ཨེ་མ་ཧོ།
ན་མོ་གུ་རུ་བཛྲ་ས་ཏྭ་ཡ།
སྟོང་ཉིད་རྟེན་འབྲེལ་མཛེས་པའི་མཁའ་དབྱིངས་སུ།།
བྱམས་དང་སྙིང་རྗེའི་དབང་ཕྱུག་སྤྲིན་ཆེན་འཁྲིགས།།
བྱང་ཆུབ་སེམས་མཆོག་བདུད་རྩི་འཇོ་བའི་དཔྱིད།།
གངས་ཅན་བླ་མ་བསྟན་འཛིན་རྒྱ་འཛིན་རྒྱ་མཚོ་འདུད།
གངས་ཅན་བསྟན་སྲིད་འཛིན་པའི་ཆོས་ཀྱི་རྒྱལ།།
ཞི་བདེའི་ལམ་བཟང་སྐྱོང་པའི་དགེ་སློང་མཆོག།
ཀུན་ཕན་ལེགས་ཚོགས་སྤེལ་བའི་རྒྱལ་བའི་སྲས།།
སྐྱབས་མགོན་ཡིད་བཞིན་ནོར་བུ་ཞབས་བརྟན་ཤོག།
ཐོ་རངས་སྟག་གི་རྨི་ལམ་སྒྱུ་འཕྲུལ་ལས།།
དར་དམར་སྐར་ལྔ་གཡགས་པའི་བར་གསེང་ནས།།
མི་འདོད་མེ་ཀློང་འཁྲུགས་པའི་འབར་ཤུགས་རྒྱས།།
རྒྱ་བོད་མི་རིགས་ནམ་མཁའི་དབྱིངས་སུ་ཡལ།།
འཇིགས་རུང་རྨུ་ཐག་ནག་པོའི་སྡོམ་རར་ཚོགས།།
གནམ་ས་བར་མེད་གང་བའི་དཔུང་ཤུགས་ཀྱིས།།
ཉི་ཟླ་སྐར་འོད་བཙོན་དུ་བཟུང་བའི་ཚེ།།
གངས་དཀར་ཏི་སེའི་གཟི་མདངས་ཉམས་པར་རྨིས།།
ཆོས་མཆེད་གློ་དཀར་པོའི་ཚོམ་བུ་རྣམས།།
གོ་ལར་སིལ་བུར་འཐོར་བའི་གདུང་ཡུས་བཅས།།
ནོར་འཛིན་མ་མ་བཤུམ་པའི་འཁུན་སྒྲ་ཞིག།
འཇིག་རྟེན་མུན་པ་ཐེངས་ཤིག་འཆར་བ་རྨིས།།
བདུད་སྲིན་མ་མོ་འཐབ་རའི་གཡང་ས་ན།།
ཞི་བདེ་ལྷ་བྱའི་གཤོག་ཡངས་གཅོད་པར་རྔམས།།
ཤུགས་དྲག་སྟག་སེང་ཁྱུང་འབྲུག་རླུང་རྟའི་དཔལ།།
གར་སོང་ཆ་མེད་ཕྱོགས་བཅུར་ཐོར་བ་རྨིས།།
དེ་སོགས་རྨི་ལམ་ངན་པའི་འཕྲུལ་སྣང་ཀུན།།
སྐལ་མཉམ་གྲོགས་ལ་བརྡ་དོན་རྟགས་ཙམ་དུ།།
རྨི་ལམ་དབང་ཕྱུག་དཔལ་དགྱེས་རྡོ་རྗེ་ཡིས།།
སྦས་གསང་མེད་པར་ཡི་གེས་གཟུགས་སུ་བགྱིས།།
གངས་ལྗོངས་བསྟན་སྲིད་ཉི་ཟླ་འོད་སྣང་བཀྲ།།
གངས་ཅན་སྐད་ཡིག་ཚེ་སྲོག་དགེ་ཚོགས་ཤིས།།
གངས་རིའི་སྣོད་བཅུད་མི་ཉམས་ཀུན་ཏུ་བདེ།།
གངས་ཀྱི་གཡང་རར་ལེགས་དགུའི་འབྱོར་གྱུར་ཅིག།
ཅེས་པ་རབ་གནས་ཤིང་ལུག་མགོ་ཟླའི་རྒྱལ་བ་གཉིས་པར་རྨི་ལམ་ངན་པའི་རྐྱེན་ངན་གྲོགས་ཤར་ཕྱིར་དུ་་དེ་སྦས་གསང་མེད་པར་གངས་ཅན་བསྟན་སྲིད་ལ་རྐྱེན་མ་འོངས་གོང་གི་བཟློག་པའི་ཆེད་དུ་ཤྲྰི་སྨྱོན་པས་དབྱིན་ཡུལ་བགྱིས་པར་དགེའོ།། །།
སྟོང་ཉིད་རྟེན་འབྲེལ་མཛེས་པའི་མཁའ་དབྱིངས་སུ།།
བྱམས་དང་སྙིང་རྗེའི་དབང་ཕྱུག་སྤྲིན་ཆེན་འཁྲིགས།།
བྱང་ཆུབ་སེམས་མཆོག་བདུད་རྩི་འཇོ་བའི་དཔྱིད།།
གངས་ཅན་བླ་མ་བསྟན་འཛིན་རྒྱ་འཛིན་རྒྱ་མཚོ་འདུད།
འདི།
སྟོང་ཉིད་རྟེན་འབྲེལ་མཛེས་པའི་མཁའ་དབྱིངས་སུ།།
བྱམས་དང་སྙིང་རྗེའི་དབང་ཕྱུག་སྤྲིན་ཆེན་འཁྲིགས།།
བྱང་ཆུབ་སེམས་མཆོག་བདུད་རྩི་འཇོ་བའི་དཔྱིད།།
གངས་ཅན་བླ་མ་བསྟན་འཛིན་རྒྱ་འཛིན་རྒྱ་མཚོར་འདུད།