གཙང་པ་བཀྲ་སྟོབས།
ལེ་བར་ཁྲི་ཡིས་བཅད་པའི་ས་ཆ་ན། །
ང་ཡི་ཟླ་བ་སྒྲོལ་མ་འཛུམ་ནས་ཡོད། །
དུང་ཟླ་ཤར་བའི་མཚན་མོའི་དཀྱིལ་འཁོར་ན། །
ང་ཡི་དུང་བའི་འཕྲིན་པ་ཁྱེད་ལ་བསྐུར། །
བརྩེ་སེམས་རྡོ་རྗེའི་མདུད་པ་དམ་དུ་འཐེན། །
རེ་བ་བྲག་རིའི་ལྷུན་པོ་སྙིང་ལ་འཆང་། །
ལས་དང་སྨོན་ལམ་བཟང་པོའི་མཐུ་སྟོབས་ཀྱིས། །
ང་དང་ཁྱེད་ལ་གཏན་དུ་ལམ་ཞིག་སྩོལ། །
སེམས་པས་སེམས་པ་བརྟན་པོ་འཛིན་བཞིན་དུ། །
ལག་ནང་ལག་པས་རྒྱུན་དུ་བཟུང་བ་དང་། །
ལམ་ལ་སྐྱིད་སྡུག་ཅི་ཞིག་འཕྲད་རུང་ཆོག །
ངེད་གཉིས་མི་འབྲལ་ནམ་ཡང་མཉམ་དུ་འགྲོ ། །
ཁྱེད་རང་སྐྱོ་དུས་ང་ཡིས་མིག་ཆུ་གཏོང་། །
ང་རང་སྡུག་དུས་ཁྱོས་ཀྱང་ན་ཟུག་འཐེན། །
སེམས་དང་སེམས་པ་ལུས་དང་ལུས་གཉིས་ཀ། །
གཅིག་ལ་གཅིག་བརྟེན་གཅིག་ལ་གཅིག་མཁོ་བྱེད། །
འཇིག་རྟེན་འདི་ལ་སྐྱིད་སྡུག་སྣ་ཚོགས་ཡོད། །
འཁོར་བ་འདི་ལ་འཕེལ་འགྲིབ་དེ་ལས་མང་། །
འཚོ་བ་འདི་ལའང་མངར་སྐྱུར་ཅི་རིགས་ཡོད། །
འོན་ཀྱང་སེམས་གཉིས་འཐད་ན་ཅི་ཡང་སླ། །
རྒྱུ་ཆེན་ཕྱུག་བདག་ཟེར་བའི་མི་དེ་མིན། །
ཤོམ་ཆེན་སྟག་ཤར་ཞེས་པའི་རླབས་ཀྱང་མེད། །
བློ་རིག་རྣམ་པར་བཀྲ་བའི་ཤེས་རབ་མེད ། །
མེད་ཀྱང་ཁྱེད་རང་ཡོད་ན་དེ་གས་འགྲིག །
དགའ་བ་འདི་ནི་དྭངས་མ་དྭངས་མ་ཞིག །
བརྩེ་བ་འདིའང་ལྷད་མེད་ལྷད་མེད་ཅིག །
རེ་བ་འདི་ནི་གཙང་མ་གཙང་མ་ཞིག །
སྐད་ཆ་འདི་ཡང་དྲང་མོ་དྲང་མོ་ཡིན།
ཁྱེད་ཀྱི་ཁོག་ཏུ་རྡོག་རྡོག་མཁྲེགས་པོ་དང་། །
ང་ཡི་སྙིང་གི་ན་ཟུག་ལྗིད་པོ་གཉིས། །
ཅི་ཡང་མིན་པར་རིམ་བཞིན་ཡལ་འགྲོ་བའི། །
སེམས་ནད་སེམས་ཀྱིས་གསོ་བ་ཤེས་པར་ཤོག །
ང་རང་སྐྱིད་སའི་རི་ལུང་ཐང་གསུམ་དང་། །
ང་རང་དགའ་སའི་རྟ་ནོར་ལུག་གསུམ་བཅས། །
བྱིས་དུས་འཁོར་སའི་གནས་དང་གནས་ཅན་ཀུན། །
ཁྱེད་རང་གཅིག་པུས་འཐུས་པས་ཉམས་རེ་དགའ། །
གསོན་པོོའི་ལུས་ལ་གསོན་པའི་སེམས་ཤིག་དགོས། །
གསོན་པོའི་སེམས་ལ་སེམས་པའི་དྲོད་ཅིག་དགོས། །
བརྩེ་སེམས་འོ་ཆུ་ཟུང་དུ་འབྲེལ་བའི་དུས། །
སེམས་ཀྱི་གཏིང་འོག་བར་གསུམ་དྲོད་ཀྱིས་ཁེངས། །
བཤད་ན་གཏམ་ལ་རྫོགས་མཐའ་ཡེ་ནས་མེད། །
བསམ་ན་སེམས་ཚོར་ཟབ་ནས་ཟབ་ཏུ་འགྲོ །
དུས་དང་བསྐལ་བ་ཞིག་གིས་མ་འཁྱུག་ཚེ། །
མི་ཚེའི་འགྲིལ་ལམ་འདི་ཡིས་དཔང་པོ་བྱེད ། །
ང་རང་སྡུག་དུས་ཁྱོས་ཀྱང་ན་ཟུག་འཐེན། །
འདི།
ང་རང་སྡུག་དུས་ཁྱོད་ཀྱང་ན་ཟུག་འཐེན། །
དགོས།
ང་གཉིས།
ང་གཉིས་སྐྱིད་ན་སྐྱིད་མཉམ་དགོས། །
ང་གཉིས་སྡུག་ན་སྡུག་མཉམ་དགོས། །
ང་གཉིས་ངུ་ན་ངུ་མཉམ་དགོས། །
ང་གཉིས་འཆི་ན་འཆི་མཉམ་དགོས། །