚན་ནི། མེ་ཏོག་འཚོ་ལ་གནམ་ས་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་པས་སོ།
དེ་རིང་། ལོ་ལྔར་སོན་མ་ཐག་པའི་བུ་མོ་ཆུང་ཆུང་མེ་ཏོག་འཚོ་ནི་ཆུ་ཚོད་འགའ་ཙམ་ཞིག་གི་རྗེས་སུ་ལོ་ན་ཉི་ཤུར་བུད་པའི་གཞོན་ནུ་མ་ཞིག་ཏུ་གྱུར་ཡོད་པ་དེ་རེད། ཞོགས་པར་ཨ་མ་སྒྲོལ་མ་འཚོས་མེ་ཏོག་འཚོའི་སྐྲ་གསེང་ལ་བསབས་པའི་མེ་ཏོག་དམར་པོ་དེ་ཡང་མི་འདུག་པར་མ་ཟད། སྐྲ་ལོ་ནི་རིང་ཞིང་སིལ་ལི་དང་འཇོལ་ལོ་ཅན་ཏུ་བཟོས་ཤིང་། ཁ་དོག་ཀྱང་བསྒྱུར་འདུག སྐྲའི་ཕྱེད་ཀ་མདུན་དུ་དཔྱངས་ཤིང་། ཕྱེད་ཀ་རྒྱབ་དུ་བསྣར་འདུག ངོ་གདོང་གི་ལྷན་སྐྱེས་ཀྱི་མཛུམ་མདངས་དེ་དང་། མིག་མཐའ་ཡི་སྤྲོ་ཉམས་དེ་ཡང་ཡལ་འདུག རྐང་ལག་ཀྱང་ཆེ་ཞིང་སྤོམ་དུ་འཚར་ཞིང་། བྲང་གཞུང་དང་སྐེད་པ་ཡང་ཆེ་རུ་རྒྱས་འདུག ད་དུང་། མཚར་འཛིན་གྱིས་ཁེངས་པའི་མིག་འོད་རྣོན་པོ་དེ་ཡང་ཡལ་འདུག་ལ། རྩེད་དགའ་ཡིས་ཕྱུག་པའི་སྨྲ་བ་འཁྱུག་པོ་དེ་ཡང་ཡལ་འདུག ད་དུང་། “བཀྲ་ཤིས་རྟགས་བརྒྱད”་ཚོང་ཁང་ནས་མཐོང་བའི་གློག་གི་འཕྲུལ་ཆས་མཆུ་ལི་ཅན་དེ་དང་འདྲ་བའི་སྐྲ་ལོ་སྐམ་བྱེད་ཅིག་གི་མཆུ་ལི་ཅུང་ཙམ་ཞིག་ཀྱང་ཁོ་མོའི་གཞོགས་ན་སྣོར་ནས་ཡོད་པའི་ཁུག་མ་ཁྲ་ཁྲ་དེའི་ཁ་ན་འཇུར་ནས་འདུག འདི་ལྟར། ཨ མ་སྒྲོལ་མ་འཚོས་མེ་ཏོག་འཚོར་ལག་པས་རེག་རེག་དང་བྱིལ་བྱིལ་བྱེད་ཞོར། ཞིབ་ལྟ་དང་ཡང་ལྟ་བྱས་བྱས་མཐར།
“ཁྱོད་རང་གང་དུ་ཕྱིན་པ་ཡིན། ”ཞེས་དྲིས།
“ང་་་ང་་ཨ་ཅེ་ཞིག་གིས་ལྷ་མོ་མཛེས་བཟོ་ཁང་དུ་ཁྲིད་ནས་བསླེབས་སོང་། ”
“ཁོ་ཚོས་ཁྱོད་ལ་ཅི་ཞིག་བྱས་སོང་། ”
“ཅི་ཡང་བྱས་མ་སོང་། ཉལ་ཁྲི་སྟེང་དུ་བསྙལ་ནས་བཞག་སོང་།”
