གནས་ཚུལ་མཁོ་སྤྲོད་པ། ལྕོག་རི་དགེ་ལེགས།
ཕྱི་ལོ་ ༢༠༡༥ ཟླ་༡༡ ཚེས ༡༦ ཉིན་འབྲས་སྤུངས་བློ་གསལ་གླིང་ཕྱག་མཛོད་ཁང་དང་བློ་གསལ་གླིང་ཚན་རིག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་བའི་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཞེས་པའི་མིང་གི་འོག་དེང་རབས་ཚན་རིག་དང་། ནང་པའི་ལྟ་གྲུབ་ཀུན་བཏུས་སྐོར་ལ་བགྲོ་གླེང་ཞིག་ཚོགས་སོང་།
བགློ་གླེང་གི་ཚོགས་མགོན་དུ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བློ་གསལ་གླིང་དང་། སྒོ་མང་། ཤར་རྩེ་སོགས་ཀྱི་མཁན་པོ་དང་མཁན་ཟུར། ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་གཙོས་དཔེ་ཁྲིད་དགེ་རྒན་རྣམ་པ། མོན་གྷོ་ས་གནས་གཞིས་འགོ དེ་བཞིན་འབྲས་སྤུངས་དང་དགའ་ལྡན། རྭ་སྟོད། ས་སྐྱ། བཙུན་དགོན་བྱང་ཆུབ་ཆོས་གླིང་། མོན་གྷོན་གཏན་སློབ་ཀྱི་སློབ་ཕྲུག་སོགས་མི་གྲངས་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་འདུག སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ནུབ་ཕྱོགས་སུ་ཚན་རིག་དར་བའི་བྱུང་རིམ་དང་འབྲེལ་ཏེ་ཚན་རིག་གི་དགེ་སྐྱོན་དང་། ༧གོང་ས་མཆོག་གིས་ལོ་ངོ་སུམ་ཅུ་ལྷག་གི་རིང་སེམས་དང་སྲོག་གི་ཚོགས་འདུ་བརྒྱུད་དེ་སྔར་སུས་ཀྱང་བྱས་མ་མྱོང་བའི་ཆོས་ཚན་ཟུང་འབྲེལ་གྱིས་ཞི་བདེ་བསྐྲུན་པའི་རླབས་ཆེན་གྱི་ཕྱག་རྗེས་སྐོར་དང་། ལྷག་པར་སློབ་གཉེར་བ་ཚོས་ཚན་རིག་སློབ་གཉེར་གནང་བ་དེས་དེང་གི་སྤྱི་ཚོགས་སུ་ཞབས་འདེབས་ཇི་ལྟར་བསྒྲུབ་དགོས་མིན་སོགས་ཀྱི་ཐད་བཀའ་སློབ་ཟབ་རྒྱས་གནང་སོང་། གཞན་ཡང་༧གོང་ས་མཆོག་གི་ལམ་སྟོན་འོག་ཕྱོགས་བསྒྲིགས་བྱས་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཚོགས་མི་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་ནས་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་བྱེད་ཕྱོགས་དང་འབྲེལ་སྟེ། ལྟ་གྲུབ་ཀུན་བཏུས་སུ་བརྗོད་བྱ་གང་དང་གང་བསྡུས་ཡོད་མེད་དང་། ༧གོང་ས་མཆོག་གིས་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་བྱེད་ཚུལ་གྱི་ལམ་སྟོན་ཇི་ལྟར་གསུངས་པའི་སྐོར་ལ་གཏམ་བཤད་གནང་སོང་། འདི་ནི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཕྱོགས་བསྒྲིག་བྱས་རྗེས་ཀྱི་བགྲོ་གླེང་ཐོག་མ་དེ་ཆགས་ཡོད་འདུག དེ་བཞིན་བློ་གླིང་ཚན་རིག་དགེ་རྒན་ལྕོག་རི་དགེ་ལེགས་རྒྱ་མཚོ་ནས་ཚན་རིག་ནས་བཤད་པའི་ཁ་དོག་དང་མིག་གིས་གཟུགས་མཐོང་ཚུལ་དང་། སྒོ་མང་དགེ་བཤེས་ལྷ་རམས་པ་བསྟན་འཛིན་ཆོས་འཕེལ་ནས་ནང་པའི་གཞུང་ནས་གསུངས་པའི་སྒྲའི་སྐོར་དང་། བློ་གླིང་ཚན་རིག་དགེ་རྒན་ཟླ་བ་ཚེ་རིང་ནས་ཚན་རིག་ནས་བཤད་པའི་སྒྲའི་སྐོར་དང་། བློ་གླིང་དགེ་བཤེས་ལྷ་རམས་པ་དམ་ཆོས་རྒྱལ་མཚན་ནས་དེང་གི་སྤྱི་ཚོགས་དང་བདེ་སྐྱིད་ཀྱི་འཚོལ་སྙེགས་ཀྱི་སྐོར་དང་། དགའ་ལྡན་བྱང་རྩེའི་ཚན་རིག་དགེ་རྒན་བློ་གྲོས་བཟང་པོ་ནས་འཕེལ་འགྱུར་རིག་པའི་རྣམ་བཞག་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་སོང་།
་་་་་་་་་་ ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག ་་་་་་་་་་་་
ཡག་པོ་འདུག
ཡག་བྱུང་།