དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བཏང་གནས།
དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཆེན་མོ་དཔལ་ལྡན་འབྲས་སྤུངས་སུ་གསར་གཏོད་གནང་བ།
དེ་ཡང་ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༡༨ ནས་ཟླ་༡༢ ཚེས་༢ བར་དུ་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཆེན་མོ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་དབུ་འཛུགས་ཞུས་ཡོད་པ་དང་། དེ་ཡང་གདན་ས་གསུམ་གྲྭ་ཚང་ཁག་དྲུག་དང་། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་།
རྭ་སྟོད་གྲྭ་ཚང་བཅས་ནས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་བཞིན་པའི་སློབ་དཔོན་ལོ་རིམ་དང་པོ་དང་གཉིས་པ་གཉིས། རྣམ་རྒྱལ་གྲྭ་ཚང་བཅས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་དྲག་བསྒྲུགས་ཀྱིས་དགེ་འདུན་པ་ཉིས་བརྒྱ་ལྷག་ཅིག་མཉམ་ཞུགས་གནང་ཡོད་པ་དང་། ཚེས་༡༨ ཉིན་སྔ་དྲོ་ཆུ་ཚོད་༧། ༤༥ ཐོག་དབུ་འབྱེད་མཛད་སྒོར་ཚོགས་བཅར་བ་དང་སྐུ་མགྲོན་རྣམ་པ་བཞུགས་གྲལ་དུ་འཁོད་མཚམས་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ། གཞན་ཡང་འབྲས་སྤུངས་ཁྲི་བ་རིན་པོ་ཆེ་དང་། གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་མཁན་ལས་ཟུར་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། ས་གྲོས་ཚོགས་གཙོ་དང་། ས་གནས་འགོ་འཛིན། གདན་སའི་དབུ་ཆོས་རྣམ་གཉིས་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། བོད་བསྟན་པ་ཆབ་སྲིད་ཆེད་རང་ལུས་མེར་བསྲེགས་གནང་བས་མཚོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ཚང་མ་སྐུ་བཞེངས་ཀྱིས་མྱ་ངན་ངག་བཅད་སྐར་མ་གཅིག་རིང་སྲུང་བརྩི་གནང་བ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ལགས་ནས་མཛད་རིམ་སྒྲོག་སྦྱང་དང་འབྲེལ་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་གྲུབ་མཚམས་འབྲས་སྤུངས་ཚོགས་ཆེན་དབུ་མཛད་དང་སྒོ་མང་དང་བློ་གླིང་གྲྭ་ཚང་གཉིས་བཅས་ཀྱི་བྱིངས་འདྲེན་བཅས་དགེ་འདུན་བརྒྱད་གྲྭ་ནས་སྐུ་བཞེངས་ཐོག་ཤིས་བརྗོད་གསུང་འདོན་གནང་བ་དང་།
དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཕེབས་བསུའི་གཏམ་བཤད་དང་སྦྲགས་ཚོགས་ཆུང་གི་བྱུང་རིམ་དང་གྲུབ་ཆ། ལས་འཆར་ཁག་དང་། ད་ལྟའི་ཆར་བསྒྲུབས་ཟིན་པ་དང་། འགྲོ་བཞིན་པའི་ལས་རིམ་ཁག་ངོ་སྤྲོད་དང་། ད་རེས་ཀྱི་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཆེན་མོ་འདི་བཞིན་༸གོང་ས་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་ཆོས་ཚོགས་ཐེངས་བཅུ་གཅིག་པའི་སྐབས་སུ་ཚད་མ་རྣམ་འགྲེལ་གཅིག་པུ་མ་ཡིན་པར་དབུ་ཕར་གྱི་འཇང་དགུན་ཆོས་ཚུགས་དགོས་སྐོར་བཀའ་གནང་བ་གཞིར་བཟུང་། འདི་གར་ཅི་གསུང་བཀའ་སྒྲུབ་ཀྱི་མཆོད་སྤྲིན་དུ་དམིགས་ཏེ། གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། རྩོད་གཞུང་ལེགས་བཤད་གསེར་གྱི་ཕྲེང་བ་ལ་མཚོན་ན། གཞུང་གི་མཇུག་ཏུ། སྤྱི་དོན་རིགས་པས་ལེགས་པར་མཐའ་བཅད་ཅིང་། །ཚིག་དོན་རྣོ་ཞིང་གསལ་ལ་རབ་ཏུ་འདྲིལ། །དེ་ཡང་ཡིད་ཆེས་གཞུང་དང་མི་འགལ་བར། །གྲུབ་པ་འདི་ནི་འདི་ཡི་ཁྱད་པར་རོ། །ཞེས་གསུངས་པ་ལྟར་ཡིན་ཙང་མདོ་རྒྱན་སྦྱར་སྟངས་དང་། དེ་ཡང་ད་རེས་མནམ་ཞུགས་གནང་མཁན་ཚོ་གྲྭ་བ་རྒན་པ་བཀའ་པོད་ལྔ་ག་ཐོས་བསམ་གྱིས་འཛིན་གྲྭ་ཐོན་ཚར་བ་རྐྱང་ཡན་ཙང་རྒྱན་གྱི་འགྲེལ་བ་དོན་གསལ་གྱིས་གཙོས་པའི་རྒྱ་འགྲེལ་ཁག་དང་། བོད་སྔ་རབས་པའི་མཁས་པ་ཚོས་རྒྱན་གྱི་འགྲེལ་པའི་སྐོར་ལ་དོ་སྣང་དང་དཔེ་ཀློག་རྒྱག་དགོས་པ་དང་། རྩ་ཤེ་ཌཱིཀ་ཆེན་ལ་མཚོན་ན་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་རྒྱུན་མར་བྱུང་བ་དང་། ལྟ་བའི་སྐོར་དུས་ཡུན་རིང་པོར་སྦྱངས་ཤིང་ལྟ་བ་ལེགས་པར་རྟོགས་པའི་སྟེང་ནས་བརྩམས་པའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན་ཙང་། ལོ་འདིར་རབ་བྱེད་དང་པོ་དང་གཉིས་པ་གཉིས་ལ་ལྟ་སྐབས། དབུ་མའི་དཀའ་ནད་དུ་གྲགས་པའི་ནང་ཚན་ཆོས་ཅན་མཐུན་སྣང་བའི་སྐོར་ལྷག་མཐོང་ཆེན་མོ་དང་དྲང་ངེས་ལ་གསལ་ཡང་ཐལ་བཟློག་གི་སྐོར་ལ་རྗེའི་གསུང་ཌཱིཀ་ཆེན་ལ་གསལ་བ་འདི་བཞིན་གཞན་ལ་མེད་པས་ད་རེས་ངེས་ཅན་དུ་ཐུགས་སྣང་དགོས་སྐོར་དང་དེ་ཡང་ཉིན་རེ་བཞིན་སྔ་དྲོ་ཆུ་ཚོད་དགུ་བ་ནས་ཆུ་ཚོད་གཅིག་རིང་རྩོད་ཟླ་དང་། དེ་ནས་ཆུ་ཚོད་གཅིག་ལ་དམ་བཅའ། ཉིན་རྒྱབ་ཁོངས་སོ་སོ་ནས་ཆུ་ཚོད་གཉིས་ཙམ་ལ་མཉམ་ཚོགས་ཀྱི་ལབ་གླེང་། དགོང་དྲོ་ཆུ་ཚོད་དྲུག་པ་ནས་བདུན་དང་ཕྱེད་ཀའི་བར་དམ་བཅའ་ཆེན་མོ་དང་། དེ་གྲོལ་བ་དང་ཆུ་ཚོད་གཅིག་རིང་རྩོད་ཟླ་གནང་རྒྱུ་སོགས་ཀྱི་སྐོར་དང་།