“འོ་ན། ཁྱོད་རང་འདི་འདྲ་ཞིག་་་་་་་” ཨ་མ་སྒྲོལ་མ་འཚོའི་སྐད་ངག་སྨྲེང་ཞིང་འཚབ་ཏེ། ཅི་ཞིག་བྱེད་དགོས་པ་ཡང་མ་ཚོར་བར། མེ་ཏོག་འཚོ་ལ་བསྐྱར་དུ་ཅི་ཡང་འདྲི་མ་ཕོད། ཨ་མའི་མཚར་མདོག་གི་མིག་ཟུང་དང་།ཆ་མེད་ཀྱི་བྱ་བྱེད་དེས་གློ་བུར་དུ་མེ་ཏོག་འཚོའི་སེམས་སུ་དོགས་མི་བདེ་བ་ཞིག་དང་།ཐེ་ཚོམ་གྱི་བློ་ཞིག་འཕྲལ་དུ་འཁོར་བས།
“ཨ་མ་ལགས། ཁྱོད་རང་ལ་ཅི་ཞིག་བྱུང་སོང་ངམ། ང་ལ་ཅི་ཞིག་བྱུང་འདུག”ཅེས་དྲིས།
“ཁྱོད་རང་ངའི་་་ངའི་་བུ་མོ་མེ་ཏོག་འཚོ་མ་རེད། ”
“་ང་ཡིན། ་ཨ་མ་ལགས། ང་ཁྱོད་ཀྱི་བུ་མོ་མེ་ཏོག་འཚོ་ཡིན། ཨ་མ་ལགས་ཁྱོད་ལ་ཅི་ཞིག་བྱུང་སོང་། ” ཞེས་དངངས་འཚབ་ཀྱི་སྒོ་ནས་བཤད་ཞོར། མེ་ཏོག་འཚོས་ཨ་མར་འཐམ་བཞིན། ང་ཁྱོད་ཀྱི་བུ་མོ་མེ་ཏོག་འཚོ་ཡིན། ཞེས་ཡང་ཡང་ཟློས་བཞིན་འདུག ཕལ་ཆེར། མེ་ཏོག་འཚོས་རང་ཉིད་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་བ་ཡང་ཚོར་བཞིན་མེད་པར་སྣང་། སྐབས་དེར།གཞི་ནས་ཨ་ཕ་བསོད་ནམས་ཐར་ཁོ་མ་སྨད་གཉིས་ཀྱི་གམ་དུ་དབུགས་འཚུབ་འཚུབ་ཀྱི་ངང་བསླེབས་སོང་།ཨ་ཕ་བསོད་ནམས་ཐར་གྱིས་བུ་མོ་མེ་ཏོག་འཚོ་མཐོང་མ་ཐག་དགའ་ཞིང་སྤྲོ་བའི་ངང་ནས་བུ་མོའི་ལག་པར་འཇུས་ཏེ།
“ཨ་མས་ཁྱོད་རང་བརླགས་སོང་། ཟེར། ཡིན་ན་ཡང་། ཁྱོད་རང་བརླགས་མེད་པར་མ་ཟད། ད་དུང་། གཞོན་ཤ་དོད་པོ་ཞིག་ཏུ་གྱུར་འདུག་པས་ཅི་མི་དགའ། ”
“ཨ་ཕ་ལགས། ང་རང་གཞོན་ནུ་མ་ཞིག་ཏུ་གྱུར་ཡོད་པ་རེད་དམ།”
“རེད་རེད། ཏག་ཏག་རེད། ”
“ཡིན་ན་ཡང་། ཨ་མས་ང་ལ། ང་རང་ཁོ་མོའི་བུ་མོ་མེ་ཏོག་འཚོ་མ་རེད། ཟེར། ”
“ཨ་མས་ཁྱོད་ལ་ཤ་ཚ་ཞིང་སྙིང་ཉེ་བ་མང་དྲག་པས། དེ་ལྟར་ལབ་བཞིན་ཡོད་པ་རེད། ”་ཅེས་ལབ་བཞིན།ཨ་མ་སྒྲོལ་མ་འཚོའི་མགོའི་ཕྱོགས་སུ་གཏད་དེ་ཤབ་ཤུབ་ཀྱི་གནས་ལུགས་མང་པོ་ཞིག་བཤད།ཡིན་ན་ཡང་།ད་དུང་།ཨ་མ་སྒྲོལ་མ་འཚོའི་གདོང་གི་སྐྱོ་ཉམས་དང་དོགས་པ་དེ་ཡལ་མི་འདུག
