ཆབ་བྲག་ལྷ་མོ་སྐྱབས།
སྔོན་གླེང་དག་དང་འབྲེལ་བའི་གསལ་འདེབས་འགའ།
ལས་རིགས་འདྲ་མིན་ཁྱིམ་ཚང་ཀུན་ལ་མཁོ།
འགལ་བ་ལྟག་སྤྲོད་ཁྱིམ་གཞི་འཐོར་བའི་གཞི།
རང་སྐྱོང་དགོས་ན་རང་བཙན་འདོར་དགོས་ལ།
ཕ་མ་ངན་ན་དེ་ཡང་འདོར་བར་རིགས།
མིའི་རིགས་ལ་སྲོག་ཆགས་གཞན་ལས་འགལ་བ་མང། འགལ་བ་ཆེ། འགལ་བ་དེ་ནི་བསམ་ཚུལ་དང་ལྟ་བ་མི་མཐུན་པའི་དབང་གིས་ཡོང་གིན་ཡོད། ལྟ་ཚུལ་དེ་རིགས་ལ་ནང་གསེས་ཧ་ཅང་མང་ཡང། བསམ་བློའི་ཆ་ནས་བཤད་ན། མ་འདོད་པའི་ལྟ་སྟངས། མ་ཤེས་པའི་ལྟ་སྟངས། ལོག་ཤེས་ཀྱི་ལྟ་སྟངས། འཁོན་སེམས་ཀྱི་ལྟ་སྟངས་རིགས་ནི་ལྟ་ཚུལ་ནོར་འཁྲུལ་ཅན་གྱི་རིགས་ཡིན་ལ། ཉེན་ཁ་ཅན་གྱི་རིགས་ཀྱང་ཡིན་ངེས།
མིའི་རིགས་ཀྱི་སྤྱི་ཚོགས་ནང་འདིར་འགལ་འདུ་མངས་དྲགས་མེད་ན་ཉུང་མེད། ང་ཚོ་རང་ལ་མཚོན་ན་ཡང། རྒྱལ་ཁབ་ཇི་ལྟར་ཐོར་ཚུལ་དང་སིལ་བུར་གནས་སྟངས། ས་སྐྱ་བ་ནས་དགའ་ལྡན་ཕོ་བྲང་བའི་བར་ལ་སྤྱིར་བོད་ཀྱི་བདག་དབང་སླར་གསོ་བྱས་ཀྱང་སོར་ཆུད་མ་ཐུབ་པའི་བྱུང་རབས་ཉོག་འཛིང་ཅན། རྒྱ་དམར་གྱི་དམག་དཔུང་གིས་བཙན་འཛུལ་བྱེད་དུས་ཀྱང་གཅིག་རྒྱབ་གཅིག་གནོན་གྱི་འགོག་སྲུང་མ་ཐུབ་པའི་བློ་ཕམ་འགྱོད་པའི་ངང་ཚུལ་མང་པོ། བཙན་བྱོལ་ལ་འབྱོར་ནས་ཀྱང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་མ་ཐུབ་པའི་སྐྱོན་དང་ནོར་འཁྲུལ་ཕྱོགས་གང་ས་ནས་བྱི་ལོང་ས་འབུར་བཞིན་བྱུང་དང་འབྱུང་བཞིན་པའི་འགལ་འདུ་རྣོ་ངར་ཅན་རྣམས་གསར་སྐྱེས་མང་པོ་ཞིག་གིས་ཚོར་ཐུབ་ཀྱིན་མེད། དེའི་དཔེ་མཚོན་གསལ་ཤོས་ཤིག་ནི་ལོ་སྔོན་མར་གྲོས་ཚོགས་ཀྱི་མཇུག་སྡོམ་རྒྱག་མ་ཐུབ་པའི་གནད་དོན་ཐད་ལ། དེ་ནི་མི་ཚང་གཉིས་ཀྱི་གནད་དོན་ཞིག་ལས་འགལ་འདུ་ཆེན་པོ་ཞིག་མིན་ཚུལ་བཤད་པ་ལྟ་བུ་རེད། དེ་ཡང་གཞོན་སྐྱེས་དྲག་གྲས་ཤིག་གིས་བཤད་པ་རེད། གལ་ཏེ་མི་ཚང་གཉིས་ཀྱི་གནད་དོན་ཁོ་ན་ཞིག་ཡིན་ན་དེ་ནི་ཐག་གཅོད་དཀའ་མོ་ཞིག་ཅི་ལ་ཡིན། དེ་ནི་མེ་ཆུ་ལྟ་བུའི་འགལ་འདུའི་རྒྱབ་ལྗོངས་དག་མ་མཐོང་བའི་རྟགས་གསལ་བོ་རེད།
