འདབ་པ་ཚེ་དབང་མགོན་པོ།
གླེང་སློང་བའི་གཏམ།
སྤྱིར་འོ་སྐོལ་སེམས་དགོས་པ་ཞིག་ལ། རྩོམ་བྲིས་པ་དང་རྩོམ་འབྲི་རྒྱུ་ལ་དགའ་བ་གཉིས་རྩ་བའི་ཆ་ནས་སོ་སོ་ཡིན་ལ། དེ་བཞིན་རྩོམ་པ་པོ་དང་ཡི་གེ་འབྲི་མཁན་གཉིས་ཀྱང་རྩ་བའི་ཆ་ནས་སོ་སོ་ཡིན། དེ་ཚོར་ཞིབ་པར་དཔྱད་དེ་བཤད་ན་ཆང་དང་བདུད་རྩིའི་ཁྱད་པར། ཇ་དང་འོ་མའི་ཁྱད་པར། གསེར་དང་དངུལ་གྱི་ཁྱད་པར། རྟ་དང་བོང་བུའི་ཁྱད་པར་གྲུབ་པ་བཅས་ནི། སྔ་མར་བཤད་པའི་གནད་དོན་དེ་དག་དང་། ཕྱི་མ་དཔེར་བཀོད་པའི་དངོས་པོ་འདི་དག་གཅིག་མཚུངས་སུ་གྲུབ་ཡོད་ལ། དེའི་ཕྱིར་ཁོ་བོ་ལྟ་བུའི་ཡི་གེ་ཐབས་ཆག་ཅིག་འབྲི་ཤེས་མཁན་འགའ་ཞིག་གིས་ཀྱང་། རང་ཉིད་སྨྱུག་ཐོགས་པ་ཞིག་ཏུ་བརློམས་ནས་སྤྱང་ཀིས་ལུག་གུ་མ་ཐོབ་པ་བཞིན་དུ། ཤར་ལྷོ་ནུབ་བྱང་དུ་ངུ་སྐད་བརྒྱབ་ནས་ཡིན་པ་བརྒྱ་དང་། མ་ཡིན་པ་སྟོང་བཤད་ནས་འགྲོ་མཁན་ཡང་མི་ཉུང་བ་ཞིག་ཡོད། ཡང་མི་རིགས་ག་གེ་མོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དེ་བཞིན་ཚོགས་པ་དང་། ཚོགས་ཆུང་། མདོར་ན་མི་ཙམ་དུ་མ་ཟད་སྲོག་ཆགས་གྲོག་མ་ཚུན་ཆད་ལའང་ཞིབ་པར་བརྟགས་ནས་འགན་ཁུར་རང་བཞིན་གྱི་སྐད་ཆ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་མཐོང་ཆེན་བྱས་ཤིང་། འཁྱོག་བརྗོད་ཀྱི་དྲི་མས་མ་བཅིངས་པའི་སྐད་ཆ་ཤོད་མཁན་ཡང་མི་ཉུང་བ་ཞིག་ཡོད་ལ།
དེས་ན་ད་ཆར་གདང་ལ་རི་བོའི་རྩོམ་སྒྲིག་པ་རྣམ་པས། རང་བློས་ཅི་ལྕོགས་ཀྱིས་ལྷག་བསམ་དཀར་པོ་ཀུན་ནས་བསླངས་ཏེ། མཐོ་སྒང་བོད་ཀྱི་སྐད་ཡིག་ལ་ཕྱག་རྗེས་དང་། ཞབས་འདེགས་ཕྲན་བུ་རེ་འཇོག་ཐུབ་ན་སྙམ་སྟེ། བཙན་བྱོལ་སྤྱི་ཚོགས་སུ་མཆིས་པའི་ན་གཞོན་སྨྱུག་ཐོགས་པ་རྣམས་ལ། ཕན་ཚུན་ངར་སློང་རེས་ལྟ་བུར་བགྱིས་ནས་འབོལ་རྩོམ་གྱི་ལམ་ནས་རྩོམ་ཡིག་རེ་བྲིས་ནས་ཤོག་ཅེས་བསྐུལ་བ་བཞིན། རང་ཉིད་ཀྱིས་ཀྱང་ཁོང་ཚོའི་བཀའ་གཅོག་ཐབས་མེད་པའི་གནས་ལུགས་ཤེས་པ་དང་། མ་ཟད་རྩོམ་འབྲི་སྦྱོང་བརྡར་གྱི་གོ་སྐབས་འདི་ལྟ་བུ་ནི་སྲིད་ན་རྙེད་པར་དཀའ་བའི་རྒྱུ་མཚན་སོགས་ངེས་ནས། རྩོམ་ཡིག་འདི་འབྲི་རྒྱུའི་བློ་ཐག་བཅད་པ་ཡིན། འོན་ཀྱང་རྩ་བའི་ཁོ་བོར་རྩོམ་འབྲིའི་ཤེས་ཚད་དམན་ནའང་འབྱུང་འགྱུར་རྩོམ་འབྲིའི་ལམ་ཁར་གོམ་པ་སྤོ་མདོག་བྱས་ནས། ལག་ནང་ཅི་ཐོན་དང་། ཁ་ནས་གང་འཐོན་གྱི་ཡིག་ཚོགས་མང་པོ་ཞིག་སྤུངས་ཤོར་བ་འདིར། རྒྱ་ཆེ་སྨྱུག་ཐོགས་པའི་རྣམ་པ་ཚོར་གུས་ཞབས་མེད་པ་དང་། འགྲོ་སྟངས་མ་ཤེས་པ་ལྟ་བུར་གྱུར་ནའང་། ཤ་ཁྲག་གཅིག་པའི་བོད་རིགས་སྨྱུག་ཐོགས་པ་ཚོ་དང་། དེ་བས་ཀྱང་དཔྱད་འདོན་པ་རྣམས་ཀྱི་སྤྱན་སྔར་སྙིང་ཁོང་རུས་པའི་གཏིང་ནས་དགོངས་སེལ་ཞུ་རྒྱུ་ཡིན། མ་ཟད་བབ་ཅོལ་གྱི་སྐད་ཆ་དང་། ཁུངས་མེད་ཀྱི་ལོང་གཏམ་མང་པོ་ཞིག་འདི་ན་སྨྲ་ཤོར་ཚེ། མཁས་པ་ལྷན་རྒྱས་ཀྱི་མདུན་དུ་མི་མཛེས་པ་མང་པོ་ཞིག་འོང་ངེས་པས། རྩ་བའི་ཆ་ནས་སྨྲ་བ་ཉུང་ཙམ་ཞིག་ལས་མང་པོ་ཞིག་ནི་ཞུ་རྒྱུ་མི་འདུག་གོ །
སྤྱིར་གསར་རྙིང་ཞེས་པའི་བརྡ་ཆད་སྐོར།
སྤྱིར་བཏང་གསར་རྙིང་ཞེས་པའི་བརྡ་ཆད་འདིའི་འཇུག་དོན་ངོ་མ་དེ། ཅི་ཡིན་ཞེ་ན། དངོས་པོ་གང་ཞིག་གི་རྫས་རྒྱུན་ཆད་ནས་ཡུན་རིང་སོང་བ་དང་། རྒྱུ་འབྲས་ཀྱི་བར་ཐག་སྐད་ཅིག་རེས་མོས་ཀྱི་འཕོ་འགྱུར་གྱུར་ནས་ཡུན་རིང་སོང་བ། ད་ཆར་གནས་ཀྱང་མཁོ་སྤྱོད་བྱས་ཟིན་ནས་བེད་མེད་ཀྱི་གྲལ་དུ་ལུས་པའི་དངོས་པོ་སོགས་ལ། འཇིག་རྟེན་པ་རྣམས་ཀྱིས་ཨ་གསར་ཡོལ་ནས་རྙིང་པ་ཞེས་བརྗོད་པ་ཡིན་ལ། །དེ་ཡང་སྔ་མའི་སྔ་མ་རྣམས་ལ་རྙིང་པ་དང་རྙིང་རྐྱང་། ཕྱི་མའི་ཕྱི་མ་རྣམས་ལ་གསར་པ་དང་གསར་རྐྱང་ཞེས་གླེངས་ནས། དེ་དག་གི་རིན་ཐང་ཆེ་ཆུང་དང་། རྩ་བ་ཆེ་ཆུང་སོགས་ཀྱི་ཁྱད་པར་འདི་ནས་འབྱེད་ཅིང་། སྐབས་རེར་རྙིང་པའི་གྲལ་དུ་ཚུད་པའི་དངོས་པོ་རྣམས་རྩ་ཆེན་བྱས་པ་དང་། ཡང་སྐབས་རེར་གསར་པར་མཐོང་ཆེན་བྱས་པ་བཅས་ཏེ་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་ནས། ད་ལྟའི་བར་དུ་གཏན་འཇགས་སུ་གྱུར་ནས་གནས་ཡོད་ལ། དེའི་ཕྱིར་གནའ་དུས་ཡ་ཐོག་གི་དུས་རབས་ནས་ད་ལྟ་ལ་མ་ཐུག་གི་བར་དུ། འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་མང་པོ་ཞིག་གིས་རང་བློར་གང་ཤར་གྱི་རྣམ་རྟོག་འཆར་སྒོའི་རྗེས་སུ་འབྲངས་ནས། ས་ཐོག་འདི་ལ་ཇི་སྲིད་གསོན་པོར་མ་གནས་ཀྱི་བར་དེ་སྲིད་དུ། སོ་སོ་འཚོ་བའི་ཆེད། ཅ་དངོས་མང་པོ་ཞིག་གསར་སྐྲུན་བྱས་པ་དང་། ལུགས་སྲོལ་མང་པོ་ཞིག་གསར་བཟོས་བྱས་ནས་བསྡད་པ་མ་ཟད། དེ་ཚོར་ཞེན་ཆགས་ལྟ་བུར་སྐྱེས་ནས་ཁྱེད་ཀྱིས་བཟོས་པ་དང་བསྐྲུན་པ་རྣམས་ངན་ལུགས་དང་། ཁོ་བོས་བཟོས་པ་དང་བསྐྲུན་པ་རྣམས་བཟང་ལུགས་སོགས་བཤད་དེ། སྐྱེ་བོ་འབུམ་ཕྲག་མང་པོ་བྱ་དངོས་དེ་དག་གི་ཕྱིར། འཐབ་རྩོད་དང་ངལ་རྩོལ་གྱིས་ཚེ་སྲོག་ཤོར་ནས། ཁྲག་གི་རྒྱ་མཚོ་འཁྱིལ་བ་དང་། རུས་པའི་རྩིག་པ་བརྩེགས་པ་སོགས་སྔོན་གྱི་བྱུང་བ་རྣམས་ལས་ཤིན་ཏུ་གསལ་ཞིང་། རང་ཉིད་ཀྱི་ཚེ་སྲོག་དེ་དག་གི་ཆེད་དུ་གཏོང་བ་པོ་རྣམས་ལ། མི་རྣམས་ཀྱིས་དཔའ་བོ་དང་། བྱས་རྗེས་ཅན་ཞེས་བསྒྲགས་ནས་ཡིག་ཐོག་ལ་བཀོད་པ་དང་། དྲན་རྟེན་གྱི་རྡོ་རིང་བཙུགས་པ་སོགས་བྱས་ནས་ཕྱི་རབས་ཀྱི་མི་རྣམས་ལ་ཁོའི་ལོ་རྒྱུས་ཤེས་སུ་བཅུག་ཅིང་། དེ་བས་ཕྱིན་ཆད་མི་རབས་རྣམས་ལ་དེ་ལྟ་བུའི་སྲོག་བློས་གཏོང་འདོད་པའི་ཀུན་སློང་གི་ས་བོན་མཐུག་པོ་ཞིག་བཏབ་ནས། མ་འོངས་པར་ཤི་གསོན་གྱི་འཐབ་རྩོད་དང་ངལ་རྩོལ་དེ་དག་ད་དུང་ཡང་རྒྱུན་བསྲིང་བྱེད་རྒྱུའི་ཚུལ་དུ་བཞག་ཡོད།
མ་ཟད་དེའི་གྲལ་ནང་ཉེན་ཁ་ཆེ་ཤོས་ཀྱི་ལུགས་སྲོལ་ཏེ། མི་རྣམས་ཀྱི་མིག་མདུན་དུ་མཐོང་བྱར་མ་གྱུར་པའི་ཕྱི་མའི་རེ་སྒུག་ཙམ་གྱི་དོན་ལ་གཉེར་དགོས་པ་དང་། ཇི་ལྟར་བསམས་ཀྱང་ངེས་ཤེས་མི་རྙེད་ཅིང་གནས་སྐབས་ཆ་འཇོག་ཙམ་དུ་བྱེད་དགོས་པའི་ལམ་དང་ལུགས་སྲོལ་སོགས་ལ། ཉན་ན་རྣ་བར་སྙན་པའི་ཆོས་ཞེས་པ་དང་། དེ་མིན་པའི་ད་ལྟའི་དངོས་སུ་བཀོལ་སྤྱོད་བྱེད་པའམ་བེད་སྤྱོད་གྱུར་པའི་ལམ་དང་ལུགས་སྲོལ་རྣམས་ལ་རིག་གནས། དེ་བས་ཕན་ཚུན་གཤིབ་སྐབས་མགོ་བདེ་དང་དྲན་འཕྲུལ་གྱི་ལམ་ནས་ཕམ་ཉེས་གཏོང་རེས་བྱེད་པའི་བྱ་སྤྱོད་ལ་ཆབ་སྲིད། ཕ་རོལ་གཞན་གྱིས་རང་གི་ལམ་དང་ལུགས་སྲོལ་བསྣུབས་པ་དང་། རང་གི་བུ་ཚ་ཆུང་མ་ཚུནན་ཆད་འཕྲོག་པར་བྱེད་པའི་ཉེན་ཁ་སོགས་འོང་ཚེ་འགོག་བྱེད་ཀྱི་དྲག་ཤུགས་རྣམས་ལ་དམག་དཔུང་། དེ་དག་སོ་སོར་ཞིབ་འཇུག་དང་ཉམས་མྱོང་ཡུན་རིང་བསགས་པ་ལས་ཉེ་བར་འོང་བའི་ཁྱད་ཆོས་མི་འདྲ་བ་དང་། ལུགས་སྲོལ་མི་འདྲ་བ་ལྡན་པའི་སྐྱེ་བོ་རྣམས་ལ་མི་རིགས་ཞེས་བརྗོད་པ་ཡིན།
ལུགས་སྲོལ་དེ་དག་རྒྱུན་ཆད་ནས་ཡུན་རིང་སོང་བ་དང་། ད་ཆར་གནས་ཀྱང་དུས་ཡུན་རིང་པོའི་གོང་ལ་རྒྱུན་བསྲིངས་ནས་བྱུང་བའི་དངོས་པོ་ཞིག་གམ་མཁྲེགས་པོར་གྱུར་པའི་ཆ་ནས་སྲོལ་རྒྱུན་དང་། ད་ཆར་འབྱུང་བཞིན་པའི་ལུགས་སྲོལ་རྣམས་ལ་དེང་རབས་ཞེས་བརྗོད་པ་ཡིན་ལ། དེའི་ཕྱིར་འཇིག་རྟེན་གྱི་དགོས་མཁོ་མཐའ་དག་སྔ་དུས་ཀྱི་ལོ་རྒྱུས་ལ་བལྟས་ན། ཆུའི་གཉེར་མ་བཞིན་དུ་འོངས་པ་དང་འགྲོ་བཞིན་པའི་དངོས་པོ་རྣམས་ཏེ། སྔ་མ་ལ་ལྟོས་ནས་ཕྱི་མ་རྣམས་གསར་པ་དང་། ཕྱི་མ་ལ་ལྟོས་ནས་སྔ་མ་རྣམས་ལ་རྙིང་པ་ཞེས་བརྗོད་པ་ཡིན། དེ་དག་གི་རྒྱུད་འཛིན་པའམ་གོམས་འདྲིས་ཆེ་བའི་མི་རྣམས་ལ་མཚོན་ནའང་། ཕྱི་མ་ལ་ལྟོས་ནས་སྔ་མ་རྣམས་ལ་གོམས་འདྲིས་ཆེ་བ་དང་ཆ་རྒྱུས་ཡོད་པའི་རྒན་རབས་ཚོར་མི་རབས་རྙིང་པ་དང་། སྔ་མ་ལ་ལྟོས་ནས་ཕྱི་མ་རྣམས་ལ་དོ་སྣང་ཡོད་པ་དང་དགའ་ཞེན་ཆེ་བའི་མི་ཚོར་མི་རབས་གསར་པ་ཞེས་བརྗོད་པ་ཡིན།
མདོར་ན་དངོས་པོ་གང་དང་ཡིན་ནའང་རུང་། བྱ་བ་དང་ལུགས་སྲོལ་ཇི་ལྟར་ཡིན་ཡང་ཆོག ཕྱི་མ་ལ་བལྟོས་ནས་སྔ་མ་རྣམས་རྙིང་པ་དང་། སྔ་མ་ལ་བལྟོས་ནས་ཕྱི་མ་རྣམས་གསར་པར་གྱུར་པ་ནི། འཇིག་རྟེན་གྱི་གཤིས་ལུགས་ལ་ལྡོག་ཐབས་མེད་པའི་ཆོས་ཉིད་ཀྱི་གཏན་ཚིགས་ལྡན་ཞིང་། འོ་སྐོལ་མཐོ་སྒང་པ་ཚང་གི་གནས་སྟངས་འདི་དག་དང་ཅི་མཚུངས་སུ་བྱས་ནས་ཡོང་བ་རེད་ཅེས་བཤད་ནའང་། ཆགས་ལྡན་མིག་ལ་མཛེས་པའི་གཟུགས་ཀྱི་ལང་ཚོ་དང་། མདོངས་མཐའི་རྣ་བར་སྙན་པའི་ཆར་སྤྲིན་གྱི་འབྲུག་སྒྲ། མཁས་པ་ལེགས་པར་མགུ་བའི་གནས་ལུགས་ཀྱི་གཏམ་སོགས་འགྱུར་རོ་སྙམ་མོ། །
