ཧི་མ་ལ་ཡའི་འཕྲུལ་སྨྱུག
ངུར་སྨྲིག་དྲང་སྲོང་བརྟུལ་ཞུགས་སྲོལ་འཛིན་ཅིང༌།།
ངུར་སྨྲིག་རྒྱལ་མཚན་འཆང་བ་འཕགས་ཡུལ་དུ།།
ངུར་སྨྲིག་ས་སྟེང་འགེངས་པའི་སྟོན་པ་མཆོག།།
ངུར་སྨྲིག་དེད་དཔོན་ཟས་གཙང་སྲས་དེར་བསྟོད།།
གང་ཞིག་འཁོར་བའི་རྒྱ་མཚོར་རྒལ་དཀའ་བར།།
བགྲོད་པའི་གྲུ་ཆེན་སྐྱབས་འགྲོ་སེམས་བསྐྱེད་མཆོག །
མ་ནོར་ཚུལ་བཞིན་སྟོན་མཁས་སེམས་དཔའ་ཆེ།།
མར་མེ་མཛད་དཔལ་ཨ་ཏི་ཤ་ལ་འདུད།།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་སྐྱབས་སེམས་ཀྱི་ཆོ་ག་ལ་གཉིས། དང་པོ། སྐྱབས་འགྲོ་ལ་གསུམ། དང་པོ། སྐྱབས་སུ་འགྲོ་བའི་ཡུལ་ངོས་བཟུང་བ་ལའང་གསུམ་ཡོད་པ་ལས། དང་པོ་ལ་གཉིས། དང་པོ། ཚིག་འགྲེལ་ནི། སངས་ཞེས་པ་སྐྱོན་སངས་པའམ། མུན་པ་སངས་པ། དྲི་མ་སངས་པ་སྟེ། གདོད་མ་ནས་གྲུབ་པ་ཞིག་མེད་ཀྱང༌། རྐྱེན་གླུ་བུར་བ་ལས་བྱུང་བའི་ཉེས་པའི་སྒྲིབ་གཡོག་དང་བྲལ་བ་དེ་ནི། ཕར་སེལ་ཞིང་དག་པའམ། སྤངས་ཤིང་མི་མངོན་པར་གྱུར་པའི་དོན་ལ་གོ་ཞིང༌། རྒྱས་ཞེས་པ་ལུས་རྒྱས་པས་སྟོབས་ཕེལ་བ་དང༌། རྣམ་དཔྱོད་རྒྱས་པའམ་ཡར་རྒྱས་སུ་སོང་བ། ཡོན་ཏན་རྒྱས་པའམ་གོང་ཐོར་ཕྱིན་པ་སྟེ། ཚུར་སྒྲུབ་པའམ་བྱུང་བ་དང༌། ཆུབ་པའམ་ཁོང་དུ་ཆུད་པའི་དོན་ལ་གོ་བ་ཡིན་ནོ།།
གཉིས་པ། དོན་འགྲེལ་ནི། བུདྡྷཿ་ཞེས་པ་ནི་(སངས་རྒྱས་)ཡིན་ལ། དེ་ལ་དབྱེ་ན་སྐུ་གསུམ་ལས། ཡེ་ཤེས་ཀྱི་མཁྱེན་ཆ་མ་འགག་པ་ཆོས་སྐུ། མཚན་དཔེས་བརྒྱན་པའི་རང་སྣང་ལོང་སྐུ། གང་འདུལ་གྱི་གདུལ་བྱར་སྣང་བ་སྤྲུལ་སྐུའི་ཡོན་ཏན་དང་ལྡན་པའོ།།
གཉིས་པ་ལ་གཉིས། དང་པོ། ཚིག་འགྲེལ་ནི། ཆོས་ཞེས་པ་དེ་སྐུལ་ཚིག་ཡིན་པས། འདས་པ་དང་མ་འོངས་པར་བཅོས། ད་ལྟ་བར་འཆོས་ཏེ་སྐྱོན་བཅོས་པ་དང༌། རྙིང་པ་གསར་དུ་བཟོ་བ། སྔོན་གྱི་དེ་ལས་འགྱུར་བ་བཏང་བ་ལྟ་བུ་ལ་གོ་དགོས་ལ།།
གཉིས་པ། དོན་འགྲེལ་ནི། (ཆོས་)ཞེས་པ་དྷརྨའི་སྒྲ་དོན་དེ་ནི། རང་གི་ངོ་བོ་འཛིན་པའི་དོན་ཡིན་པས། དྷརྨའམ་ཆོས་ཞེས་པ་འཇུག་ཚུལ་རྣམ་པ་བཅུ་ལ་འཇུག་པ་ལས། གསུང་རབ་ལུང་གི་ཆོས་ནི། རང་རྒྱུད་ཉོན་མོངས་པ་འདུལ་བ་འདུལ་བའི་སྡེ་སྣོད། ཚིག་མདོར་བསྡུས་ཤིང་དོན་སྡེ་ཚན་དུ་བཅད་པ་མདོ་སྡེའི་སྡེ་སྣོད། ཡིན་ལུགས་མངོན་དུ་རྟོགས་པའི་ཤེས་རབ་སྐྱེད་པ་མངོན་པའི་སྡེ་སྣོད་(དང་)། རྟོགས་པ་དམ་པའི་ཆོས་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་དེ་གསུམ་ཉམས་སུ་བླངས་པས། ལམ་ལྔ་ས་བཅུའི་སྤངས་རྟོགས་རྒྱུད་ལ་སྐྱེས་པའི་སྤངས་པ་ཕུན་ཚོོགས་པའི་ལམ་གྱི་བདེན་པ་དང༌། འགོག་པའི་བདེན་པ་རྣམས་སོ།།