དམིགས་བསལ་སྐུ་མགྲོན་དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས། མདོ་རྒྱན་སྦྱར་ཚུལ་དང་། དཔེ་ཀློག་སྐབས་གཞུང་སྤྱིའི་ཁོག་འབུབས་ལུགས་དང་། ཚིག་འགྲེལ་བསྐྱོན་སྟངས་ཚུན་ཆད་ལ་ཐུགས་སྣང་དགོས་སྐོར་དང་། རང་རང་སོ་སོའི་ཡིག་ཆས་ལྡེ་མིག་བྱས་ཏེ་རྗེ་ཡབ་སྲས་ཀྱི་གཞུང་གི་སྒོ་ཕྱེ་ནས་ཐོས་བསམ་བྱ་རྒྱུ་ལས་དེའི་མཚམས་རང་ལ་བསྡད་པ་ཡིན་ན། ལྡེ་མིག་ཟིན་ཏེ་སྒོ་མ་ཕྱེ་བར་བསྡད་པ་ལྟ་བུར་ཆགས་འགྲོ་བ་དང་། བཤད་རྒྱུན་ལ་རྟོག་གེ་མགོ་མཁྲེགས་ཟེར་བ་ལྟར་རྩོད་པ་རང་ལ་མགོ་མ་འཁོར་བ་དགོས་པ་ལས། སྟབས་ཉེས་ན་ངག་ཀྱལ་གྱི་རྒྱུ་རུ་འགྲོ་རྒྱུའི་ཉེན་ཁ་ཡང་ཡོད་པས་ཇི་ཙམ་ཐོས་བསམ་བྱས་པའི་ཚོད་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་ཉུང་དུ་གཏོང་ཐབས་དང་། རྗེ་རིན་པོ་ཆེས། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་པ་ལྟར་གཞུང་ལུགས་གདམས་པར་ཤར་ཏེ། ཉམས་སུ་ལེན་རྒྱུ་གལ་ཆེ་སྐོར་དང་། ད་རེས་ཀྱི་བཀའ་དྲིན་རྗེས་དྲན་འདི་དང་། ལས་རིམ་ཕྱིན་ཟིན་པ་དང་། འགྲོ་བཞིན་པ། བྱེད་འཆར་ཀྱི་མཛད་རིམ་གལ་ཆེ་བ་ཁག་ལམ་སྟོན་གནང་མཁན་དང་། ལས་དོན་གནང་མཁན་ཚང་མ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད་སྐོར་དང་། དེ་ཡང་། ཕན་པའི་ལན་དུ་མཆོད་པར་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ཙང་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དེ་སྒྲུབ་པའི་མཆོད་པ་ཡིན་སྐོར། འབྱུང་འགྱུར་ཡང་ལས་དོན་འདི་བཞིན་གདན་སའི་ནང་ཕྱག་བཞེས་དགོས་སྐོར་སོགས་བླང་དོར་བཀའ་སློབ་ཟབ་རྒྱས་གནང་བ་དང་།
སྒོ་མང་མཁན་པོ་བློ་བཟང་རྒྱལ་མཚན་མཆོག་ནས། ད་རེས་དང་བླངས་ཀྱི་ཐོག་ནས་དགའ་བཞིན་སྤྲོ་བཞིན་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་པ་དང་། དེ་སྔོན་ལེགས་བཤད་གསེར་ཕྲེང་གི་དཔེ་ཆ་ཙམ་ཡང་དཀོན་པོ་ཡོད་པ་དང་། ད་རེས་རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་གི་རྩོད་གཞུང་ལ་མཚོན་ན་འཕགས་སེང་གཉིས་ཀའི་དགོངས་པ་ལེན་ཚུལ་ལ་འབད་བརྩོན་གནང་དགོས་སྐོར་དང་། མདོ་རྒྱན་སྦྱར་སྟངས་སྐོར་རྗེ་བཙུན་པའི་ཕར་ཕྱིན་སྤྱི་དོན་རོལ་མཚོ་དང་། དེ་བཞིན་ལེགས་བཤད་གསེར་ཕྲེང་ལ་ལྟ་སྐབས་གསེར་ཕྲེང་གི་སྡོམ་དང་། དེའི་དོགས་སློང་དང་། དེའི་དོགས་ལན་གྱི་གཞུང་དག་ལ་གཟིགས་གལ་ཆེ་སྐོར་སོགས་དང་། བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་མཆོག་ནས། གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་མཛད་རིམ་མང་པོ་ཞིག་ཚགས་ཚུད་པོ་དང་དོན་ཕན་ལྡན་པ་བྱུང་སྐོར་དང་། དེང་སང་བཞེས་ལག་དང་བཞུགས་ཤག་སོགས་དེ་སྔོན་དང་མི་འདྲ་བར་ཆ་རྐྱེན་འཛོམས་པོ་ཡོད་ཙང་༸རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཀྱི་ཐོག་ནས་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཚུགས་པ་ལ་བསྔགས་བརྗོད་དང་། དུས་རྟག་ཏུ་རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་དགོོས་པ་དང་། དེ་ཡང་གཙོ་བོ་ཉམས་ལེན་ལ་སྦྱར་ཅི་ཐུབ་གནང་དགོས་སྐོར་དང་།
བྱང་རྩེ་མཁན་པོ་བློ་བཟང་ཆོས་ཉིད་མཆོག་ནས། སྐུའི་འཁྲུངས་སྐར་གྱི་སྐབས་སུ་བརྟན་བཞུགས་ཕུལ་བ་ནས་བཟུང་ལོ་འཁོར་མོར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བཞིན་པ་ལྟར་ད་རེས་མཛད་སྒོ་ཚོགས་པ་ཙམ་མ་ཡིན་པར་ཅི་གསུང་བཀའ་སྒྲུབ་ཀྱིས་ལས་རིམ་འདིར་མཉམ་ཞུགས་གནང་ཐུབ་པ་ཡིན་ན། སོ་སོ་དགུང་ལོ་བགྲེས་ཡོང་དུས་ཀྱང་དེ་སྔོན་རྒྱལ་བ་རིན་པོ་ཆེ་དགུང་གྲངས་༨༠ ལ་ཕེབས་སྐབས་ང་ཚོས་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ལ་མཉམ་ཞུགས་བྱས་པ་ཡིན་ཞེས་སེམས་ལ་འཛིན་རྒྱུ་ཞིག་ཡོད་སྐོར་དང་། ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་ནས་བླ་མའི་བརྟན་བཞུགས་ལ་བཀའ་བཞིན་སྒྲུབ་རྒྱུ་ལས་ལྷག་མེད་པ་དང་། ད་རེས་ཀྱི་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་འདི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དང་། ད་རེས་ཀྱི་གསར་གཏོད་འདི་བཞིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོས་དེ་སྔོན་ནས་ཐུགས་ཀྱི་དགོངས་པ་ལ་ཡོད་བསྡད་པ་ཞིག་ཡིན་པ་དང་།