མི་རབས་རྙིང་པའི་ལྟ་གྲུབ་འཁྱེར་ཕྱོགས་སྐོར།
སྐབས་འདིར་གླེང་བར་བྱ་བའི་མི་རབས་རྙིང་པའི་ལྟ་གྲུབ་འཁྱེར་ཕྱོགས་ཞེས་པ་སྟེ། ཇི་ལྟར་རེད་ཅེ་ན། འདས་པའི་འཇིག་རྟེན་དང་སྤྱི་ཚོགས་ལ་ཆ་རྒྱུས་དང་གོམས་འདྲིས་ཆེ་ཞིང་། ད་ལྟའི་གནས་སྟངས་ལ་དེ་ཙམ་དུ་དོ་སྣང་དང་དགའ་ཞེན་མི་བྱེད་པའི་ཤི་གསོན་གཉིས་སུ་གྱུར་པའི་རྒན་རབས་པ་ཚོའི་བསམ་བློའི་འཛིན་སྟངས་ལ་མི་རབས་རྒན་པའི་ལྟ་གྲུབ་ཅེས་བརྗོད་ཆོག་ལ། དེ་ཡང་། ཁོ་ཚོའི་སེམས་ནང་ལ་ཤ་འདྲེས་དང་པགས་འདྲེས་སུ་གྱུར་པའི་ལྟ་གྲུབ་ཀྱི་འཁྱེར་ཕྱོགས་དེ་ནི། རྩ་བའི་རང་ཉིད་ཆུང་ངུ་ནས་དར་མའི་བར་དུ་ལྷན་ཅིག་པའི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་ལུགས་སྲོལ་རྣམས། ཕྱིས་སུ་ཁོ་ཚོའི་སྒེར་བདག་ལྟ་བུར་གྱུར་ནས་དེ་ཚོར་ཞེན་ཆགས་ཆེན་པོར་སྐྱེས་ནས། མཐར་རང་ཉིད་ཀྱི་ལྟ་གྲུབ་ངོ་མ་ཞིག་ལ་འགྱུར་འགྲོ་བ་ཡིན།
དེ་ནི་རང་ཉིད་ཆུང་ངུའི་དུས་སུ་ཕ་མེས་དང་ཡང་མེས་རྣམས་ཀྱིས་བསླབས་པའི་སློབ་སྦྱོང་དང་། དེ་ནས་སོ་སོས་བསམ་བློ་གཏོང་ཤེས་པའི་གནས་སྐབས་སུ་ཡུལ་ལ་དཔྱད་པར་བྱས་པའི་གོམས་གཤིས་རྣམས། རང་ཉིད་ཀྱི་རྒྱུད་ལ་གཏན་དུ་འཇགས་ནས་རིམ་གྱིས་ལྟ་གྲུབ་ཀྱི་ངོ་བོར་འགྱུར་འགྲོ་བ་མ་ཟད། མིག་གི་མཐོང་བྱ་དང་སྣང་བྱར་མ་གྱུར་པའི་སེམས་ནང་གི་ཕུགས་བསམ་གྱི་ཡུལ་དུ་གྱུར་པའི་ལུགས་སྲོལ་རྣམས་ལ། རྩ་བའི་ཆ་ནས་ཞེན་ཆགས་ཆེ་ཞིང་། ད་ལྟ་རང་ཉིད་ཀྱིས་མྱོང་བཞིན་པ་དང་བཀོལ་སྤྱོད་བྱེད་ཀྱིན་པའི་བྱ་དངོས་ཡོད་ཅོག་ལ། དགའ་ཞེན་མི་བགྱིད་པ་དང་དེ་བས་སེམས་གཏིང་ནས་མཐོང་ཆུང་བྱེད་པའི་བསམ་བློའི་འཛིན་སྟངས་ངོ་མ་སྟེ། ཤ་དང་པགས་པ་འདྲེས་པའི་ལུས་ཕུང་དང་། ཆུ་དང་འོ་མ་འདྲེས་པའི་རླན་གཤེར་བཞིན་དུ་གྱུར་ནས་ཁོ་ཚོའི་ལྟ་གྲུབ་ངོ་མ་སྟེ་ཆགས་ཡོད་ལ།
དེ་ཡང་དཔེ་མཚོན་ཙམ་ཞིག་བཀོད་ན་ནི། བྱིས་པ་ཞིག་མངལ་ནས་སྐྱེས་མ་ཐག་ཏུ་ཁྱིམ་རྒྱུད་དེ། བོན་པོའི་ཁྱིམ་ཚང་ཞིག་ཡིན་ཚེ་དེར་ཕ་མའི་སློབ་གསོ་དང་། རིམ་གྱིས་རང་ཉིད་ཀྱིས་དེ་དག་ལ་སློབ་སྦྱོང་བྱས་ནས། ཕྱིས་སུ་བསམ་བློའི་འཛིན་སྟངས་ཀྱི་ཐོག་ལ་བོན་པོའི་ཆོས་ལུགས་ལ་དད་པ་རྒྱུན་དུ་བྱེད་ཅིང་། མཐར་བྱིས་པ་རིམ་གྱིས་རྒྱུན་བསྲིངས་པའི་གང་ཟག་དེ་ཆེར་ལོང་སྐབས། སྔ་ནས་ད་ལྟའི་བར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་བསམ་བློའི་འཇིག་རྟེན་དེར། བོན་པོའི་ཆོས་ལུགས་ལས་ལྷག་པའི་ཆོས་ལུགས་ཤིག་འཇིག་རྟེན་འདིར་མེད་པར་སྙམ་པའི་བསམ་བློ་སོགས་ནི། རང་ཉིད་ཀྱི་སེམས་ཀྱི་གཤིས་ཀ་ཞིག་གམ་ལྟ་གྲུབ་ཀྱི་ངོ་བོར་འགྱུར་འགྲོ་བ་ཡིན།
དེ་བཞིན་རྙིང་མ་པའི་ཆོས་བརྒྱུད་དང་། བཀའ་བརྒྱུད་པའི་ཆོས་བརྒྱུད། ས་སྐྱ་པའི་ཆོས་བརྒྱུད། དགེ་ལྡན་པའི་ཆོས་བརྒྱུད་སོགས་ཆོས་ལུགས་གང་ཞིག་ལ་སློབ་སྦྱོང་ཐེབས་སོང་ན། དེ་དག་ཡང་དག་ཡིན་པར་བསམ་རྒྱུ་དེ་ཡང་། ཐུགས་ཁག་ཡེ་ནས་མེད་པས་སྦྱོང་བ་པོ་དེའི་རྒྱུད་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་སེམས་ཀྱི་གཤིས་ལུགས་སམ། ལྟ་གྲུབ་ཅིག་ལ་འགྱུར་འགྲོ་བ་ནི་འཇིག་རྟེན་མིའི་འགྲོ་ལུགས་ཤིག་ཡིན། དེ་བས་ས་ཐོག་འདིའི་སྟེང་ལ་དེ་ལྟ་བུའི་བྱུང་བ་མང་བ་ནི་རྩིས་ཀྱིས་གྲངས་མི་ཆོད་པ་དང་། ལག་པས་འཛིན་མི་ནུས་པ་བཅས་ཡིན་པ་མ་ཟད། དེ་དག་ལ་ཞེན་ཆགས་ཆེན་པོར་བྱས་ནས། ཡར་རྒྱས་ཀྱི་དངོས་པོ་མཐའ་དག་ཐལ་རྡུལ་རླུང་གིས་འཁྱེར་བ་བཞིན་དུ། ཕྱོགས་བཞི་མཚམས་བརྒྱད་ལ་དེད་ནས་མཐར་གྲོག་རོང་གཅོང་རོང་ཟབ་མོའི་གནས་སུ་རྐང་ཆག་དང་ལག་ཆག་བཟོས་ནས་འཕངས་ཀྱང་བྱས་ཡོད།