ཕྱིར་རང་ཡུལ་དུ་ལོག་པའི་ལམ་བར་དུ། ཨ་མ་སྒྲོལ་མ་འཚོའི་སེམས་སུ་མེ་ཏོག་འཚོ་ད་དུང་རྙེད་མེད་པའི་སེམས་ཚོར་ཧ་ཅང་ལྕི་ཞིང་། མེ་ཏོག་འཚོ་རྦད་དེ་བརླགས་སོང་ངམ་སྙམ་པའི་སེམས་ཚེགས་དེ་བས་ཆེ། གཞོགས་སུ་ཨ་ཕ་བསོད་ནམས་ཐར་གྱི་ལག་མགོར་འཇུས་ནས་ཡོང་བཞིན་པའི་བུ་མོ་དེ་རང་ཉིད་ཀྱི་བུ་མོ་མེ་ཏོག་འཚོ་མིན་པའི་སྣང་བ་བཙན་པོ་ཞིག་གིས་སེམས་ཀྱི་མཚོ་ངོགས་སུ་དྲག་ཏུ་འཕྱོ་བའི་རྦ་རླབས་ལྟར། ཡང་ཡང་རྡེག་ཅིང་ཡང་ཡང་འབྲབ། སྣ་འཛོམས་ཁྲོམ་ནི་སྔར་བཞིན་མི་ཚོགས་ཀྱིས་ཁེངས་ཤིང་། ཁང་བརྩེགས་ཀྱི་གསེང་དུ་གནས། ཟ་ཁང་དང་ཚོང་ཁང་གི་སྒོ་དང་སྒེའུ་ཁུང་དག་ནི་མི་ལྟོ་རྐྱལ་ཞིག་གི་ཁ་གདང་བ་འདྲ་བར་སྔར་ལས་ཀྱང་ཆེར་ཕྱེས་ནས་འདུག་ཅིང་། སྒོ་བྱང་ལ་སོགས་སུ་ཡོད་པའི་ཡེ་གེ་རྣམས་ཀྱང་ཆེ་ཞིང་མི་ཚོགས་ལ་ཅེར་ནས་འདུག ད་དུང་། མིག་འོད་ཀྱི་དྭངས་མ་བཅོམ་པའི་ཁ་དོག་སྣ་ཚོགས་ལ་ཡང་གསོན་ཤུགས་ཀྱིས་ཁེངས་ཏེ། བཀྲ་ཞིང་མཚར། བཀྲག་ཅིང་མངོན། ལམ་བར་ནས་འགྲོ་ཞོར་དུ།ཨ་མ་སྒྲོལ་མ་འཚོས་ཨ་ཕ་བསོད་ནམས་ཐར་ལ་མེ་ཏོག་འཚོའི་སྐོར་ལ་ཁ་རྩོད་བྱས་ཏེ།རང་ཡུལ་དུ་ཅི་ལྟར་བསླེབས་པ་ཡང་མ་ཤེས།
ཨ་མ་སྒྲོལ་མ་འཚོ་ངལ་དུབ་དང་སྐྱོ་སྡུག་གིས་ཁེངས་ཏེ། སྒེའུ་ཁུང་མདུན་ནས་ཕྱིར་ཅེར་ཏེ་འགྲེང་ནས་བསྡད། ཕྱི་རོལ་གྱི་མཚོ་འགྲམ་ན་བྱིས་པ་སྐོར་ཞིག་དགོང་ཁའི་མཚན་སྤྲིན་གྱི་འོག་ན་རྩེད་འཇོ་རུ་གཡེང་ནས་འདུག་ཅིང་། ཟམ་མི་ཆད་པའི་མཚོ་མོའི་རླབས་ཕྲེང་གིས་མཚོ་ངོགས་སུ་དཔར་བའི་ཁོ་ཚོའི་རྐང་རྗེས་དེ་དག་ཡང་ཡང་སུབ་བཞིན་འདུག ད་དུང་། ཨ་མ་སྒྲོལ་མ་འཚོས་སྒེའུ་ཁུང་ནས་ཕྱིར་ཅེར་ནས་འདུག་ཅིང་། ཨ་ཕ་བསོད་ནམས་ཐར་དང་བུ་མོ་མེ་ཏོག་འཚོ་གཉིས་ཀྱིས་གློག་བརྙན་ཞིག་ལ་ལྟ་བཞིན། མཚམས་རེར། ཆ་དི་རེར་གད་མོ་རེ་དགོད་བཞིན་འདུག །
28/08/2015