ངས་ང་ཚོའི་སྤྱི་ཚོགས་ནང་ཁུལ་ལ་འགལ་འདུ་ཆེན་པོ་ཞིག་གི་རྨ་ཤུལ་སོས་མེད་པ་མཐོང་གིན་ཡོད་ལ། དེ་དག་ནི་ཟུར་ངོས་སྣ་ཚོགས་ནས་མངོན་གྱིན་པ་མཐོང་གིན་འདུག དེ་བས་འགལ་བ་འདི་རིགས་ནི་ཁྱིམ་ཚང་གཉིས་ཀྱི་རང་ཤེད་ངོམ་པ་ལྟ་བུའི་ཆུང་ཆུང་ཞིག་མིན་པར་མ་ཟད། རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་མ་འདྲ་བ་ཙམ་གྱི་གནད་དོན་ཞིག་ཀྱང་མིན་ཚུལ་སྤྱི་ཚོགས་ཁྲོད་ཟབ་ཞུགས་བྱས་ན་མ་གཏོགས་ཚོར་དཀའ།
ངས་བོད་ཀྱི་རང་བཙན་འཐབ་རྩོད་པ་ཚོར་བསྟོད་བསྔགས་ཀྱི་སྙན་ཚིག་ཀྱང་མི་ཉུང་བ་ཞིག་བྲིས་ཡོད། ད་དུང་ཡིན་ན་ཡང་བོད་ནང་གི་རང་བཙན་འཐབ་རྩོད་པ་དཔའ་རྒོད་རྣམ་པས་ང་ལ་ངར་ཤུགས་དང་སྤོབས་པ་སྐྱེད་ཀྱིན་འདུག མ་གཞི་ནས་བོད་ཀྱི་ལར་ཞེན་སྨྲ་མཁན་སུ་ཞིག་ཡིན་ཡང་ངས་མ་རབས་ཐ་ཆད་ཅིག་ཏུ་མཐོང་གིན་མེད། འོན་ཀྱང་ངའི་སྣང་ངོར་བསམ་མ་ཤེས་པའི་སྣང་ཚུལ་འཇིགས་སྣང་ཅན་ཞིག་འོང་གིན་འདུག
དབུ་མའི་ལམ་ཐོག་མར་ཁྱབ་བསྒྲགས་བྱེད་དུས་ནས་ཀྱང་མ་དགའ་བ་དང་མ་འདོད་པའི་རྣམ་འགྱུར་འདི་རིགས་ཐོན་པ་མ་ཟད་དེ་ཤུགས་ཆེར་སླེབས་པ་རེད། དེར་བརྟེན་༸གོང་ས་མཆོག་གི་ལམ་སྟོན་ལྟར་མི་དམངས་ཀྱིས་འོས་ཤོག་བླུགས་ནས་ཐག་གཅོད་བྱེད་དགོས་བྱུང་བ་རེད། སྐབས་དེར་གྲོས་ཚོགས་ནང་ཡང་སྤྱི་མོས་གཏན་འབེབས་བྱུང་བ་རེད། འོན་ཀྱང་མུ་མཐུད་དེ་འགལ་བ་དེ་སླར་ཡང་ཆེ་རུ་ཕྱིན་པས་ན་༸གོང་ས་མཆོག་གིས་ཀྱང་སླར་ཡང་ཉེ་ཆར་གྱི་དམིགས་བསལ་ཚོགས་ཆེན་དེ་སྐོང་དགོས་པའི་བཀའ་ཕེབས་པ་རེད། དབུ་མའི་ལམ་ལ་སྔར་བཞིན་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