གསུམ་པ་ལ་གཉིས། དང་པོ། ཚིག་འགྲེལ་ནི། དགེ་འདུན་ཞེས་པ་སྡིག་པའི་ལྡོག་ཕྱོགས་ལེགས་སྤྱད་དམ། བཟང་ཕྱོགས་ཀྱི་སྤྱོད་པ་སྟེ། རང་འབྲས་ཡིད་དུ་འོང་བ་འབྱིན་བྱེད་ཡིན་པའི་ཆ་ནས་རྣམ་སྨིན་ལུང་དུ་བསྟན་པའི་ཆོས་ལ། འདུན་པ་རྩེ་གཅིག་ཏུ་གནས་པའི་གང་ཟག་རྣམས་ལ་གོ་དགོས་ཤིང༌།
གཉིས་པ། དོན་འགྲེལ་ནི། སཾགྷཿཞེས་པ་སྒྲིབ་གཉིས་སྤོང་བ་ལ་ཞུགས་པའི་སློབ་པ་ལམ་པའི་དགེ་སློང་བཞི་སྡེ་ཡན་ཆད་དམ། ཡང་ན་ལུང་རྟོགས་ཀྱི་ཡོན་ཏན་དུ་མ་(ཚོགས་)པ་རྣམས་(ཀྱི་)ནང་ནས་(མཆོག་)ཏུ་གྱུར་པ་བྱང་སེམས་ཕྱིར་མི་ལྡོག་པའི་དགེ་འདུན་(རྣམས་)ཡིན་ཏེ། ཤེས་རབ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པས་འཁོར་བར་མི་ལྡོག་ཅིང༌། སྙིང་རྗེས་འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་བརྩེ་བས་ཞི་བའི་མཐར་མི་ལྟུང་བར་ས་བཅུ་ན་བཞུགས་པ་རྣམས་ཡིན་(ལ)།།
གཉིས་པ། སྐྱབས་སུ་འགྲོ་བའི་དུས་ནི། (བྱང་)བྱ་སྒྲིབ་གཉིས་བག་ཆགས་མ་ལུས་པ་བྱང་ཞིང༌། (ཆུབ་)བྱ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཇི་ལྟ་བ་བཞིན་མ་ཆུབ་ཀྱི་(བར་དུ་)ཞེས་པའི་སྐབས་སུ་ཐེག་ཆེན་སྐྱབས་འགྲོ་ཁྱད་པར་གསུམ་ལྡན་ཏེ། ཡུལ་གྱི་ཁྱད་པར། ཉན་ཐོས་ཐེག་པར། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ཞེས་པས། སྤྲུལ་སྐུ་དང༌། ཆོས་སྐུ་གཉིས་ཀྱང་མྱ་ངན་ལས་འདས་ནས་འགྲོ་དོན་རྒྱུན་ཆད་པར་འདོད་ལ། བྱང་སེམས་ཀྱི་ཐེག་པར་ནི། གདུལ་བྱ་ཐུན་མོང་བའི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ། འགྲོ་བ་འདུལ་བའི་སྐུའི་རྣམ་པར་སྤྲུལ་པ་སྤྲུལ་པའི་སྐུ་དང༌། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱ་བྱང་སེམས་འཕགས་པར་སྣང་བའི་སྤྲུལ་སྐུའི་འཆར་གཞིར་གྱུར་པ་མཚན་དཔེས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། རང་དོན་དུ་སྤང་རྟོགས་མཐར་ཕྱིན་པའི་འབྲས་བུ་ཟག་མེད་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་ཆོས་ཀྱི་སྐུ་སྟེ། སྐུ་གསུམ་གྱིས་འགྲོ་དོན་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་གནས་པ་ལ། སངས་རྒྱས་དཀོན་མཆོག་ཏུ་འདོད་དོ།།
