རྔ་བཟའ་བདེ་པོ་འཚོ།
སྟོན་མཇུག་གི་ལོ་མ་དག་རླུང་བུས་ཕར་བསྒྲིལ་ཚུར་བསྒྲིལ་བྱས་དུས། དེ་དག་རླུང་ནག་འཚུབ་མ་ཞིག་གིས་བཙན་གྱིས་སྤུར་སོང་། བྲག་རྡོ་གད་པ་ལྟ་བུའི་འབྲུག་སྐད་དང་གློག་འགྱུ་དང་འགྲོགས་པའི་དྲག་ཆར་བཅས་ཀྱིས་གནམ་ས་གཉིས་དུས་གཅིག་ལ་བསྒུལ་སོང་། མཚམས་མེད་དུ་བབས་པའི་དྲག་ཆར་འདུ་ཡང་བྱིས་པ་རློན་པ་ཞིག་ཁྲོམ་ཁྲོམ་དུ་ངུས་པ་བཞིན་དྲག་ཏུ་བབས་དུས། ངས་གློ་བུར་དུ་ཁ་སང་གི་པར་རིས་དང་རླུང་གིས་ཁྱེར་ཡོང་བའི་གནས་ཚུལ་དེ་ཡིད་ལ་དྲན་བྱུང་།
ང་ཚོ་ཚང་མ་མི་ཞིག་ཡིན་པས། ང་ཚོ་ཚང་མས་བསམ་གཞིག་བྱ་ཞིང་། སྔ་འདང་ཕྱི་འདང་གི་ཨ་ལོང་ནང་ལ་ཚུད་འགྲོ་བ་ནི་ཐུན་མོང་གི་གཤིས་ལུགས་ཤིག་ཡིན་ལ། ལྷག་པར་དུ་མ་འོངས་པ་ཟེར་བའི་ལྗིག་ཏིག་ཏིག་གི་རྡོག་ཁྲེས་དེའི་འོག་ནས་སུ་ཡང་ཐར་མ་མྱོང་། མི་སུ་དང་སུ་ཡིན་ཡང་། དེའི་སླད་དུ་མི་ཚེའི་དུས་ཚོད་ཆེས་བཟང་ཤོས་ཏེ། གཞོན་ནུའི་ལང་ཚོ་དང་སྙིང་སྟོབས། ལུས་ཀྱི་ནུས་པ་ཡོད་ཚད་བཏོན་ནས་འབད་པ་བྱས་ཀྱང་། སུས་ཀྱང་རང་གི་སྐེ་ལ་འཆི་བདག་གི་ཞགས་པ་བསྲིངས་ཡོད་པ་མཐོང་གིན་མེད། ད་དུང་མ་འོངས་པའི་འོད་སྣང་ལ་རེ་སྒུག་དང་ཡིད་ཆེས་བྱས་ནས། མ་འོངས་པའི་འཚོ་བ་ཞིག་སྙེག་གིན་ཡོད། དེ་བཞིན། ང་ཚོས་རང་ཁྱིམ་བསྐྱུར་ནས་གཞན་ཡུལ་འགྲིམས་ཏེ་ལས་དབང་གི་བརྙས་བཅོས་དང་འགྲམ་ལྕགས་ལ་མགོ་བོ་བསྒུར་ནས་མ་འོངས་པ་ཞིག་ལ་རེ་སྙེག་བྱས་ནས་འགྲོ་བཞིན་ཡོད།
དེར་བརྟེན། དེ་རིང་གི་དྲག་ཆར་དང་བུ་ཡུག་ཁྲོད་ཀྱི་སྡོང་ལོ་སེར་པོ་བཞིན་ང་ཚོ་གཞན་གྱི་མནར་གཅོད་དྲག་ཆས་འོག་ནས་ཐར་མ་མྱོང་བས། ཕྱི་མའི་འཕྲང་ལ་ཕྱིན་ཟིན་པའི་རྡ་སའི་སྤུན་ཟླ་དེ་ཡང་ལམ་ཁ་འདི་བརྒྱུད་ནས་བཞུད་སོང་། ལྷོག་ལྷོག་ཏུ་འཕྱུར་བའི་ལམ་འགྲམ་གྱི་ཆུ་རྙོག་འདི་ནི། ཁ་སང་རྡ་སའི་སྲང་ལམ་ན་བཞུར་བའི་ཁྲག་གི་རྒྱུགས་ཆུ་དང་ཀུན་ནས་མཚུངས་ལ། ལང་ཚོ་དར་ལ་བབས་པའི་ན་གཞོན་ཁོང་ཉིད་ཀྱིས། རྦ་རླབས་བཞིན་འཕྱོ་བའི་ཕུགས་བསམ་ཞིག་སྙིང་ལ་བཅངས་ནས། ཤོག་དཀར་དང་སྨྱུ་གུ་ལག་ནས་ལྷོད་མ་མྱོང་ལ། དཔེ་དེབ་དང་ཁ་གཏན་ནས་འབྲལ་མྱོང་མེད་པའི་གཏམ་རྒྱུད་དེ་ནི་ཅི་འདྲའི་གཟི་བརྗིད་ཅིག་རེད་ཨང་།
ཡིན་ཡང་། ཁོང་གི་ཕུགས་བསམ་དེ་མངོན་འགྱུར་བྱུང་བའི་སྐལ་བ་སྟོང་བ་ནི་བློ་ཕམ་གྱི་གནས་ཤིག་ཅི་ལ་མིན། མ་གཞི་ནས། འུ་ཚང་གི་ལས་དབང་ལ། ན་གཞོན་མཁས་པ་དང་བླ་སྤྲུལ་རླབས་ཆེན་གྱི་རི་མོ་གཏན་ནས་བཀོད་མེད་པ་འདྲ། རྒྱུ་མཚན་ནི། དུས་ཡུན་་སྐད་ཅིག་ཙམ་ལ། བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་ཁ་བ་སྙིང་ལྕགས་དང་སྤྲོ་ཚིགས་ཆོས་གྲགས། དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་དམ་པ་འདི་ཉིད་བཅས། གློ་བུར་དུ་གཅིག་རྗེས་གཉིས་མཐུད་དུ་མེད་པར་གྱུར་པ་ནི། མི་གྲངས་ཉུང་ལ་མི་སྤུས་ཞན་པའི་འུ་ཅག་སྤྱི་མཚུངས་ཀྱི་གསབ་ཐབས་བྲལ་བའི་གྱོང་གུན་ཆེན་པོ་ཞིག་ག་ལ་མིན།
འདས་པའི་དུས་ན་ཡང་། རླབས་ཆེན་གྱི་སྐྱེས་བུ་མཁས་ཆེན་ཇི་སྙེད་ཅིག་བྱོན་ཡོད་ཀྱང་། འདི་ལྟར་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དུས་མིན་དུ་ནོར་བུ་ཐང་ལ་ཟགས་པ་བཞིན་ང་ཚོའི་ལག་ནས་ཤོར་བ་ནི། ལོ་རྒྱུས་ཀྱི་རྨ་ཁ་གསོ་ཐབས་མེད་པ་ཞིག་རེད། གལ་ཏེ་སྐབས་དེར་ཁོང་ཚོ་ཡང་མི་རབས་རྒན་པ་གཞན་ལྟར་འཚོ་བཞུགས་ཐུབ་ཡོད་ཚེ། ང་ཚོའི་གནས་སྟངས་གཞན་ཞིག་ཡིན་སྲིད།
ཨེ་མ། ་་་་་་།
2015/11/4 ཕྱི་དྲོར་དྲག་ཆར་གྱི་ཁྲོད་ནས་བྲིས།