། འོན་ཀྱང་སྤྱི་ཚོགས་ཁྲོད་སྔར་བཞིན་ཡིད་ལ་སྐྲང་འབུར་ཅན་གྱི་རང་ལྟ་མཁྲེགས་འཛིན་པ་ཚོས་ལབ་གླེང་སྣ་ཚོགས་བྱས་པ་མ་ཟད་བསམ་ཡུལ་ལས་འདས་པ་ཞིག་ལ་བཀའ་ཟུར་རྣམ་པ་ཡང་ལྷན་ཚོགས་གནང་ནས་ད་ལྟའི་དབུ་མའི་ལམ་ཟེར་བ་འདི་༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་ཚུལ་སོགས་གླེང་སློང་བྱས་པ་མ་ཟད། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་་ཟེར་བ་སོགས་ཀྱི་གླེང་སློང་ཉེན་ཚབས་ཅན་བྱུང་བ་དང། ད་དུང་ཕྱི་ཚུལ་ནས་དོན་དག་ཆུང་ཚགས་ལྟ་བུའི་རྩོད་གཞི་ཞིག་གི་རྐྱེན་གྱིས་གྲོས་ཚོགས་མཇུག་འགྲིལ་མ་ཐུབ་པའི་སྔར་མེད་ཛ་དྲག་གི་གནས་སྟངས་ཤིག་ལ་སླེབས་པ་རེད། གལ་ཏེ་ཆབ་སྲིད་རང་གི་ལྟ་སྟངས་ཆ་ནས་དེ་འདྲ་ཞིག་བྱུང་ན་ཅིས་མ་ཆོག དེ་བས་ཐེངས་འདིར༸གོང་ས་མཆོག་གིས་སླར་ཡང་གྲོས་ཚོགས་རང་ལ་གསུང་འཕྲིན་ནན་མོ་དེ་གནང་དགོས་བྱུང་བ་རེད། དེའི་དགོངས་དོན་གོ་ལ་མ་གོ་ཁུལ་གྱི་རྣམ་འགྱུར་མང་པོ་ཐོན་པས་བཀའ་ཁྲི་མཆོག་གིས་སྙིང་ཁོང་གི་མཆི་མ་དང་ལྷན་དུ་དེ་ལ་སློབ་ཁྲིད་རང་བཞིན་གྱི་གསལ་བཤད་རིང་པོ་ཞིག་ཀྱང་གནང་དགོས་བྱུང་བ་རེད། འོན་ཀྱང་ད་དུང་ཡང་འགལ་འདུའི་སྐྲང་འབུར་འདི་ལས་སླ་བོར་དྲག་རྒྱུ་ཞིག་མིན་པ་འདྲ།
གོང་གསལ་གནས་ཚུལ་སོགས་ལ་རྒྱུས་ལོན་མེད་པར་རང་སྣང་ཁོ་ནས་ཆབ་སྲིད་སྨྲ་བ་དག་ནི། ཡུལ་དུས་གནས་བབ་མི་ཤེས་པའི་རང་རློམ་ཅན་གྱི་རིགས་རེད་ཟེར་གྱིན་ཡོད། དེ་ལ་དབུ་མའི་ལམ་དང་རང་བཙན་གྱི་ས་མཚམས་མེད། འོན་ཀྱང་ངས་རང་བཙན་གླེང་མཁན་མང་པོ་ཞིག་༸གོང་ས་མཆོག་གི་ཁ་གཏད་རྨོངས་རྒན་དག་གི་ལག་ཆར་འགྱུར་རྒྱུ་མིན་ནམ་སྙམ་ནས་བློ་འཚབ་འོང་གིན་འདུག
