ཆབ་མདོ་ངག་ཕུན།
——“སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་དྲུག་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།”
མགོན་པོ་ཁྱེད་ཀྱི་ཡོན་ཏན་ནི།།
བདག་འདྲའི་བརྗོད་པར་ག་ལ་ནུས།།
འོན་ཀྱང་བསོད་ནམས་བསགས་པའི་སླད།།
ཆུ་ཐིགས་ཙམ་ཞིག་བརྗོད་པར་བྱ།།
ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱི།།
གངས་ལྗོངས་ཆོས་རིག་མི་ཉམས་སླད།།
མཛད་པ་བླ་མེད་བསྐྱངས་པ་ལ།།
རྗེ་བཙུན་བླ་མ་ཨེ་མ་རྨད།།
མི་ཚེ་ཕལ་ཆེར་གཞན་དོན་མཛད།།
ཉེ་རིང་ཆགས་སྡང་ཡོངས་སུ་འདོར།།
རྩ་བའི་བླ་མ་གཙུག་ཏུ་བཀུར།།
རྗེ་བཙུན་བླ་མ་ཨེ་མ་རྨད།།
གཞུང་ལུགས་ཕྲ་མོ་ཁོང་དུ་ཆུད།།
ལུང་རིགས་འཆད་ཁྲིད་མཛད་པར་བསྐྱངས།།
མཁས་རྣམས་ཡིད་ཀྱི་དབང་པོ་འཕྲོག།
འཁྲུངས་སྐར་དགའ་སྟོན་ཨེ་མ་རྨད།།
ཚེ་སྟོད་རིག་པའི་གནས་ལ་བརྩོན།།
བར་མ་བསྟན་སྲིད་མཛད་འགན་བཞེས།།
མཐའ་མ་གཞུང་ལུགས་འཆད་ཁྲིད་མཛད།། འཁྲུངས་སྐར་དགའ་སྟོན་ཨེ་མ་རྨད།།
སྙིགས་དུས་མི་རྣམས་གཏམ་ལ་དགའ།།
བྱས་རབས་འཇོན་རབས་འབྲུག་ལྟར་སྒྲོག།
མགོན་ཁྱེད་དེ་ལས་ཡོངས་སུ་ལྡོག།
མཚན་དང་སྙན་གྲགས་རྩ་ལྟར་འདོར།།
ཕྲག་དོག་ཅན་གྱི་སྐྱེ་བོ་འགས།།
ཁྱེད་ལ་གཞི་མེད་སྐྱོན་བརྗོད་ཀྱང་།།
ཉམས་སྣང་མེད་ཅིང་རང་ཚུགས་བརྟན།།
རྗེ་བཙུན་བླ་མ་ཨེ་མ་རྨད།།
སྔོན་གྱི་མི་སྣ་འགའ་ཤས་ཀྱིས།།
བྱེད་སྟངས་ནོར་བའི་དམར་རྗེན་གསུངས།།
མྱི་རྒན་འགའ་ཤས་མ་དགའ་ནས།།
དགག་བཞག་བྱས་ཀྱང་གད་མོའི་རྒྱུ།།
བཀའ་དྲིན་ཅན་གྱི་སྟོན་སྐུ་ལ།།
བྱིས་པའི་ལག་རྩེད་རྩེ་པ་ལྟར།།
རྗེ་བཙུན་བླ་མ་ཁྱེད་ཉིད་ལ།།
དགག་ཁུལ་བྱེད་པ་དེ་དང་མཚུངས།།
གངས་ལྗོངས་མི་རིགས་བདེན་དོན་སླད།།
སྐུ་ངལ་ག་ཚད་བསྐྱོན་མིན་དེ།།
གངས་ལྗོངས་མི་དམངས་ཐམས་ཅད་ཀྱིས།།
མེ་ལོང་ནང་ལ་བལྟས་ལྟར་ཤེས།།
མགོན་ཁྱེད་ལྷག་བསམ་སྙིང་སྟོབས་ལ།།
གངས་ཅན་ཙམ་མིན་ཕྱི་མི་ཡིས།།
བསྔགས་བརྗོད་མེ་ཏོག་ཡོངས་སུ་གཏོར།།
རྗེ་བཙུན་བླ་མ་ཁྱེད་ཉིད་བསྟོད།།
སྐྱབས་རྗེ་ཟམ་གདོང་བླ་མ་ཡི།།
ཐུགས་རྗེའི་བཀའ་དྲིན་བླ་མེད་ལས།།
གངས་ལྗོངས་རིག་པའི་གཞུང་ལུགས་འདི།།
མི་ཉམས་སྲིད་ཇུས་མཛད་པར་རྨད།།
མགོན་པོའི་བཀའ་སློབ་རེ་རེ་ནས།།
ལེགས་བཤད་སྦྲང་ཆར་ཟེམས་མ་བབས།།
རིན་ཆེན་ས་གཞི་ཆེན་པོའི་སྟེང་།།
ལོ་ཡག་སྙེ་མ་རབ་ཏུ་རྒྱས།།
རྗེ་བཙུན་བླ་མ་རིན་པོ་ཆེ།།
བདག་ཅག་ཐུགས་བརྩེའི་རྗེས་བཟུང་ནས།།
འགྲོ་བའི་རིགས་དྲུག་སེམས་ཅན་ཀུན།།
མ་རིག་རྨོངས་གཉིད་ལས་གྲོལ་ཤོག།།
༸རྒྱལ་བ་སྐུ་ཚེ་ཡུན་བརྟན་ནས།།
འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
གངས་ལྗོངས་རང་དབང་མྱུར་ཐོབ་ནས།།
བདེ་སྐྱིད་གསར་པ་མྱུར་ཤར་ཤོག།།
ཅེས་པ་འདི་ནི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་དྲུག་ལ་ཕེབས་པའི་འཁྲུངས་སྐར་གྱི་དགའ་སྟོན་ལ་སྨོན་ཚིག་ཏུ་གཤམ་མར་དུ་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་༢༠༡༥/༡༡/༥ ལ་བྲིས་པའོ།