རྫ་ཚེ་རིང་བཀྲ་ཤིས།
(ལྷོ་འབྲོང་སྤྲུལ་ཨོ་རྒྱན་ཆེ་མཆོག་ནུས་ལྡན་རྡོ་རྗེ་རྗེས་དྲན་དུ་ཕུལ་བའི་གཏམ)
རང་བྱུང་ལྷན་ཅིག་སྐྱེས་པ་དོན་དམ་གྱི་ཆོས་ཉིད། །
རང་ཤར་རྩལ་གྱི་རིག་པ་འགག་མེད་ཀྱི་ལྷ་སྐུ། །
གང་འདུལ་དེར་སྣང་བླ་མ་ཨོ་རྒྱན་གྱི་སློབ་དཔོན། །
སྐྱབས་ཅིག་མ་ཧཱ་གུ་རུ་སྙིང་དབུས་ནས་དྲན་ནོ།།
བསྟན་ལ་སྟོན་པ་གཉིས་པ་ངེས་དོན་གྱི་ཤིང་རྟ། །
ཀླུ་སྒྲུབ་ཀླུ་ཡི་དབང་པོའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །
དམ་ཆོས་དགོངས་པ་གཅིག་པའི་མན་ངག་གི་སྲོལ་འཛིན། །
མཉམ་མེད་འབྲི་གུང་ཡབ་སྲས་སྙིང་དབུས་ནས་དྲན་ནོ། །
སྔོན་སྨོན་ལས་ཀྱི་འབྲེལ་བ་འབྲི་བསྟན་ལ་ཟབ་ཅིང་། །
མཚོ་སྐྱེས་ཟབ་གཏེར་བདུད་རྩིའི་ཐུགས་བཅུད་ཀྱི་བཏུང་བའི། །
རང་བྱུང་པདྨ་རྒྱལ་པོའི་ངེས་དོན་གྱི་རྒྱལ་ཚབ། །
འབྲོང་སྤྲུལ་ནུས་ལྡན་རྡོ་རྗེར་སྙིང་དབུས་ནས་འདུད་དོ། །
སྐྱེ་བ་སྐྱེ་བར་བསགས་པའི་ཚོགས་གཉིས་ཀྱི་གསེར་འོད། །
སྐུ་ན་ཆུང་ངུའི་དུས་ནས་ཕྱོགས་མེད་དུ་སྤྲོས་པས། །
རྩོད་མེད་འཕྲུལ་བྲལ་དམ་པའི་ཡང་སྲིད་ཀྱི་ངེས་པར། །
ཡེ་ཤེས་གཟིགས་པ་དག་པའི་ལུང་བསྟན་གྱིས་བསྟད་འདུག །
ཕུན་ཚོགས་རིགས་ཀྱི་ཆེ་བ་རཏ་གླིང་གི་དབོན་རྒྱུད། །
རྟེན་འབྲེལ་བབས་ཀྱི་མཚན་མ་ལྷན་སྐྱེས་སུ་ཆེ་བ། །
ཁྱེད་ཀྱི་གསང་གསུམ་མཛད་རྗེས་རི་མོ་ཡི་སྣང་བརྙན། །
ཕྱི་རབས་དུས་ཀྱི་མཐར་ཡང་ཉམས་མེད་དུ་གནས་འདུག །
ཆོས་ཉིད་ཆོས་མགོན་ཟུང་གི་ཆོས་མཐུན་གྱི་གཟིགས་པས། །
ཁྱོད་ཞབས་དཔལ་གྱི་ནོར་བུ་རྒྱལ་མཚན་ལ་བཀོད་པས། །
ཕྲིན་ལས་རྨད་དུ་བྱུང་བའི་རྟེན་འབྱུང་གི་སྒོ་བརྒྱ། །
འབད་མེད་ངང་གིས་ཕྱེས་པའི་གཏམ་རྒྱུད་ཅིག་བྲིས་འདུག །
སོ་ཐར་གསེར་གྱི་ས་གཞི་གཡོ་མེད་ཀྱི་ཕངས་པར།།
བྱང་སེམས་བསླབ་པའི་རི་དབང་ལྷུན་བརྗིད་ཀྱི་ཚོམ་བུ། །
རིམ་གཉིས་གསང་བ་སྔགས་ཀྱི་ཉི་ཟླ་ཡི་རྩེ་ཕྲན། །
སུམ་ལྡན་རྡོ་རྗེ་འཛིན་པ་དྭགས་བསྟན་གྱི་གསལ་བྱེད། །
གདམས་པའི་གཏེར་གྱུར་འཇམ་མགོན་མཁྱེན་ཀོང་གི་ཞལ་སློབ། །
འབྲི་གུང་སྐྱབས་མགོན་ཟུང་དང་ལྷོ་མགར་གྱི་ཐུགས་སྲས། །
རེས་མེད་གདམས་པ་སྟོང་གི་ཉིང་བཅུད་ལ་དབང་བའི། །
ཡོངས་རྫོགས་བསྟན་པའི་གསལ་བྱེད་མཚན་ལྡན་གྱི་བླ་མ། །
སྔོན་ཚེ་པད་འབྱུང་བི་མ་བོད་ཡུལ་ན་ཕེབས་སྐབས། །
མགོན་ཁྱེད་ཉང་བན་ཏིང་འཛིན་བཟང་པོ་འཁྲུངས་ཏེ། །
ཟབ་མོ་གཏེར་གྱི་གཏད་རྒྱ་སྙིང་དབུས་སུ་ཐོབ་པ། །
དུས་ཀྱི་མཐའ་དེར་པདྨའི་བཀའ་ལུང་བཞིན་བཞེས་ཡོད། །
བཀའ་རྒྱའི་ལུང་རྫོགས་གཏད་རྒྱ་དུས་ཐོག་ཏུ་ཁྲོལ་ཏེ། །