སྔར་བོད་བཙན་པོའི་དུས་སྐབས་ཤིག་ལ་བོན་པོ་དང་བན་སྡེ་གཉིས་དབར་འཐབ་རྩོད་ཀྱི་ཡོ་ལང་ཉིན་མཚན་ལྟོས་མེད་དུ་རྒྱས་ནས། སྐྱེ་བོ་ཁྲི་ཕྲག་མང་པོའི་ཚེ་སྲོག་གི་དུས་བྱས་པ་དང་། ཕ་མེས་དང་ཡང་མེས་ནས་བྱུང་བའི་བྱ་དངོས་དེ་དག་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་བཟོས་ནས། རང་ཉིད་ཀྱིས་འཇོན་ལུགས་དང་བྱེད་ལུགས་བསྒྲགས་ནས། བདེན་པ་བརྒྱ་དང་མ་བདེན་པ་སྟོང་དུ་བཤད་པའི་གླེགས་བམ་གྱི་ཕྲེང་བ་ད་ལྟའི་བར་གནས་ཡོད་ལ། དེ་ནས་ས་སྐྱ་པ་དང་འབྲི་གུང་པའི་བར་བསྟན་པ་གཅིག་གི་རྗེས་སུ་འཛིན་པའི་དགེ་འདུན་གྱི་སྡེ་ནང་འཁྲུགས་བྱུང་སྟེ། རབ་བྱུང་པ་སྟོང་ཕྲག་མང་པོའི་ཤི་བསད་ཁྲག་གི་འཁོར་ལོ་དབུས་གཙང་རུ་བཞིར་དམར་འཁྱིལ་འཁྱིལ་དུ་བསྐོར་བ་དང་། ཕྱིས་སུ་དགེ་ལྡན་པ་དང་བཀའ་བརྒྱུད་གཉིས་ཀྱིས་ལོ་ངོ་བཅུ་ཕྲག་མང་པོར་གྲུབ་མཐའ་བར་འཐབ་རྩོད་བྱས་ནས། མི་གསོད་ཁྲག་སྦྱོར་དང་། ཆོས་གཞིས་མི་སེར་རྣམས་ཀྱིས་བཟའ་མ་བྲ་པ་དང་བཏུང་མ་བྲ་པའི་ཟས་ནོར་ལོངས་སྤྱོད་སོགས་བཏང་སྟེ། སྐུ་གསུང་ཐུགས་རྟེན་དང་དགོན་སྡེ་བཞེངས་སྐྲུན་བྱས་པའི་རྟེན་དངོས་མཐའ་དག བྱིས་པ་རྣམས་ཀྱིས་བྱིའུ་ཚང་བརླགས་པར་བྱེད་པ་ལྟར་མེད་པར་བཟོས་པ་དང་། དེ་བས་དགོན་སྡེ་ཕན་ཚུན་བསྒྱུར་རེས་བྱས་ནས་སྲོག་ཆགས་གྲོག་མས་ཚང་བཅའ་བ་བཞིན་དུ་ཉིན་མཚན་དུས་འདས་ནས་ལོ་ངོ་མང་པོར་གནས་ཡོད།
མཐར་དཔྱད་པར་བྱེད་དུས་བྱ་ངན་དེ་དག་སྤོབས་པ་སྐྱེ་དགོས་པ་དང་། ང་རྒྱལ་བྱེད་ཆོག་པའི་གནས་ཤིག་མིན་པར་ངེས་དུས། ལོ་རྒྱུས་ཀྱི་ཐོག་ལ་སྦས་གསང་བྱས་པ་དང་། འཁྱོག་ཤོད་བྱེད་དགོས་པའི་གནས་སྟངས་སོགས་བྱུང་ཡོད་ལ། དེའི་ཕྱིར་ཡིད་སྐྱོ་པའི་གནས་སྟངས་དེ་ལྟ་བུ་ནི། འཇིག་རྟེན་ལྷ་ཞིག་གམ་བྱེད་པ་པོ་གཞན་ཞིག་གིས་བསྐྲུན་པ་མ་ཡིན་པར། རྩ་བའི་བོད་མི་རང་ཉིད་ཀྱི་བསམ་བློའི་རྨང་གཞིའི་ཐོག་ནས་བྱུང་བ་ཞིག་དང་། ལྟ་གྲུབ་འཁྱེར་ཕྱོགས་མ་མཐུན་པའི་དབང་གིས་བྱུང་བའི་གནས་སྟངས་ཤིག་ཡིན་པར་བསྙད་དུ་མེད་ཅིང་། སྔོན་གྱི་ལོ་རྒྱུས་ཀྱི་ཐོག་ལ་འཚོལ་ཞིབ་བྱས་ནའང། བོད་ཀྱི་མི་རབས་རྙིང་པ་ཚོའི་འཚོ་བའི་བརྒྱུད་རིམ་ཁྲོད་ནས། མཚན་མོ་དང་མུན་པ་ལྟ་བུར་འདྲེས་ནས་གནས་ཚུལ་མང་པོ་ཞིག་བྱུང་བ་ཡིན་པར་ར་སྤྲོད་བྱེད་ནུས།
གལ་ཏེ་བསམ་བློའི་ལངས་ཕྱོགས་དང་ལྟ་གྲུབ་འཁྱེར་ཕྱོགས་ཐད་ལ་ནོར་འཛོལ་ཤོར་ཚེ། མི་རབས་མང་པོས་ཡོ་སྲང་བྱེད་མི་ཐུབ་པའི་འཇུག་འབྲས་ངན་པ་འབྱུང་རྒྱུ་ནི། འཇིག་རྟེན་འདིའི་ནང་ལ་ཤིན་ཏུ་ནས་མང་པོ་ཞིག་ཡིན་ལ། དེ་བས་ཀུན་གྱི་མཐོང་ཡུལ་དུ་གྱུར་པའི་བོད་ཀྱི་གནས་སྟངས་འདི་ཡང་། རྒྱུ་རྐྱེན་དེ་ལྟ་བུ་ཞིག་གི་ངན་འབྲས་གྱུར་པར་ས་ཐོག་འདི་ལ་འགྲེང་བཞིན་པའི་ཤེས་ལྡན་ཀུན་གྱིས་ཤེས་གསལ་ཡིན། དེ་བཞིན་བཙན་བྱོལ་སྤྱི་ཚོགས་སུ་མཆིས་པའི་མི་རབས་རྙིང་པ་རྣམས་ཀྱི། ཤ་ཁྲག་རུས་འདྲེས་སུ་གྱུར་པའི་ལྟ་གྲུབ་ངོ་མ་དེ་ཡང་། འདི་ལྟར་ཡིན་པས་ན། དུས་ཚོད་གང་ཡོད་དང་། ནུས་ཤུགས་གང་ཡོད་ཆོལ་ཁ་ཆོས་ལུགས་འཐེན་ཁྱེར་གྱི་བྱེད་ཕྱོགས་ལ། འགྱུར་མེད་གཡུང་དྲུང་གི་རང་བཞིན་དུ་གྱུར་པའི་བསམ་བློའི་རང་ཚུགས་རྣམས་རྒྱུན་བསྲིང་བྱེད་རྒྱུ་དེ་ཡིན། དེ་ནི་ཁོ་ཚོར་མཚོན་ན་དངོས་ལྐོག་བརྒྱུད་གསུམ་གྱི་བྱ་གཞག་རླབས་ཆེན་ཞིག་དང་། ནམ་ཡང་དོར་ཐབས་མེད་པའི་འཇིག་རྟེན་གྱི་བདེ་སྐྱིད་ཆེ་ཤོས་ཤིག་དང་། མི་ཚེའི་དོན་ཆེན་བསྒྲུབ་པའི་ཕུགས་བསམ་གྱི་འཇིག་རྟེན་ངོ་མ་ཞིག་ལ་བརྩིས་ནས། དེ་ཚོའི་ཆེད་དུ་ཉིན་མཚན་དུས་འདའ་བ་དང་། མི་ཚེ་རྫོགས་འགྲོ་བ། མཐའ་ན་མི་རྒྱུ་གཏམ་གསུམ་བློས་བཏང་ནས། རང་གི་ཆོས་ལུགས་དང་ཆོལ་ཁ་ཡར་རྒྱས་དང་། ཉམས་གསོ་བྱས་ཤིང་། གཞན་གྱི་ཆོལ་ཁ་དང་ཆོས་ལུགས་ལ་གནོན་ཤུགས་ཚད་མེད་སྦྱིན་ནས་ཕམ་ཉེས་སུ་གཏོང་ཐབས་སོགས་བྱས་ཡོད་ལ། འདི་ལྟ་བུའི་ལས་དོན་བགྱིད་པའི་སྐབས་གང་ཟག་མཐོ་དམན་སུ་ཞིག་ཡིན་ནའང་རུང་། བྱ་བ་དང་མཛད་སྒོ་ཅི་འདྲ་ཞིག་བྱས་ན་ཆོག གང་ལྟར་ཁྱེད་ཕྱོགས་དང་ང་ཕྱོགས་ཀྱི་འཐེན་ཁྱེར་གཏོགས་པ་མི་མངོན་པར་གྱུར་པ་ཤ་སྟག་ཡིན།