དེ་ཡང་༢༠༠༩ ལོར་རྡོར་གདན་དུ་བླ་སྤྲུལ་གནད་ཡོད་རྒྱས་འཛོམས་སར་བཀའ་གནང་བ་ཞིག་ཡིན་པ་དང་འབད་རྩོལ་རིམ་པར་བྱས་ཀྱང་ད་ལྟའི་བར་ལམ་སློང་མ་བྱུང་བ་ཞིག་ཡིན་སྐོར། ད་རེས་ཀྱི་འདི་འགོ་འཛུགས་ཙམ་ཡིན་པས་རྒྱུན་མཐུད་རྒྱུ་གལ་ཆེ་ལུགས་དང་། སློབ་གཉེར་གནང་སྟངས་སྐོར་སྤྱི་དང་། མང་ཐོས་ཉམས་ལེན་གནད་ལ་མི་མཁས་པ། །གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས། །ཞེས་དང་། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །ཞེས་གསུངས་པ་ལྟར་གནང་དགོས་རྒྱུ་ལས་སྐབས་རེར་གདན་ས་དེ་ཆབ་སྲིད་ཀྱི་ལྟེ་གནས་ལྟ་བུ་དང་ཆབ་སྲིད་པའི་ཁེ་ཕན་ལེན་ས་ལྟ་བུ་ཞིག་ཆགས་པ་ཡིན་ན་ཡག་པོ་མི་འདུག མཚམས་རེར་ང་ལ་དེའི་ཐོག་ཚོར་སྣང་ཤུགས་ཆེན་པོ་ཡོང་གི་ཡོད་སྐོར་དང་། འཇམ་མགོན་བླ་མའི་བསྟན་པའི་ལྟེ་གནས་ཤིག་ཏུ་གནས་རྒྱུ་ལས་ཆབ་སྲིད་ཀྱི་ཁེ་ཕན་ལེན་ས་ཞིག་ཆགས་པ་ཡིན་ན་འགྲིག་གི་མེད་པ་དང་། ཚོགས་བཅར་བ་ཚང་མས་ཐོག་མཐའ་བར་གསུམ་གྱི་ཀུན་སློང་གལ་ཆེ་སྐོར་དང་།
འབྲས་སྤུངས་ཁྲི་བ་རིན་པོ་ཆེ་ནས། ༸རྒྱལ་བ་རིན་པོ་ཆེས་ཆོས་དང་འཇིིག་རྟེན་གཉིས་ཐད་ནས་དགོན་སྡེ་ཁག་ཙམ་མ་ཡིན་པར་བཟོ་གཞིས་ཁག་དང་། སློབ་གྲྭ་ཁག་སོགས་གསར་འཛུགས་དང་ཡར་རྒྱས་ཐད་བཀའ་དྲིན་བསམ་བརྗོད་ལས་འདས་པ་ཡིན་སྐོར་དང་། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །ཅེས་པ་ལྟར་མཛད་སྒོ་ཚུགས་པ་ཙམ་མ་ཡིན་པར་ཤུགས་རྒྱག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་འོག་བསྟན་པ་ཉམས་ཆག་ཏུ་འགྲོ་གི་ཡོད་པ་དང་། འདི་ག་རང་དབང་ལུང་པ་ཡིན་ཙང་དེ་ལ་དཔགས་པའི་དགོན་སྡེ་གྲྭ་ཚང་ཁག་ཏུ་བསླབ་པ་སློབ་གཉེར་གལ་ཆེ་བ་དང་། དེ་བཞིནབཤད་སྒྲུབ་འཆད་ཉན་ཚང་མ་རྟོགས་པའི་བསྟན་པ་གནས་ཐབས་སུ་ཉམས་ལེན་དགོས་སྐོར་དང་། སྐུ་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས། བོད་གངས་ཅན་དང་འཕགས་པ་སྤྱན་རས་གཟིགས་དབར་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་འབྲེལ་བ་དང་། མདོར་ན་འཕགས་པ་སྤྱན་རས་གཟིགས་དབང་གིས། །ཞེས་སོགས་གསུངས་པ་ལྟར། རྒྱལ་བའི་བཀའ་སློབ་ལག་ལེན་དུ་བསྟར་རྒྱུ་གལ་ཆེ་བ་དང་།༸རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དགུང་ལོ་རིང་པོ་བཞུགས་འདུན་ཡོད་ཀྱང་མ་འོངས་པའི་གནས་ཚུལ་མང་པོ་ཞིག་ལ་གཟིགས་ནས་བསམ་བཞིན་དགོངས་པ་ཞི་དབྱིངས་སུ་གཞོལ་བ་དང་། རྭ་སྒྲེང་རིན་པོ་ཆེ་ནས་ཡང་སྲིད་བརྩད་འཚོལ་སྐབས་སྐུ་ངལ་མང་པོ་བསྐྱོན་ཡོད་པ་སོགས་ལོ་རྒྱུས་