ལྷིང་འཇགས་ཀྱི་མཚན་མོ་འདིར། ངས་འཇམ་ཐིང་ཐིང་ལྷུག་རྩོམ་སྙན་ངག་འདིའི་ངོ་གདོང་ལ་ལྟ་བཞིན། ཁ་སང་གི་ཉི་མ་རིར་ནུབ་དེ་བསྐྱར་དུ་དྲན་ནས། དྲན་ཚད་སྡུག་བསྔལ་ལྷང་ངེ་དང་། ཆོ་ངེ་སིང་ངེར་ལོག རེད་དེ། སྡུག་བསྔལ་དང་ཆོ་ངེ་ཟེར་བས་བདག་ལ་ངེས་འབྱུང་ཞིག་མ་སྦྱིན་ཡང་། སྤུན་ཟླའི་ཚེ་སྲོག་གི་སྨྱོ་ལས་བགྱིས་པར་མཐོང་བའི་སེམས་པ་དེ། ཧ་ཅང་གྲང་མོ་ཡིན་པ་ཤེས་སུ་བཅུག འོན་ཀྱང་། གནས་ལུགས་ཤིག་ཅི་འདྲའི་སྙིང་གི་ཉེ་སར་ཐོན་རུང་། བསྙས་བཅོས་ལ་རྒོལ་ལན་མི་ནུས་པའི་ཉམ་ཆུང་ཚོར་མཚོན་ན། རང་དབང་ནི་སྤྲང་བོ་ལ་ནོར་མེད་པ་དང་ཨ་ན་མ་ན་རེད། དེ་བས། དབང་མེད་དང་ཉམ་ཆུང་ཞེས་པའི་མིང་ཙམ་ཡང་། ང་ཚོའི་ཤ་རུས་སྟེང་མི་ལྷག་པར་སྨོན་ལམ་རྒྱག་གིན་ཡོད།
ལེགས།
ངའི་བསམ་པར་རྔ་བཟའ་ཟེར་མཁན་གྱི་སྔར་ལམ་ད་སོང་ལྟར། བསྟན་འཛིན་མགོན་པོ་དང་དཔལ་འབྱོར་ཀྲུ་ཞི། ཀླུ་གར་སྐྱབས་སོགས་ལ་དཔུང་བསྒྲིལ་གྱི་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པའི་དམིགས་ཡུལ་རེད་འདུག་ཨ་བསམ་སོང་ཡང་། ད་ཐེངས་ཨུ་ཙམ་འདུག
མོ་ནོར་བའི་ནོར་ངོ་ཤེས་ནི་དེ་འདྲ་མིན་ན་ཡང་། སྤུན་ཟླ་འདས་བོ་དེའི་སྐོར་ལ་བསམ་བློ་ཞིག་འཁོར་ཡོད་ཚོད་རེད།
བྱིས་བ་(རློན)་པ་ལ་ཁྲོམ་ཁྲོམ་དུ་འབབ་པ། དྲག་ཆར་གྱི་དཔེ་ལ་བཞག་ན་འབྱོར་བའི་མིག་ཆུ་ཞིག་མེད་པ་དེ་ཡང་ཤེས་མི་འདུག། རྐྱལ་སྟོང་མ་འདི་མགོ་སྟོང་མ་ཞིག་ཡང་ཡིན་སོད་ཀི། ཧ་ཧ་ཧ།
རྔ་བཟའ་ནི་མེ་དཔུང་གིས་བཏེགས་པའི་མར་མེ་ཞིག་ཡིན།
དྲག་ཆར་དང་རླུང་འཚུབ་ཁྲོད་ནམ་ཡང་གཟིམས་མི་སྲིད།
དྲང་བདེན་དང་དོན་དངོས་གཉིས་ཁེ་ཕན་ལ་བརྗེ་མི་སྲིད།
ཨ་མདོ་ལ་ཡོད་པའི་མ་འོངས་པའི་ལམ་ཁྲིད་པ་ཞིག་རེད།
རྔ་བཟའ་དྲུག་བཟའ་ཟར་བའི་བསམ་བློ་དང་ཀུན་སྤྱོད་གཉིས་འཆལ་སྤྱོད་ཅན་འདིས་བྱེད་སྟངས་ནི་རྒྱ་གར་སྐད་དུ་འཇཱེ་སི་ཐཱ་ལེ་མེ་ཁཱ་ད་ཧད་འཱོ་སི་ཐཱ་ལེ་མེ་ཐུའུ་ད་ཧཱད་ཟེར་བ་ལྟར། རང་གི་དྲིན་ཆེན་དང་རྒྱབ་མདུན་ངོ་མ་ཤེས་པར་བོད་ཁྱིམ་ལ་ངོ་ལོག་རྒྱག་མཁན་དེ་རེད།