འབའ་སྲས།
མ་རིག་ཧ་ལོའི་ཚང་ཚིང་སྲེག་པའི་མེ།།
རྣམ་དཔྱོད་རླུང་གི་གྲོགས་དང་ལྷན་ཅིག་ཏུ།།
བསྡོངས་པའི་མེ་དཔུང་འཕྱོ་བ་མཁས་པའི་གླིང་།།
མ་ཧཱ་བྷ་ར་ཏཱ་ཡི་ཚོམས་འདི་རྒྱལ།།
ཉི་མའི་འོད་ཀྱིས་གངས་ལ་འཁྱུད་པ་བཞིན།།
མཛེས་པའི་མེ་ཏོག་བཞད་པའི་སྐྱེད་ཚལ་ལྟར།།
མཁས་པ་མཁས་པའི་ཚོགས་ན་དེ་བཞིན་དུ།།
མ་ཧཱ་བྷ་ར་ཏཱ་ཡི་ཚོམས་འདི་མཛེས།།
དེ་རིང་ཁོ་བོའི་མགོ་བོས་མི་ལྕོགས་པའི།།
གསེར་གྱི་མུ་ཏིག་བསྟར་བའི་དབུ་རྒྱན་གང་།།
འགྲན་བསྡུར་རྒྱལ་ཕམ་ངལ་བ་མ་བྱས་པར།།
རང་བཞིན་གྱིས་གྲུབ་སྐལ་བཟང་ཁོ་ནས་ཐོབ།།
གསེར་གྱི་རིལ་བུ་ཡིན་ན་སུས་ཀྱང་ཁུག །
གཞལ་མེད་ཁང་ཆེན་བདག་ཏུ་བཟུང་བ་མང་།།
མཁས་མང་སྤྱི་ཡིས་གནང་བའི་གཟེངས་རྟགས་འདི།།
སྒོར་གྱིས་ཉོ་ན་བདག་གིས་ནམ་ཞིག་ཁུག །
དེ་ལྟ་ན་ཡང་ནགས་ཀྱི་ཁུ་བྱུག་ངག །
དབྱངས་ཅན་བཞད་པའི་སྒྲ་ལ་ངོས་འཛིན་གྱིས།།
བོང་བུའི་ལུས་སུ་སྟག་ལྤགས་གྱོན་པ་ནི།།
བསམ་ཞིང་བསམས་ན་གུས་པ་ངོ་ཡང་ནོངས།།
འོན་ཀྱང་གསར་བུ་སོ་རྒྱ་ཅན་ནས་བཟུང་།།
མགོ་སྐྱེས་སྐྲ་འདབས་དཀར་བོར་གྱུར་བའི་བར།།
སྙན་ངག་འབྲི་བྱེད་སྙུ་གུ་སོར་མོ་གཉིས།།
ལུས་སྲོག་བཞིན་དུ་གཅེས་པས་ཐོབ་ཀྱང་རིགས།།
འབྱོར་བའི་མེ་ཏོག་བཀྲམས་པའི་རྫིང་བུ་རུ།།
སྐྱིད་ཀྱིས་ཁྲུས་སུ་ཞུགས་ནས་གསོན་པ་མང་།།
སྙན་ངག་མཛའ་མོའི་འདོད་པར་ཆགས་གྱུར་ཏེ།།
ཤི་ཡང་རོ་ལངས་རྒྱག་མཁན་ང་ཙམ་ཉུང་།།
གང་ལྟར་འོད་ཙམ་འཁྱེར་བའི་སྲིན་འབུའི་ལུས།།
ཉི་ཟླའི་སྣང་བ་འཕྲོ་བའི་འོད་ཀྱི་གོས།།
གཟེངས་བསྟོད་སྐེད་རགས་མདུད་པས་འཆིང་བ་ལ།།
ལག་སོར་འཇའ་ཚོན་སྣ་ལྔས་བཀའ་དྲིན་ཞུ།།
ངག་རིག་ནད་ཀྱིས་ཟུངས་ཁྲག་ཟད་པའི་མི།།
ཤི་མ་གསོན་དུ་གྱུར་བའི་ཚེ་སྲོག་ལ།།
དབྱངས་ཅན་སྒྲ་ཡི་ཁྲག་རྒྱུན་རྒྱུགས་པ་ཡི།།