འགལ་བ་སེལ་ཐབས་ཡག་ཤོས་ནི་ཚང་མ་འཛོམས་ནས་སོ་སོའི་བསམ་ཚུལ་དང་ལྟ་བ་ཞིབ་གླེང་གིས་བརྡར་ཤ་གཅོད་རྒྱུ་དེ་རེད། དེ་ནི་དོན་ངོ་མའི་བློ་གྲོས་སྡུར་སྟངས་ཤིག་རེད། དེའི་འབྲས་བུར་ལམ་བཟང་ཤོས་ཤིག་རྙེད་རྒྱུ་དང། འཆམ་མཐུན་ཡོང་རྒྱུ། མ་མཐར་ཡང་འགལ་བ་ཆེ་རུ་མི་འགྲོ་བ་ཞིག་ཆགས་དགོས། འདི་ཡོང་ཐུབ་ན་དམངས་གཙོ་ཟེར་བ་ཞིག་ཡོད་པས་དགོས་དོན་ཡང་གྲུབ་པ་རེད། གལ་ཏེ་དེ་ལས་ལྡོག་པར་གྱུར་ན་དེ་ནི་ཅི་འདྲའི་འཇིགས་སུ་རུང་བའི་དམངས་གཙོ་ཞིག་རེད་ཨང།
སྤྱིར་ན་འགལ་བ་འདི་རིགས་ནི་མི་དམངས་ནང་ཁུལ་གྱི་འགལ་བར་གཏོགས་ནའང་། འགལ་རྐྱེན་གྲོགས་སུ་འཁྱེར་མི་ཐུབ་པའི་ང་ཚོའི་དམངས་གཙོར་མཚོན་ན་འདི་ནི་འགད་རྫས་ཤིག་ཏུ་མི་འགྱུར་བའི་ངེས་པའང་མེད། དེ་བས་བསམ་པ་རྣམ་དག་ཅན་ཚོས་ལག་པ་བྲང་ཁར་ཞོག་ལ་འདང་རེ་རྒྱོབ།
མདོར་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བའི་གནའ་མིའི་ཁ་དཔེ་འདིར་ང་ཚོས་ངོས་འཛིན་ཟབ་གསལ་ཞིག་ལེན་དགོས།
ང་ཡང་གཞོན་དུས་རང་རློམ་ཅན་ཞིག་ཡིན།
རང་གི་བསམ་ཚུལ་མཐའ་དག་བདེན་པར་རློམ།
ཉམས་མྱོང་གསོག་གིན་རང་ཉིད་ཆུང་བར་གྱུར།
རང་དང་སྤྱི་ཚོགས་གང་ཆེ་གསལ་བར་མཐོང།
བདེན་པའི་ཆ་རེ་རྙེད་ན་བྲང་ལ་སྦྱོར།
ཉེས་པའི་རྡུལ་རྣམས་རྐང་པའི་འོག་ལ་རྫིས།
དྲ་གྲོགས་སུ་ལ་ཡང་མ་དགའ་སྤུ་ཙམ་མེད།
འོན་ཀྱང་མི་མཐུན་མཐོང་ཚུལ་མུ་མཐུད་སྨྲ།
རྒན་ལྷ་མོ་སྐྱབས་ལགས།
ནང་བཀྲ་ཤིས་བ་ལ་སྤྱི་འཐུས་ལས་ཐོག་ཚོའི་ངོས་ནས་མཉམ་རུབ་ཀྱི་འགན་ཞིག་འཁྱེར་དགོས་ཀྱི་འདུག་གམ།
དགོས་ན། འགན་འཁྲི་ཇི་ལྟར་འཁྱེར་དགོས་ཀྱི་འདུག འདི་ལ་ལན་ཞིག་གནོངས་དང་། བཀའ་དྲིན་ཆེ།
རྒན་ལགས། ཐུགས་རྗེ་ཆེ། འདི་ནི་ང་ཚོའི་ལག་ཏུ་ཡོད་པའི་འགན་འཁྲི་ཞིག་ཡིན་མོད། ཕྱོགས་རས་བའི་བསམ་ཚུལ་ན་ནམ་ཞིག་གཏོར་རྒོལ་བྱེད་བསམ་གྱིས་ཧམ་སེམས་འཆང་མཁན་ཡང་གང་མང་ཞིག་ཡོད་ངེས། འདི་དག་གཏན་དུ་ལངས་རྒྱུ་མེད་པར་བཟོ་དགོས།