ཨེ་མ་ཧོ།
ན་མོ་གུ་རུ་རཏྣ་ས་ཏྭ་ཡེ།།
དྲན་ཤེས་བག་ཡོད་རིན་པོ་ཆེས།།
དྲིན་ཆེན་བླ་མ་སངས་རྒྱས་སྐུ།།
ནམ་ཡང་མ་བརྗེད་གསོལ་བ་ཐོབ།།
ཐུགས་ཡིད་དབྱེར་མེད་ཤིན་ཏུ་གཅེས།།
ཚུལ་གནས་ཐོས་བསམ་སྒོམ་པ་ཡིས།།
རང་རྒྱུད་དམ་པའི་ཆོས་བཞིན་སྤྱོད།།
དལ་འབྱོར་མི་ལུས་རིན་པོ་ཆེ།།
དོན་ལྡན་མཛད་པར་ཤིན་ཏུ་གཅེས།།
ཆོས་བརྒྱད་བདུད་ཀྱི་ཞགས་པ་ཡིན།།
ཐེག་བརྒྱད་གནས་སྐབས་ལམ་སྟེགས་ཡིན།།
ཚོགས་བརྒྱད་རང་གྲོལ་གདམས་ངག་མཆོག།
རྫོགས་ཆེན་སྒོམ་པ་ཤིན་ཏུ་གཅེས།།
འགྲོ་ལ་དམིགས་པའི་སྙིང་རྗེ་ཆེ།།
བསྟན་ལ་ཕན་བདེའི་ཉམས་ལེན་ཉིད།།
ཐབས་ཤེས་ཟུང་འབྲེལ་བྱང་ཆུབ་སེམས།།
འབྲལ་མེད་བརྟེན་པ་ཤིན་ཏུ་གཅེས།།
མདོར་ན་རང་དོན་མ་སོང་བའི།།
ཕྱིན་དྲུག་བདེན་པའི་རང་བཞིན་ཀུན།།
བསྟན་འགྲོར་ཕན་བདེའི་ལེགས་ཚོགས་རྣམས།།
ཚུལ་བཞིན་སྒྲུབ་པར་ཤིན་ཏུ་གཅེས།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་ཟླ་ཚེས་དགེ་བར་མཁས་དབང་ཚན་རིག་པ་འབུམ་རམ་པ་དཔལ་ལྡན་རྒྱ་མཚོས་ངོར་ཤྲྰིས་ཐོལ་བྱུང་དུ་གདམས་པར་དེ་བཞིན་ཉམས་བཞེས་སུ་གནང་བར་མཁྱེན་ནོ།། །།
གདམས་པ་དུག་གསུམ་རང་གྲོལ།
ན་མོ་གུ་རུ་ཤྲྰི་མ་ཧྰ་མུ་དྲ་ཡེ།།
ཆགས་པ་ཆེན་པོ་འདོད་ཆགས་ཆེ།།
དགའ་བ་ཆེན་པོ་མགུ་བ་ཆེ།།
བདེ་བ་ཆེན་པོ་དཔལ་དགྱེས་པ།།
རྡོ་རྗེ་འཆང་ཆེན་དེ་ཀ་ལགས།།
ཞེ་སྡང་ཆེན་པོ་སྡང་བ་ཆེ།།
གསང་བདེ་དུས་འཁོར་སྤྲུལ་པ་ཆེ།།
ཁམས་གསུམ་དབང་བསྒྱུར་འཇིག་རྟེན་མགོན།།
རང་རིག་རང་གྲོལ་ཨེ་མ་ཧོ།།
གཏི་མུག་ཆེན་པོ་དགོངས་པ་ཆེ།།
དབྱིངས་རིག་རྣམ་དག་རིག་སྟོང་ཆེ།།
ཡང་ཟབ་བསྟན་པ་མཁྱེན་པའི་དཔལ།།
ཤྲྰི་སྨྱོན་རིག་འཛིན་རྡོ་རྗེ་ལགས།།
ནམ་རྒྱུན་དྲ་སྟེང་སྒྲོ་བཀུར་ཆེས།།
ཏི་སི་ཀརྡོ་ཁྱུང་སེ་སོགས།།
བན་བོན་ཆགས་སྡང་རྨོངས་ཚོགས་ལ།།
གང་ཤར་འགགས་མེད་རང་སྒྲའི་དཔལ།།
དགྱེས་པ་རྡོ་རྗེས་དེ་སྐད་ཐལ།།
ཞེན་འཁོན་ངན་པའི་དུག་རུལ་འཁན་གྱི་དྲ་ཐོག་གི་ཆགས་སྡང་རྨོངས་གསུམ་དུ་སོང་བ་དག་ལ་གདམས་ངག་གླུ་རུ་བླངས་པར་དགེའོ།། །།