ལྕགས་ཀྱི་སྙིང་ཞིག་བསྩལ་བར་ཐུགས་རྗེ་ཆེ།།
བྲེལ་ཟིང་ལས་བྲེལ་འཚོ་བའི་མེ་སྒྱོགས་ཀྱིས།།
སྙུ་གུ་རི་རབ་ཡིན་ཡང་སྟོར་བྱེད་དུས།།
ནམ་ཡང་རླུང་གིས་འཁུར་བར་མི་ནུས་པའི།།
རྡོ་ཡི་སྙིང་ཁམས་སྦྱིན་ལ་ཐུགས་རྗེ་ཆེ།།
སྙན་ངག་སྙིང་གི་ཀ་བ་བརྟན་པའི་ཕྱིར།།
གཟེངས་རྟགས་ས་ལེ་སྦྲམ་གྱི་རྡོ་བ་གང་།།
མཁས་མང་སྤྱི་མོས་ལག་པས་བཟོས་བྱས་ཏེ།།
མི་འཇིག་ཁང་བཟང་བསྐྲུན་པར་ཐུགས་རྗེ་ཆེ།།
མདོར་ན་མེ་ལོང་མ་ཡི་རྒྱུན་འཛིན་དང་།།
དབྱུག་པ་ཅན་གྱི་ཐུགས་སྲས་ངོ་མ་ཞེས།།
མཐེ་ཆུང་མཐེ་བོང་ཚབ་ཏུ་བསྔགས་པ་ལ།།
སེམས་དང་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ།།
15/11/15 དགོང་དྲོར་མེ་འཁོར་ནང་ཡར་ལ་འགྲོ་དུས་འགོ་བརྩམས་མར་ལ་ལོག་དུས་མཇུག་བསྒྲུབས།
ཁྱི་ལ་སེང་གེ་བཏགས་ན་འདི་འདྲ་རེད། ངོ་ཚ་ལ་ཚོད་ཅིག་མི་འདུག
༄༅། །སྙན་ངག་མཁན་པོ་ཁ་སྒང་བསམ་གཏན་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ན་མོ་གུ་ར་ཝེ། །སྙན་པར་འདུག་གོ་དྲི་ཟའི་བུ་མོའི་གླུ། །ལྟད་མོ་ལེགས་སོ་འཇིག་རྟེན་མེས་པོའི་འཕྲུལ། །
ཁ་བའི་སྒང་གི་སྙན་ངག་མེ་ཏོག་གིས། །ཡངས་པའི་ཚལ་ཆེན་བརྒྱན་ནོ་མིག་གིས་དཔྱིད། །
བསམ་གཏན་རོ་ལ་སྲེད་པའི་དྲང་སྲོང་ཡང་། །སྙན་ངག་བུ་མོའི་འཇོ་སྒེགས་ཟུར་མིག་གིས། །
ཚོང་དུས་སྲང་ལ་ཁྲིད་པའི་རྐང་རྗེས་དེ། །སྲིད་པར་ཕྱི་མིག་བལྟ་བའི་རྐྱེན་དུ་ཤར། །
སྙན་ངག་མཁན་པོའི་སྨྱུ་གུའི་རྩེ་མོ་ཡིས། །དཔའ་བོའི་སྙིང་ཁྲག་གཞིབ་ལ་མི་ངལ་པས། །
འཛིན་མའི་ཁྱོན་ལས་རྣམ་པར་རྒྱལ་བའི་གཏམ། །བཙན་པོའི་རལ་གྲིའི་ངོས་སུ་བཀོད་པར་འཚལ། །ཅེས་པ་ཤ་རུས་ཉེ་བའི་དྲི་མེད་ལྷག་བསམ་གྱིས་གཡུ་ཤུག་སྔོན་མོའི་བསིལ་གྲིབ་འོག་ནས་བྲིས་ཏེ་ཕུལ། །