ཀྱི་བྱུང་རིམ་དང་། དེ་སྔོན་ཡོངས་འཛིན་རིན་པོ་ཆེ་ནས་བློ་གླིང་ཆོས་རའི་ནང་འཛམ་གླིང་ཞི་བདེ་ཡོང་མིན་སངས་རྒྱས་ཀྱི་བསྟན་པ་གནས་མ་གནས་ལ་རག་ལས་ཡོད་པ་དང་། དེའི་གཞི་རྩ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཞབས་པད་བརྟན་མིན་ལ་རག་ལས་པ། དེ་ཡང་ཅི་གསུང་བཀའ་སྒྲུབ་ལ་རག་ལས་སྐོར་དང་། ད་རེས་ཀྱི་དབུ་ཕར་ཀྱི་རྩོད་པའི་ཆོས་ཐོག་འདི་བཞིན་གལ་ཆེན་ཆགས་ཀྱི་ཡོད་པ་དང་། དེ་ཡང་དུས་རྟག་ཏུ་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུར་མཁན་རིན་པོ་ཆེ་རྣམ་པས་ཐུགས་ཁུར་ཆེ་ཙམ་བཞེས་དགོས་པ་དང་། དེ་ལ་མཁན་ཟུར་རྣམ་པ་ཚོས་ཉམས་མྱོང་གི་ལམ་སྟོན་དང་ཁུར་མཉམ་ལེན་གནང་གལ་ཆེ་ལུགས་དང་། ༸རྒྱལ་བ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་ལ་ཐུགས་སྣང་ཆེན་པོ་བཞེས་སྐོར་དང་། མཁན་རིག་འཛིན་བསྟན་པས། ལེགས་བཤད་གསེར་ཕྲེང་གི་ནང་ལ་རང་ལུགས་གང་ཡིན་ངོས་འཛིན་དཀའ་བ་ཡོད་པ་དང་། མང་དུ་བལྟས་ནས་རྗེའི་རང་ལུགས་གང་ཡིན་ངོས་ཟིན་པ་བྱུང་ན་དེའི་ཚེ་གསེར་ཕྲེང་ཤེས་པ་ཡིན་ཞེས་གསུངས་སོགས་གསུངས་ཤིང་།
མཇུག་ཏུ་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་དང་། བྱིངས་འདྲེན་མཆོག་ནས་རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ་དང་ཚད་མེད་ཡོན་ཏན་མ་གསུངས་ཏེ་སྐུ་པར་མཉམ་བསྒྲོན་དང་། དེའི་རྗེས་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཚང་མར་གསོལ་ཚིགས་འདེགས་འབུལ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་དང་། དགོང་དྲོ་ཆུ་ཚོད་དྲུག་པ་ནས་དམ་བཅའ་ཆེན་མོ་དང་། རྩོད་པ་དབུ་འཛུགས་ཞུས་ཡོད་པའི་གནས་བསྡུས་སུ།
འོ་ཡ་་་གནས་ཚུལ་གསར་པ་ཞིག་དང་་་གསར་གཏོད་སེ་གལ་མ་རེད་ལ་་་ཧ་ལས་དགོས་པའི་གནད་དོན་ཞིག་ཀྱང་ག་ནས་ཡིན། གདན་ས་ཟེར་ཡ་དེར་ཉིན་ལྟར་དབུ་ཕར་ཙམ་དུ་མ་ཟད་གཞུང་ཆེན་བཀའ་པོད་ལྔ་ག་ལ་རྩོད་སྒྲས་ཆོས་རྭ་ཡོངས་སུ་ཁེངས་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་་་་དེ་ཚོར་ཧ་ལས་མདོ་གནང་ནས་དུས་ཚོད་ཆུད་ཟོས་སུ་མ་གཏོང་། དེ་ལས་སྤྱི་ཚོགས་འཆམ་མཐུན་དང་་་་མི་རིགས་མཐུན་ལམ་ཡོང་ཐབས་ལ་འབད་འབུངས་གནང་ཐུབ་ན་་་་་དགའ་བསུ་ཞུ་རྒྱུ་ཡིན།།
དབུ་ཕར་རྩོད་ནས་་བསྒོམས་ན་བཟང་།།