ཡང་གཞུང་སྒེར་དང་། ཚོགས་པ་གང་ཞིག་ཡིན་ནའང་། ལས་བྱེད་བསྐོ་བཞག་བྱེད་དུས་སུའང་གཙོ་བོ་རང་ཕྱོགས་ཁོ་ན་མ་གཏོགས་མི་འདོན་པར་བྱས་པ་རྣམས་ཀྱང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་མི་རབས་རྙིང་པའི་ཁྱད་ཆོས་སམ་སེམས་ཀྱི་གཤིས་སུ་གྲུབ་ཡོད་ལ། དཔེར་ན་མཛད་སྒོ་ཆུང་ཆུང་ཞིག་ཚོགས་པའི་སྐབས་སུའང། ཆོལ་ཁ་སོ་སོའི་སྐུ་ཚབ་དང་། ཆོས་ལུགས་སོ་སོའི་བླ་མ་སོགས་འཛོམས་དུས། རང་ཕྱོགས་ཀྱི་མི་སྣ་དང་བླ་མ་རྣམས་ལ། རྐུབ་སྟེགས་ཕྲན་བུ་ཞིག་མཐོ་ཐབས་དང་། གཞན་ཕྱོགས་དེར་ཅུང་ཟད་ཅིག་དམའ་ཐབས་བྱས་ནས། མི་དམངས་རྣམས་ལ་ཁོ་བོའི་ཕྱོགས་གཏོགས་མི་སྣ་དང་བླ་མ་དེ་བཟང་མདོག་དང་། ལེགས་པོར་ཡིན་ཚུལ་སྣང་དུ་བཅུག་པ་དང་། གཞན་གྱི་ཕྱོགས་དེ་ཅུང་ཟད་ཅིག་དམའ་རབས་དང་ཆུང་ངུ་ཡིན་མདོག་གི་རྣམ་འགྱུར་སྟོན་ཐབས་བྱེད་མཁན་རྐྱང་རྐྱང་ཡིན། དེས་ན་དེ་ལྟ་བུའི་བྱེད་ལུགས་སམ། ལམ་ལུགས་ནི་བསམ་བློའི་འཛིན་སྟངས་དང། བློ་ལྷན་ཅིག་སྐྱེས་པའི་ལྟ་གྲུབ་ཅིག་ཡིན་པར། ཐེ་ཚོམ་དང་དོགས་པ་མི་དགོས་པ་དང་། དེ་དག་ཁྲུས་ཀྱང་དག་ཐབས་མེད་པའི་མི་རབས་རྒན་པའི་ཀླད་པའི་ནང་ལ་ཤིན་ཏུ་ནས་ཟུག་པའི་རྡོ་དང་རྡོའི་རི་མོ་བཞིན་དུ་གནས་ཡོད་དོ། །
མི་རབས་གསར་པའི་ལངས་ཕྱོགས་འཛིན་ཚུལ་སྐོར།
ཤིན་ཏུ་ནས་དཀྱེལ་ཡངས་ཤིང་ཁོག་ཆེ་བའི་མི་རབས་གསར་པའི་ལངས་ཕྱོགས་ཞེས་པ་དེ་ནི། འདས་པའི་སྤྱི་ཚོགས་ཀྱི་སྐྱོན་ཆ་རྣམས་དང་། དེ་བཞིན་ཡོན་ཏན་གྱི་ཆ་རྣམས་གཉིས། སྤང་བླང་ཚུལ་བཞིན་དུ་བགྱིས་པའི་སྒོ་ནས། འཇིག་རྟེན་གྱི་ལམ་བུ་གསར་པ་འཚོལ་བར་བྱེད་པའི་བསམ་བློའི་རྨང་གཞིར། མི་རབས་གསར་པའི་ལངས་ཕྱོགས་ཟེར་བ་ཡིན། དེ་ཡང་། རྩ་བའི་ཁོ་ཚོས་སྔ་དུས་ཀྱི་སྤྱི་ཚོགས་ནང་བྱུང་བའི་སྐྱོན་རྐྱེན་གྱི་ཆ་རྣམས་རིམ་གྱིས་སྤངས་ཤིང་། ཡོན་ཏན་གྱི་ཆ་རྣམས་ཟུར་གསོག་བྱས་ནས། རང་ཉིད་ཀྱི་གསར་གཏོད་བྱས་པའི་རྨང་གཞིའི་ཐོག་ལམ་བུ་ཇི་ཙམ་རྙེད་པ་རྣམས་རྒྱུན་བསྲིངས་དང་འཕེལ་རྒྱས་བཏང་ཞིང་། རྙིང་པ་རྣམས་ལ་དེ་བས་ལེགས་པར་བརྟགས་ཤིང་དཔྱད་ནས། མཐར་འགྲིགས་པ་རྣམས་གཙོ་བོར་འཛིན་རྒྱུའི་བསམ་བློ་རྨང་གཞིར་འཁྱེར་བ་ལ། མི་རབས་གསར་པའི་ལངས་ཕྱོགས་ཞེས་པར་རིམ་གྱིས་འགྱུར་འགྲོ་བ་ཡིན།
ལངས་ཕྱོགས་འདི་ནི་སྤྱིར་བཏང་རྨོངས་དད་ཙམ་གྱི་རྗེས་སུ་འབྲངས་ནས། བྱ་དངོས་ཡོངས་རྫོགས་ཐག་གཅོད་བྱེད་རྒྱུ་དེ་མ་ཡིན་པར། གཙོ་བོ་གནད་དོན་ཆེ་ཆུང་གང་དང་གང་ཞིག་ཡིན་ནའང་དེ་དག་ལ་ཞིབ་ཏུ་དཔྱད་དེ། དགོས་པ་རྣམས་བླང་བྱ་དང་མི་དགོས་པ་རྣམས་འདོར་རྒྱུའི་ཚུལ་དུ་གཏན་འབེབས་བྱས་པ་དང་། ལྷག་པར་མི་ཆེ་ཆུང་དང་། རྐུབ་སྟེགས་མཐོ་དམན། དབུལ་ཕྱུག་གི་ཁྱད་པ་ལ་མི་བལྟ་བར། གཙོ་བོ་དྲང་བདེན་གྱི་ལམ་བུ་རྣམས་དམིགས་སུ་བཟུང་ནས། སྤྱི་ཚོགས་བགྲོད་རྒྱུ་དེ་མི་རབས་གསར་པའི་གཤིས་ལུགས་ཤིག་ཡིན་ལ། དེ་བས་འདས་པའི་སྤྱི་ཚོགས་ཀྱི་རུལ་དྲི་ཁ་བའི་ཆོས་ལུགས་ཀྱི་འཐེན་ཁྱེར་དང་། ལུང་ཚན་གྱི་འཐེན་ཁྱེར། རིགས་རུས་ཀྱི་དབྱེ་འབྱེད་སོགས་ལ་མི་བལྟ་བར། དེ་དག་ལས་ལྡོག་ཕྱོགས་སུ་གྱུར་པའི་ལམ་ལུགས་མང་པོ་ཞིག་གསར་གཏོད་བྱས་ནས། འཇིག་རྟེན་གྱི་ཕན་བདེ་ལྡན་པའི་སྤྱི་ཚོགས་གསར་པ་ཞིག་བསྐྲུན་རྒྱུ་སྟེ། མི་རབས་གསར་པ་ཚོའི་ཕུགས་བསམ་གྱི་དོན་སྙིང་ངོ་མ་དེ་ཡིན་ལ། དེ་བས་ཤི་གསོད་ཁྲག་གི་འཁོར་ལོ་བསྐོར་ནས་སྐྱེ་བོ་ཁྲི་ཕྲག་མང་པོའི་ཚེ་སྲོག་གི་འདུ་བྱེད་པའི་ལམ་ལུགས་མཐའ་དག་མེད་པར་བཟོས་ཏེ། ས་ཐོག་འདིར་མཆིས་པའི་མི་རིགས་སྤུན་ཟླ་རྣམས་ཕན་ཚུན་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས། མི་ཚེ་བགྲོད་རྒྱུ་སྟེ་མི་རབས་གསར་པའི་མིག་མདུན་དུ་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ངོ་མ་དེ་ཡིན།
