ཐེ་བོ་སངས་རྒྱས།
པེ་ཅིན་གྲོང་ཁྱེེར་གྱི་ལྟེ་བའི་པེ་ཧེའི་སྐྱེད་ཚལ་ལམ་གཡང་ཊིའི་མེ་ཏོག་གླིང་ཕྲན་Jade Flower Island, ཞེས་འབོད་པ་དེའི་ཏོག་ལྟར་གྱུར་པ། བཟོ་བཀོད་ལེགས་པ་ཚད་དུ་སོན་ཅིང་རྔམ་བརྗིད་ལྡན་པའི་བོད་ལུགས་ཀྱི་མཆོད་རྟེན་དཀར་པོ་དེ། ཝེ་ཁི་རིག་མཛོད་ཆེན་མོ་གཙོས་པའི་དབྱིན་ཡིག་གི་ངོ་སྤྲོད་མང་པོ་ལས། ༧ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་དུས་སུ་བཞེངས་པར་བཤད་པ་དང་། བོད་ལྗོངས་ཞིབ་འཇུག་དུས་དེབ་ཏུ་ཧོང་ཧའོ་ལགས་ཀྱིས་བྲིས་པའི་<མཆོད་རྟེན་དཀར་པོའི་དགོན།> ཞེས་པའི་ནང་མཆོད་རྟེན་དཀར་པོ་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་བཞེངས་པར་བཤད་པ་གཉིས་རྩ་བའི་ཆ་ནས་མི་འདྲ་ཁ་ཡང་། ཧོང་ཧའོ་ཡི་རྩོམ་ཡིག་དང་ལྷན་སྦྱར་གྱི་འདྲ་པར་ཁག་ཅིག་” ཀྲུང་གོ་བོད་ཀྱི་དྲ་བ།” ཞེས་པའི་ཐོག་བཀོད་པ་དེས་བློ་ཁྱོགས་ལ་འཕྱང་བར་བྱས། ལྕང་སྐྱ་ཧོ་ཐོ་ཐུས་<པེ་ཅིན་ནུབ་སྒོའི་མཆོད་རྟེན་དཀར་པོའི་ལོ་རྒྱུས།> ཞེས་པ་ཞིག་མཛད་ཡོད་ཚོད་ཀྱང་མཇལ་མ་མྱོང་། དེ་ལྟ་ནའང་ངས་མཆོད་རྟེན་དཀར་པོ་དེའི་སྐོར་ཝེ་ཁི་རིག་མཛོད་གཞི་རྩར་བཟུང་ནས་མདོ་ཙམ་བྲི།
རྒྱལ་པོ་ཀུབ་ལི་ཁང་ནས་ཡར་བརྩིས་པའི་ལོ་བརྒྱད་ཅུ་ཙམ་ན་ཐོར་ཞིག་སོང་བའི་ཡོན་རྒྱལ་རབས་ཀྱི་ཕོ་བྲང་གྷང་གྷན་ཌི་ཡན་Guanghandian Palace,གྱི་ཁོར་ཡུག་ཏུ། མན་ཆིང་རྒྱལ་རབས་ཀྱི་གོང་མ་དང་པོ་ཤུན་ཀྲིའི་ཁྲི་ལོ་བརྒྱད་པ་ the 8th year of Emperor Shun Zhi, སྟེ། ཕྱི་ལོ་1651. ལོར་༧ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོ་རྒྱ་ནག་ནང་གཟིགས་སྐོར་ཕེབས་པར་ཆེ་བསྟོད་དུ་གོང་མའི་བཀའ་ལྟར་མཆོད་རྟེན་དེ་བཞེངས་པར་གྲགས།
མ་གཞི་གོང་མ་ཤུན་ཀྲི་ཉིད་ཆོས་སེམས་ཆེན་པོ་ཡོད་མཁན་ཞིག་ཡིན་མོད། ལོ་རྒྱུས་དཔྱད་བརྗོད་པ་དག་གིས། ཆིང་སྲིད་གཞུང་གི་རེ་འདུན་ལ་མངའ་འོག་ཏུ་མི་རིགས་མང་པོ་ཟླ་སྒྲིལ་ཡོང་སླད། སངས་རྒྱས་ཀྱི་བསྟན་པ་ལ་དད་ཞེན་དང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་རེད་ཅེས་བཤད།