ཉན་ཐོས་ཐེག་པར། ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ཞེས་པས། འགོག་པ་མྱ་ངན་ལས་འདས་པ་ཕྱོགས་གཅིག་ཁོ་ན་ལ་འདོད་ཀྱང༌། བྱང་སེམས་ཀྱི་ཐེག་པར་ནི། སྲིད་པ་འཁོར་བའི་མཐའ་དང༌། ཞི་བ་མྱང་འདས་ཀྱི་མཐའ་གཉིས་ལ་མི་གནས་པར་ཡོངས་སུ་མྱ་ངན་ལས་འདས་པ་ལ། ཆོས་དཀོན་མཆོག་ཏུ་བཞེད་དོ།།
ཉན་ཐོས་ཐེག་པར། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ཞེས་པས། ཉན་རང་གི་འབྲས་གནས་བཞི་པོ་རྣམས་ཡིན་པར་བཞེད་ཀྱང༌། བྱང་སེམས་ཀྱི་ཐེག་པར་ནི། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ས་བཅུ་ལ་གནས་པ་རྣམས། དགེ་འདུན་དཀོན་མཆོག་ཡིན་པར་འཛིན་ནོ།།
དུས་ཀྱི་ཁྱད་པར། ཉན་ཐོས་པས། རང་ཉིད་གནས་སྐབས་ཇི་སྲིད་འཚོ་བའི་བར་རམ། མཐར་ཐུག་ཉན་རང་གི་འབྲས་བུ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཡང༌།
ཐེག་ཆེན་པས། སེམས་ཅན་ཐམས་ཅད་མཐར་ཐུག་མི་གནས་པའི་མྱ་ངན་ལས་པ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོའོ།།
བསམ་པའི་ཁྱད་པར། ཉན་ཐོས་པས་རང་ཉིད་འཁོར་བའི་སྡུག་བསྔལ་ལས་མཐར་འདོད་ངེས་འབྱུང་གི་བསམ་པས་སྐྱབས་སུ་འགྲོ་ལ། ཐེག་ཆེན་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བསམ་པས་སྐྱབས་སུ་འགྲོ་བའོ།།
གསུམ་པ། སྐྱབས་སུ་འགྲོ་བ་དངོས་ནི། (བདག་ནི་)ཞེས་པ་དེ་ཡང༌། རྟེན་འབྱུང་མིང་རྐྱང་བཏགས་ཡོད་ཙམ་ཡིན་པར་ངེས་ཤེས་བརྟན་པོའི་སྟེང་ནས་(སྐྱབས་སུ་མཆི་)ཞེས་པའི་ཚེ། རང་གི་མདུན་དུ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་རྒྱལ་བ་སྲས་དང་བཅས་པ་ལུང་རྟོགས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མངའ་བ་རྣམས་ལ། ལུས་ངག་ཡིད་གསུམ་གྱིས་སྒོ་ནས་སྐྱབས་སུ་འགྲོ་བར་དམ་བཅའ་བའོ།།
གཉིས་པ། སེམས་བསྐྱེད་པ་ལ་གཉིས། དང་པོ། རྒྱུ་བསོད་ནམས་ལ་དམིགས་པ་ནི། དགེ་བའི་རྩ་བ་ཐམས་ཅད་བསོད་ནམས་སུ་བྱ་བའི་དངོས་པོ་གསུམ་དུ་འདུ་སྟེ། རིགས་པའི་དཔྱད་ངོར་རང་བཞིན་གྱི་མ་གྲུབ་ཀྱང༌། ཀུན་རྫོབ་ཏུ་ཕུང་པོ་ལྔའི་ཚོགས་དོན་ལ་བཏགས་པའི་(བདག་གིས་སྦྱིན་)པ་ལས་བྱུང་བའི་དང༌། (སོགས་)ཁོངས་སུ་ཚུལ་ཁྲིམས་ལས་བྱུང་བ། བསྒོམ་པ་ལས་བྱུང་བའི་བསོད་ནམས་(བགྱིས་པ་འདི་དག་གིས་)ནང་དུ་བཟོད་པ་དང༌། བསམ་གཏན། ཤེས་རབ་གསུམ་སྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་ཡིན་ལ། བརྩོན་འགྲུས་ནི་ཀུན་གྱི་གྲོགས་སོ། །ཕར་ཕྱིན་དེ་དག་ཀྱང་སེམས་ལ་བརྟེན་པ་ཡིན་ཏེ། དངོས་པོ་རྣམས་སོ་སོར་གཏོང་བ་ནི་སྦྱིན་པ། སྤོང་སེམས་ཁྱད་པར་ཅན་ནི་ཚུལ་ཁྲིམས། མི་འཁྲུགས་པའི་སེམས་ནི་བཟོད་པ། དགེ་བ་ལ་སྤྲོ་སེམས་ཁྱད་པར་ཅན་ནི་བརྩོན་འགྲུས། མ་ཡེངས་པར་རྩེ་གཅིག་ཏུ་གནས་པ་ནི་བསམ་གཏན། ཆོས་དང་ཆོས་མ་ཡིན་རྣམ་པར་འབྱེད་པའི་སེམས་ནི་ཤེས་རབ་བོ།།
གཉིས་པ། འབྲས་བུ་རྫོགས་བྱང་དུ་སྨོན་པ་ནི། (འགྲོ་)བ་ནམ་མཁའི་མཐའ་དང་མཉམ་པའི་སེམ་ཅན་ཐམས་ཅད་(ལ་ཕན་)པའི་(ཕྱིར་)དུ་ཞེས་པ། གང་གི་ཆེད་དུ་བྱེད་པ་སྙིང་རྗེས་སེམས་ཅན་ལ་དམིགས་པ་ཡིན་ལ། བྲལ་སྨིན་གྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་མངའ་ཟིན་པའི་(སངས་རྒྱས་)ཇི་ལྟ་བ་བཞིན་དུ་(འགྲུབ་པར་ཤོག) །ཅེས་བརྗོད་པ་ནི། གང་གི་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་མདུན་པ་དང་བཅས་པའོ།།
འཇུག་སྒོ་གཉིས་ཀྱི་གདམས་པའི་ཟབ་གསང་གནད།།
མ་ནོར་འགྲེལ་ཁུལ་རློམ་པ་བདག་འདྲ་བས།།
ཚིག་དོན་འགལ་ཁྲུལ་ནོངས་སོགས་ཅི་མཆིས་ཀུན།།
མཁྱེན་དཔྱོད་སྤྱན་ལྡན་ཚོགས་རྣམས་བཟོད་པར་གསོལ།།
འཇིངས་ཟབ་སྲིད་པའི་རྒྱ་མཚོ་སྐེམ་བྱེད་པའི།།
སྐྱབས་འགྲོ་སེམས་བསྐྱེད་དུས་མཐའ་སྐལ་བའི་མེས།།
སྡུག་བསྔལ་རྩད་ནས་གཞོམ་པའི་རྒྱལ་བའི་སར།།
ཆབས་ཅིག་འདོད་མའི་སངས་རྒྱས་མངོན་འགྱུར་ཤོག།།
ཅེས་པ་འདི་ནི། དཔལ་མཉམ་མེད་མར་པ་བཀའ་བརྒྱུད་པའི་བསྟན་ཞབས་སུ་གཏོགས་པ་རཏྣ་ཤུཀརས། བལ་ཡུལ་གྱི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བྲིས་པའོ།། །།
སངས་རྒྱས་སྐྱབས་ནི་སྟོན་པ་པོ། །
ཆོས་ནི་སྐྱབས་དངོས་ཡིན་པ་དང་། །
དགེ་འདུན་གྲོགས་ཀྱི་ཚུལ་གྱིས་སྐྱབས། །
སྐྱབས་ཡུལ་དཀོན་མཆོག་གསུམ་གྱིས་སྐྱོབས། །
ལམ་ལོག་པ་ལས་སྐྱབས་འགྲོ་དང་། །
ལམ་དམན་པ་ལས་སེམས་བསྐྱེད་གཉིས། །
ཉིན་རེར་ཚར་གསུམ་འདོན་ཐུབ་ན། །
འདི་ཕྱིའི་མི་ཚེ་དོན་ལྡན་འགྱུར། །