ད་དུང་མི་ཕན་ཚུན་དོགས་པ་དང་རྣམ་རྟོག་ཉུང་ཞིང་། གཞན་གྱི་རང་དབང་དང་བདེ་སྐྱིད་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱེད་པའི་རྣམ་པ་དང་། སྤྱི་ཚོགས་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་དང་དཀའ་ངལ་སེལ་རེས་བྱེད་པའི་ལངས་ཕྱོགས་རྩ་འཛིན་བྱས་ནས། རྒྱལ་ཁབ་ཆེ་ཆུང་དང་། ལུང་པ་ཆེ་ཆུང་། ཚོགས་པ་ཆེ་ཆུང་མེད་པར། ཆ་མཐུན་ལྡན་པའི་ཕན་བདེའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་མི་རབས་གསར་པའི་དགོས་མཁོ་ཆེ་ཤོས་དེ་ཡིན། དེ་བཞིན་མི་སོ་སོའི་བསམ་བློའི་རང་དབང་དང་། སྨྲ་བརྗོད་རང་དབང། འགྲོ་འདུག་རང་དབང་བཅས། མི་རབས་གསར་པའི་ལངས་ཕྱོགས་ཀྱི་ཁྱད་ཆོས་ངོ་མ་ཞིག་དང་། བསམ་བློ་དང་ལྟ་གྲུབ་གསར་པའི་མཚོན་རྟགས་གཤའ་མ་དེ་ཡིན། གལ་ཏེ་འདི་ལྟ་བུ་མཚོན་རྟགས་དེ་ཡུལ་གང་ཞིག་དང་དུས་ཚོད་ནམ་ཞིག་ན་ལྡན་ཚེ། འདས་པའི་སྤྱི་ཚོགས་ཀྱི་མི་སྡུག་པའི་ཉམས་ཤ་སྟག་ལྡན་པའི་སྲོལ་ངན་མཐའ་དག་ནུབ་ཚར་བ་ཡིན། དེ་བས་ས་ཐོག་ཏུ་འགྲེང་བཞིན་པའི་སྐྱེ་བོ་ཞིག་ཡིན་ཚེ་གོང་དུ་བཤད་པའི་སྨྲ་བརྗོད་ཀྱི་རང་དབང་དང་། བསམ་བློའི་རང་དབང་། འགྲོ་འདུག་གི་རང་དབང་བཅས་ངེས་པར་དུ་ཡོད་དགོས་ལ། དེ་དག་ཡོད་ཚེ་འཇིག་རྟེན་གྱི་ཐོག་ལ་ཕན་ཐོགས་པའི་བྱ་དངོས་དང་། ཕན་མ་ཐོགས་པའི་བྱ་དངོས་མཐའ་དག་ལ་དབྱེ་ཞིབ་བྱས་ནས། སྤང་བླང་གི་གོ་རིམ་མ་ནོར་བར་བྱེད་ནུས།
དེ་ལ་བརྟེན་ནས་མི་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུའི་གོ་སྐབས་ཡོངས་རྫོགས་ཐུབ་ལ། དེའི་ཕྱིར་སྐྱེ་བོ་ཆེ་ཆུང་གང་ཞིག་ཡིན་ནའང་ཐོག་མར་རང་དབང་འདི་གསུམ་པོ་རང་གི་རྒྱུད་ལ་ཐོབ་ཐབས་བྱས་ནས། མི་རབས་གསར་པའི་ལངས་ཕྱོགས་ཏེ་ཇི་སྲིད་བར་དུ་འཛིན་ཐབས་བྱས་ཡོད།
དེ་བཞིན་བོད་ཀྱི་མི་རབས་གསར་པ་རྣམས་ཀྱིས་ཀྱང་། འདས་པའི་རྙོག་འཛིངས་ཅན་གྱི་སྤྱི་ཚོགས་ལ་ཕྱིར་མིག་གསལ་པོ་ཞིག་བལྟས་ནས། ཡིད་སྐྱོ་དགོས་པའི་ཆོས་ལུགས་ཀྱི་འཐེན་ཁྱེར་དང་། ཕན་མ་ཐོགས་པའི་ཆོལ་ཁའི་ཕྱོགས་རེ་སོགས་ལ་སེམས་བཏིང་ནས་ཞེན་པ་ལོག་ཅིང་། འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་དེ་མཐུན་སྒྲིལ་གྱི་མཛེས་སྡུག་ཕྱོགས་ཀུན་ནས་འཕྲོ་བའི་ལམ་བུ་ཞིག་འཛིན་རྒྱུའི་དམིགས་ཡུལ་འཆང་བ་མ་ཟད། མདུན་སྐྱོད་ཀྱི་གོམ་སྒྲ་སྒྲོག་བཞིན་པ་དང་། ཡར་ཐོན་གྱི་ཆུ་བོ་རྒྱས་བཞིན་པ་ཡིན།
ད་དུང་ཕན་ཚུན་དོགས་པ་དང་རྣམ་རྟོག་ཉུང་ཞིང་། བཟོད་བསྲན་ཆེ་བ། ཕྱོགས་གང་གི་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་སོགས་ལ་ཕྲག་དོག་ཉུང་བ་བཅས་ཀྱི་ཁྱད་ཆོས་དེ། བོད་ཀྱི་མི་རབས་གསར་པ་ཚོའི་ལངས་ཕྱོགས་ཡིན་ཞིང་། སྔར་དུས་རབས་བདུན་པའི་སྐབས་སུ་བོན་པོ་དང་བན་སྡེའི་འཐབ་རྩོད། དུས་རབས་བཅུ་བཞི་པའི་ནང་ལ་ས་སྐྱ་དང་འབྲི་གུང་གི་འཐབ་རྩོད། ཕྱིས་སུ་དུས་རབས་བཅུ་བདུན་པའི་ནང་བཀའ་དགེ་གཉིས་ཀྱི་འཐབ་རྩོད་བྱུང་བ་སོགས་བོད་ཀྱི་ལོ་རྒྱུས་རྣམས་ལས་གསལ་ཞིང་། ད་ལྟའི་ཆར་དེ་ལྟ་བུའི་འཐབ་རྩོད་ཀྱི་དུས་རབས་རྫོགས་ནས། ཕན་ཚུན་འཆམ་མཐུན་དང་། གཅིག་གིས་གཅིག་ལ་དག་སྣང་དང་། ཡིད་ཆེས་བྱེད་པའི་དུས་རབས་ཤིག་ལ་སླེབས་ཡོད།
དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་ལྟ་བུ་ཞིག་ལ་མཚོན་ནས་བཤད་ནའང་། ད་ལྟའི་ཆར་རྨོངས་དད་དང་། ལུགས་སྲོལ་རྙིང་པ་ཙམ་ལ་ཤི་འཐམ་དང་རོ་འཐམ་བྱས་ནས་བསྡད་པ་ཙམ་དུ་མ་ཡིན་པར། བསམ་བློ་གུ་ཡངས་དང་། ལྟ་གྲུབ་གསར་པ། ལངས་ཕྱོགས་བརྗེ་རེས་སོགས་ཀྱིས་སྣེ་ཁྲིད་ནས། གོ་ལ་ཧྲིལ་པོའི་འགྱུར་ལྡོག་དང་མཐུན་པའི་མདུན་སྐྱོད་བྱས་ཤིང་། དེ་མིན་ཆོལ་ཁའི་ཕྱོགས་རིས་དང་། ཆོས་ལུགས་ཀྱི་འཐེན་འཁྱེར་དང་། གསར་རྙིང་གི་ཁྱད་པར་སོགས་ལ་དམིགས་པ་མ་ཡིན་པར། ཕན་ཚུན་ཡིད་ཆེས་དང་འཆམ་མཐུན་ཡོང་བའི་ལངས་ཕྱོགས་འཛིན་གྱིན་ཡོད་པ་མ་ཟད། མཐའ་གཅིག་ཏུ་ལྷ་མཐོང་འདྲེ་མཐོང་གི་བག་ཆགས་སོགས་ལ་ཡིད་རྟོན་མི་འཆའ་བར། དངོས་ཐོག་བདེན་འཚོལ་གྱི་ལམ་ནས། མི་རབས་གསར་པའི་ལངས་ཕྱོགས་འཛིན་རྒྱུ་དང་། དཀར་ནག་ཤན་འབྱེད་པའི་སྤྱི་ཚོགས་བགྲོད་རྒྱུ་དེ། མི་རབས་གསར་པའི་ཐོག་ཕྲག་ཏུ་ཡོད་པའི་ལངས་ཕྱོགས་ངོ་མ་ཞིག