མཆོད་རྟེན་དེའི་ཨར་ལས་ཀྱི་གཞི་འདིང་སྐབས་བོད་ཀྱི་མཆོད་དཔོན་བླ་མ་Nur Momhan, 1.ནུར་མོམ་ཧན་ཞེས་པས་ལས་གཞི་དེའི་ཐད་མཛུབ་སྟོན་དང་བཀའ་སློབ་གནང་དོན། “མཆོད་རྟེན་བཞེངས་སྐྲུན་གྱི་དུས་ཡུན་ངེས་ཅན་བསྲིང་ཐུབ་ན་རྒྱལ་ཁབ་འདིའི་ཆབ་སྲིད་བརྟན་ཅིང་འབངས་རྣམས་བདེ་བའི་ཁྱད་ཡོད་ཅེས་གསུངས།” དེའི་སྒྲོམ་གཞི་ནི་གཡང་ཊི་ལྟ་བུའི་རྩིག་རྡོ་དཀར་པོ་རྐྱང་རྐྱང་གིས་བརྩིགས་ཤིང་། དེ་དག་གི་ཕྱི་ངོས་སུ་ཉི་མ་དང་། ཟླ་བ། མེ་གཞོབ་བཅས་ལ་བརྟེན་ནས་བརྐོས་ཚག་བརྒྱབ་ཡོད་ཅིང་། མཆོད་རྟེན་གྱི་བྲེ་དང་། བང་རིམ། བུམ་པ་དག་ལས་རླུང་སྒོ་ཆུང་ངུ་སུམ་བརྒྱ་ལྷག་བཟོས་ཡོད་པ་ཐག་ཉེ་ནས་མཐོང་ཐུབ། བུམ་སྒོའི་མཐའ་ཤན་ནམ་གའུའི་ནང་རོལ་ལས་བཟོ་ལྟ་དེ་ཙམ་ཐོན་མེད་པའི་གསེར་གྱི་རྣམ་བཅུ་དབང་ལྡན་འབུར་མ་ཞིག་རྒྱང་ནས་མངོན། གསེར་ཟངས་ལས་བྱས་པའི་ཆར་ཁེབས་དེའི་སྣེ་ཁོར་མོ་ཡུག་ཏུ་དྲིལ་བུ་བཅུ་ཁ་ཐུར་དུ་དཔྱངས་ཤིང་རྩེ་མོར་ཉི་ཟླའི་ཏོག་གིས་བརྒྱན།
དེའི་གཟུངས་གཞུག་ལ་རིན་པོ་ཆེའི་ཟ་མ་ཏོག་སངས་རྒྱས་ཀྱི་རིང་བསྲེལ་ཅན་ཞིག་དང་། རྒྱལ་བའི་གསུང་རབ། བླ་མ་སྐྱེས་ཆེན་དུ་མའི་ན་བཟའ། ལྷུང་བཟེད་སོགས་བཞུགས། མཆོད་རྟེན་དཀར་པོ་དེའི་སྤྱིའི་མཐོ་ཚད་ལ་ཧྥེ་ཁྲི་བརྒྱ་དང་སོ་གཅིག་ཡོད་འདུག
གཞན་ཡང་དེའི་མཐའ་སྐོར་དུ་གྲགས་ཆེ་བའི་ལྷ་ཁང་འགའ་ཞིག་ཀྱང་བསྐྲུན་པར་སྣང་། ཕྱི་ལོ་1679. ལོར་ས་ཡོམ་གྱིས་འདི་ལ་གཏོར་བཤིག་ཐེབས་པས་ལོ་དེ་རང་ལ་བསྐྱར་གསོ་བྱས་འདུག ཕྱི་ལོ་1976. ལོར་པེ་ཅིན་དང་འདབས་འབྲེལ་བའི་ཐང་ཧྲན་ས་འགུལ་ཆེན་མོ་ Thangshan earthquake, བྱུང་རྗེས་སླར་ཡང་བསྐྱར་གསོ་བྱ་དགོས་ཐུག ཕྱི་ལོ་2008. ལོར་པེ་ཧེའི་སྐྱེད་ཚལ་འདི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས་(UNESCO) འཛམ་གླིང་ཤུལ་བཞག་གཅེས་ནོར་དུ་བདམས་ཐོན་བྱུང་།
མཆན། 1. སྣུབས་སྨོན་ལམ་འདྲ་ཡིན་ནམ་སྙམ།