བཀའ་གཏེར་དག་སྣང་ཡང་གཏེར་རྗེས་དྲན་གྱིས་མཚོན་པའི། །
བཀའ་བབས་རིན་ཆེན་བདུན་གྱི་གསང་མཛོད་ལ་སྤྱོད་སྐབས། །
ས་ཆེན་དགེ་བའི་མེ་ཏོག་བར་མེད་དུ་བཞད་ཡོད། །
ཡོངས་རྫོགས་བསྟན་ལ་དད་པའི་ཕྱོགས་མེད་ཀྱི་བློ་གྲོས། །
སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དཀྱིལ་དབྱིངས་ནས་སད་དེ། །
ཆོས་ཀུན་གདམས་པར་ཤར་བའི་བློ་བྲལ་གྱི་རྒྱལ་སར། །
རྒོད་པོ་བྲག་ལ་རྟེན་པའི་ངང་ཚུལ་གྱིས་མཛེས་ཡོད། །
མཁས་གྲུབ་དམ་པ་དག་ཀྱང་སློབ་མ་རུ་འདུས་ཡོད། །
ཆེ་རྒུའི་རལ་པའི་གདན་ལ་སྙེངས་བྲལ་གྱིས་འགྱིངས་ཡོད། །
བཤད་སྒྲུབ་འཁོར་ལོ་གསུམ་གྱི་མངའ་ཐང་གི་ཁྲོད་ན། །
ཁྱེད་ཉིད་མཚུངས་པ་མེད་པའི་རྒྱལ་སྲིད་ལ་དབང་ཡོད། །
མི་ཡི་ཡུལ་ལ་བསྐྱངས་པའི་མཛད་པ་ཡི་ཡོ་ལངས། །
མི་མིན་མཁའ་འགྲོ་འཁྲེན་པའི་བདག་རྐྱེན་དུ་གྱུར་ཏམ། །
དབྱིངས་ཀྱི་དར་ལམ་བསྐྱངས་པའི་སྐུལ་མ་ཡི་ངོ་ལ། །
འཇའ་དང་འོད་ཀྱི་ཀློང་ནས་དར་ལམ་ལ་བཞུད་སྐད། །
རྗེ་ཉིད་མ་བཞུགས་དག་པའི་ཞིང་ཁམས་སུ་ཕེབས་ཏེ། །
བགྲང་བྱའི་ཉག་མ་བརྒྱ་དང་བཅུ་གསུམ་ལ་ཕེབས་ཀྱང་། །
གང་ཉིད་ཡིད་ལ་གཅགས་པའི་དད་འབངས་ཀྱི་སེམས་སུ། །
མཛད་པའི་རྣམ་ཐར་རྡོ་ལ་རི་མོ་བཞིན་གསལ་ཡོད། །
ཐུགས་རྗེ་ཉེ་རིང་མེད་པ་ཨོ་རྒྱན་གྱི་རྒྱལ་ཚབ། །
བྱིན་རླབས་འདོད་དགུ་སྩོལ་མཛད་འབྲི་བསྟན་གྱི་ཀ་ཆེན། །
འབྲོང་སྤྲུལ་ཨོ་རྒྱན་ཆེ་མཆོག་ནུས་ལྡན་གྱི་རྡོ་རྗེ། །
གར་བཞུགས་དག་པའི་དབྱིངས་ནས་བདག་ཅག་ལ་གཟིགས་ཤིག །
མདོ་སྟོད་ལྷོ་ཟླ་ངང་མའི་ཤོད་ཆེན་གྱི་ས་རྟགས། །
གསེར་གྱི་ཀ་བ་ལྟ་བུའི་རླབས་ཆེན་གྱི་མེས་པོ། །
མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་གྱི་བཤེགས་ཤུལ། །
ཕྱི་རབས་དྲན་པའི་ངོགས་ན་ཡལ་མེད་དུ་གནས་ཡོད། །
ཞེས་པ་འདིའང། འགྲོ་བའི་མགོན་པ་དཔལ་འབྲི་གུང་པ་ཡབ་སྲས་བརྒྱུད་པ་དང་བཅས་པ་ལ་ལྷག་ཏུ་དད་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲིས་ཀྱིས།དཔལ་མཉམ་མེད་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་ཅིང་།ལྷོ་འབྲོང་སྤྲུལ་རིན་པོ་ཆེ་སྐུའི་ཕྲེང་བ་དག་དང་ཐུན་མིན་ལས་འཕྲོའི་འབྲེལ་བའི་ཆོས་གྲོགས་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་བསྐུལ་མ་གནང་བ་ལས་ཅུང་ཕྱི་འགྱངས་སོང་བར། ད་ནང་ཞོགས་པ་འཕྲིན་ཕྲན་བརྒྱུད་ཁོང་གིས་སླར་ཡང་བཀའ་བཙན་བྱུང་བས་དེ་མ་ཐག་འཕྲལ་གྲུབ་པ་བྱ་རྒྱུར་ཁས་བླངས་ཏེ། སྤྱི་ལོ་༢༠༡༥ཟླ་༡༡ཚེས་༡༠དགུང་མོ་འཕྱི་བོར་རྡ་རམ་ས་ལའི་མགྲོན་ཁང་ཞིག་ཏུ་ཤར་མར་བྲིས། །