་ཡིན། དེ་ནི་འདས་པའི་འཇིག་རྟེན་རྙིང་པ་ལ་ལེ་བར་ཁྲི་སྟོང་མང་པོར་བརྒལ་ནས། ཁ་ཡོད་ལག་ཡོད་ཀྱི་འཇིག་རྟེན་གསར་པ་ཞིག་ཏུ་སླེབས་ནས། སྐྱེ་འགྲོ་སྤྱིའི་གནས་སྟངས་དང་མཚུངས་པའི་ཐོབ་ཐང་ཞིག་རང་གི་རྒྱུད་ལ་རག་ཐབས་བྱེད་ཀྱིན་ཡོད། དེ་ནི་ཁོ་ཚོ་གོ་ལ་ཧྲིལ་པོའི་སྤྱི་ཚོགས་གསར་པར་ཞུགས་པའི་མི་ཞིག་གི་འཇོན་ཐང་དང་། མི་ཞིག་གི་དགོས་མཁོ་ལ་ངོས་འཛིན་བྱས་ནས། དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བྱེད་ཀྱི་ཡོད་ལ། མདོར་ན་གསར་རྙིང་རིན་ཐང་ལ་ཞིབ་ཏུ་བརྟགས་ནས། བཟང་པོའི་ཕྱོགས་རྣམས་བླང་རྒྱུ་དང་། ངན་པའི་ཕྱོགས་རྣམས་སྤངས་ནས། སྤྱི་ཚོགས་བགྲོད་རྒྱུ་སྟེ། མི་རབས་གསར་པའི་ལངས་ཕྱོགས་གཤའ་མ་དེ་ཡིན།
མི་རབས་རྙིང་པའི་མཇུག་འབྲས་བྱུང་ཚུལ་སྐོར།
མི་རབས་རྙིང་པའི་གྲུབ་འབྲས་ཐོན་ཕྱོགས་ཏེ། སྐབས་རེར་མགོ་དང་མཇིང་པ་ལྟ་བུའི་འབྲེལ་བ་ཆགས་པ་དང་། སྐབས་རེར་ལྕི་བ་ཕར་རི་དང་སླས་མ་ཚུར་རི་ལྟ་བུར་གྱུར་ཕྱིར། དངོས་པོའི་ཆོས་ཉིད་དང་མཐུན་པའི་འབྲས་བུ་དང་། འབྲེལ་མེད་དོན་གཞན་གྱི་མཇུག་འབྲས་སོགས་ཆུའི་གཉེར་མ་བཞིན་དུ་འོངས་ཡོད། དེ་བས་འཇིག་རྟེན་གྱི་ཆོས་ཡོད་དོ་ཅོག་ཐམས་ཅད། མེ་དང་སྤུ་བཞིན་དུ་ཡེ་ནས་མི་མཐུན་པའི་གནས་ཤིག་དེ་བས་མིན་ལ། སྐབས་རེར་ཆུ་དང་འོ་མ་བཞིན་དུ་འདྲེས་ནས་དབྱེ་བ་འབྱེད་མི་ཐུབ་པའི་གནས་ཚུལ་སོགས་ནི་ཧ་ཅང་མང་པོ་ཞིག་ཡིན། དེ་དག་ནི་མཐའ་དག་གཅིག་ཏུ་འདི་རེད་ཅེས་པའི་ཁ་ཚོན་ཞིག་གཅོད་མི་ཐུབ་ནའང་སྤྱི་ཚོགས་སོ་སོའི་དགོས་མཁོ་དང་། མི་རབས་སོ་སོའི་གནས་བབ་ལ་གཞིགས་ནས། མྱོང་པ་པོ་སོ་སོས་བཟང་ངན་གྱི་ཁྱད་པར་དང་། ཕན་ཐོགས་ཡོད་མེད་ཀྱི་ཁྱད་པར་དེ་དུས་འབྱེད་ཀྱིན་ཡོད།
དེ་བས་ཀྱང་མི་རབས་གསར་པ་ཚོས་དེ་ཚོར་བལྟས་ན། མི་རབས་རྙིང་པ་ཚོ་ནི་ཕལ་ཆེ་བ་ལྷ་མཐོང་འདྲེ་མཐོང་གི་ལམ་ལ་ཡིད་རྟོན་ཆེས་ཤིང་། ལྐོག་གྱུར་གྱི་ལམ་ལུགས་མང་པོ་ཞིག་ལ་རེ་བ་འཆའ་ཕྱིར། གྲུབ་འབྲས་ཀྱང་མིག་མཐོང་ལག་ཟིན་མེད་པའི་རེ་སྒུག་ཙམ་ཞིག་ཡུལ་ལས་མི་སྨིན་པ་ཡིན། དེ་ནི་མི་གཞན་གྱི་གཡོ་སྒྱུས་བཟོས་པའི་ལམ་ལུགས་མང་པོ་ཞིག་ལ་ཤར་བསྐྱོད་བྱས་ཆེ་བའི་འབྲས་བུ་ཞིག་ཡིན་པ་མ་ཟད། ཁོ་ཚོས་ལྟ་བུས་རྟོགས་ཐབས་མེད་པའི་གནས་ཤིག་གྱུར་ཡོད་ལ། ད་དུང་དེ་དག་ཡང་དག་མིན་པར་ཁོང་ཚོར་གསལ་བཤད་ཅིག་བྱས་པའི་དབང་དུ་བཏང་ནའང་། ཡིད་མི་ཆེས་པར་བཤད་པ་པོ་དེའི་ཚེ་སྲོག་ཡན་ཆད་ལ་གནོད་པར་བྱེད་སྲིད། དེ་ནི་ཁོ་ཚོའི་འདས་ཟིན་པའི་ཕ་མེས་ཡང་མེས་ཀྱི་མི་ཐོག་མང་པོ་ཞིག་ལམ་ག་འདིའི་ནང་ལ་མིག་བཙུམས་ནས་འོང་མཁན་ཤ་སྟག་ཡིན་ཕྱིར། རང་ཉིད་ཀྱིས་ཀྱང་སྤོ་ལགས་དང་རྨོ་ལགས་རྣམས་ཀྱི་རྗེས་སུ་འབྲང་མདོག་བྱེད་པའི་རྣམ་པ་ཞིག་ཡིན།
རྩ་བའི་བསམ་བློ་དམན་པའི་དབང་གིས། རང་ཉིད་ལ་དམའ་བར་བལྟ་ཞིང་། གཞན་ལ་ཆེ་བར་བརློམས་ནས། རང་གི་བུ་ཕྲུག་མཐའ་དག་གཞན་གྱི་བྲན་གཡོག་ཏུ་བཀོལ་ནས། ལྟོ་བའི་ནང་ལ་ཟས་འགྲངས་པ་ཞིག་དང་། ལུས་ལ་གོས་དྲོ་བོ་ཞིག་ཀྱང་འཐོབ་རྒྱུ་མེད་པར། རང་གི་ཤ་ཁྲག་ལུས་གསུམ་ལས་མཆེད་པའི་བུ་ཚ་རྣམས་ཁྲིད་ནས། གཞན་གྱི་ཚེ་གཡོག་ལ་བསྐྱལ་བར་སོང་བའི་ལོ་རྒྱུས་མང་པོ་ཡོད། སོ་སོ་བསམ་བློའི་རང་དབང་དང་། འགྲོ་འདུག་རང་དབང་། སྨྲ་བརྗོད་ཀྱི་རང་དབང་བཅས་གཞན་ལ་སྤྲད་ནས། རང་ཉིད་ཡ་རབས་ཡིན་མདོག་དང་། བཟང་པོར་ཡིན་མདོག་བཅས་བྱས་ནས་ལྐུགས་རྟགས་བསྟན་ནས་སྡོད་མཁན་ཕལ་ཆེར་ཡིན། དེ་བས་ལྷ་མཐོང་འདྲེ་མཐོང་གི་གང་ཟག་རྣམས་ལ་སྤྲེའུ་ལད་དང་། རང་དང་མཉམ་པ་རྣམས་ལ་ཕྲག་དོག སོ་སོ་ལས་དམའ་བ་རྣམས་ལ་མཐོང་ཆུང་བྱས་ནས་མི་ཚེ་ཕལ་ཆེར་རྫོགས་ཡོད། གཞན་གྱི་གཡོ་འོག་ཏུ་ཚུད་ནས་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་དང་། ཤི་རྨས་ཀྱི་འཁོར་ལོ་བསྐོར་ནས། རང་གི་ཁྱིམ་གཞི་མཐའ་དག་སྟོང་ནས་ཁེར་རྐྱང་ལྷག་མཁན་ཡང་མང་པོ་ཞིག་ཡིན།
མིག་གི་མཐོང་བྱར་མ་གྱུར་པའི་ལྷ་ཆོས་དང་ཀླུ་ཆོས། དེ་བཞིན་ཅི་ཡིན་མ་ངེས་པའི་ཆོས་གཟུགས་དང་། བླ་གཟུགས་རྣམས་ཀྱིས་གྲུབ་མཐའ་ཕྱོགས་རེའི་ཆེད་དུ་ཕན་ཚུན་ནང་འཁྲུག་བྱེད་སྐབས། དེ་དག་ཆེད་དུ་གཞན་གྱི་ཚེ་སྲོག་བཅད་པ་དང་། རང་གི་ཚེ་སྲོག་ཤོར་བ། རྒྱུ་ནོར་བརྫངས་པ། དུས་ཚོད་བཏང་བ་བཅས་ཀྱི་གནས་ཚུལ་ནི་གླེགས་བམ་ནང་ལ་མི་ཆུད་པ་ལྟ་བུར་གྱུར་ཡོད་ལ། དེ་བས་དེ་དག་གིས་ཅི་ཟེར་ལ་ཉན་པ་དང་། ཅི་མཛད་ལ་ལེགས་པར་བལྟ་བ་དང་། ཅི་གསུངས་ཚད་མར་འཛིན་ནས་སྡིག་ཉེས་ནམ་མཁའི་ནང་མི་ཤོང་བ་ཞིག་བཟོས་ནས་མི་ཚེ་བསྐྱེལ་པ་ཤ་སྟག་ཡིན།
མཐོ་སྒང་བོད་ཀྱི་མི་རབས་རྙིང་པའི་སྐབས་སུའང་། ཆོས་ལུགས་ཀྱི་ཕྱོགས་རིས་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་དང་། ཕན་ཚུན་ནང་འཁྲུགས་ཤོར་ནས་དུས་ཤ་སྟག་འདའ་བ་དང་། དེ་བས་ཅི་ཡང་མི་མངོན་པའི་ལྷ་ཆོས་དང་ཀླུ་ཆོས་རྣམས་ལ། རྒྱུ་མཚན་ཡེ་ནས་མ་ངེས་པའི་རྨོངས་དད་དང་། གཞན་གྱི་ལད་མོའི་ཙམ་གྱི་རྗེས་སུ་གཡམ་རྒྱུགས་ཁོ་ནར་བྱས་ཏེ། གསར་གཏོད་ཀྱི་དངོས་པོ་དང་། ཡར་རྒྱས་ཀྱི་ལུགས་སྲོལ་མཐའ་དག་བཀག་ནས། མཐའ་མའི་བོད་ཅེས་པ་འདི་ལ་ཅི་ཡང་མེད་པའི་དབུལ་ཕོངས་ཀྱི་ལུང་པ་ཞིག་བཟོས་པ་ཡིན།
ད་དུང་བསམ་བློ་སྨྲ་བ་དང་། རིག་པ་སྨྲ་བ། སྤྱི་ཚོགས་གཞན་གྱི་གནས་ཚུལ་ལ་གོ་རྟོགས་ཕྲན་བུ་ཡོད་པའི་མི་སྣ་དེ་དག་མེད་པར་བཟོས་ནས། རང་ཉིད་ཀྱིས་ཅི་ཟེར་གྱི་བཀའ་ལ་ཉན་མཁན་མ་གཏོགས་ས་ཐོག་འདིར་གསོན་པོར་གནས་བཅུག་མེད་ལ། དེའི་ཕྱིར་གནས་སྟངས་དེ་དག་ལ་བརྟེན་ནས། བོད་ཀྱི་མི་རྣམས་ལ་ཤེས་ཡོན་གྱི་ཐད་ལ་གཏད་སོ་མེད་པ་དང་། དཔལ་འབྱོར་གྱི་ཐད་ལ་འཕེལ་རྒྱས་མེད་པ། འཕྲོད་བསྟེན་གྱི་ཐད་ལ་གཙང་སྦྲ་མེད་པ། མདོར་ན་ལུང་པ་ཡན་ཆད་མེད་པར་གྱུར་པའི་གནས་སྟངས་འདི་ཁོ་ན་ཙམ་ལ་ཐུག་ཡོད་ལ། དེ་བས་རང་ཉིད་ཕྲན་བུར་འཇོན་པའི་བྱ་དངོས་མཐའ་དག་དང་ལྷ་དང་བླ་མ་སོགས་ཀྱིས་གནང་བར་ཡིན་པའི་ཡིད་ཆེས་བྱེད་དགོས་པ་དང་། ཅུང་ཟད་མ་འཇོན་པའི་སྐབས་ཤིག་འཆར་ཚེ། ཚེ་སྔོན་ལས་འཕྲོ་ཡིན་པར་བཤད་ནས་བསྡད་དགོས་པ་རྣམས། བོད་ཀྱི་མི་རབས་རྙིང་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ཤིག་དང་། འདས་ཟིན་པའི་སྤྱི་ཚོགས་རྙིང་པའི་རྩ་འཛིན་བཀྲུས་ན་དག་ཐབས་མེད་པའི་གནས་སྟངས་གཤའ་མ་དེ་ཡིན།
དེ་བཞིན་བཙན་བྱོལ་སྤྱི་ཚོགས་སུའང་འདས་པའི་དུས་ན། རྙོག་འཛིངས་རྫོགས་ཐབས་མེད་པ་ཞིག་བྱུང་ཡོད་ཕྱིར། ཆོས་ལུགས་ཀྱི་ཞེན་ཁོག་དང་། ཆོལ་ཁའི་ཕྱོགས་རིས། གསར་རྙིང་གི་དབྱེ་བ་སོགས་གྲངས་ཀྱིས་མི་ལོང་པ་ཞིག་བྱུང་ཡོད་ལ། དེ་ཡང་ཆོས་བརྒྱུད་ཕན་ཚུན་བར་རྙོག་དྲ་དང་། ནང་གསེས་སོ་སོའི་རྩོད་གཞི། ཆོལ་ཁའི་ཕན་ཚུན་བར་ནང་འཁྲུགས། དེ་དག་ནང་ཁུལ་རྩོད་རྙོག་བཅས་ཆུའི་གཉེར་མ་བཞིན་དུ་ལོ་ངོ་མང་པོ་ཞིག་ལ་གནས་ཡོད་པ་མ་ཟད། དེ་དག་གི་རྒྱུ་རྐྱེན་གང་ཡིན་དང་། བཟོ་པ་པོ་སུ་ཡིན། དུས་ནམ་ཞིག་བྱུང་མིན་བཅས། དཔྱོད་ལྡན་པ་ཚོས་མཁྱེན་གསལ་ཡིན་ཕྱིར་ཞིབ་ཕྲ་ཞིག་གླེང་མི་དགོས་སོ། །དེའི་ཕྱིར་གནས་སྟངས་འདི་རྣམས་ནི། ཕྱོགས་ལྷུང་དང་ཆགས་སྡང་གིས་བཅིངས་ནས་བཤད་པ་མ་ཡིན་པར། དངོས་ཡོད་ཅི་བྱུང་བ་ཐམས་ཅད་འདིར་སྨྲས་པ་ནི་མི་རབས་རྙིང་པའི་མཇུག་འབྲས་ངོ་མ་དེ་ཡིན་ནོ། །
མི་རབས་གསར་པའི་གྲུབ་འབྲས་ཐོན་ཕྱོགས་སྐོར།
དེ་བཞིན་མི་རབས་གསར་པའི་གྲུབ་འབྲས་གཤའ་མ་དེ་ནི། ཆེན་པོ་དང་ཆུང་ངུས་ཁྱད་པར་གཙོ་བོར་མི་འབྱེད་པར། རྩ་བའི་གང་ཟག་གཞན་གྱིས་བརྒྱུད་བསྐུལ་བྱས་ཏེ་བྱུང་བ་ལས་ཡོངས་སུ་འདས་ཤིང་། སོ་སོ་བསམ་བློའི་འཆར་འགོད་དང་འཆར་གཞི་ལས་ཐོན་པའི་བྱ་དངོས་གྲུབ་པ་སྟེ། མི་རབས་གསར་པའི་གྲུབ་འབྲས་གཤའ་མ་དེ་ཡིན་ལ། དེ་ཡང་ལྐོག་གྱུར་གྱི་དོན་ལ་ཡིད་རྟོན་རྩད་ནས་མི་འཆའ་བར། མཐོང་བ་མངོན་སུམ་གྱི་ཆ་ལ་བློ་གཏོད་ཅིང་། གཞན་གྱི་ཟེར་བ་ལ་མི་ཉན་པར། རང་ཉིད་ཀྱི་དཔྱད་པ་ལ་གཞི་བཅོལ་བའི་ཆ་ནས་སྤྱི་ཚོགས་ཤིག་བསྐྲུན་པ་དེར། མི་རབས་གསར་པའི་དཀྱེལ་ཆེ་ཞིང་། གུ་ཡངས་པ། ཁོག་པ་ཆེ་བའི་འབྲས་བུ་ངོ་མ་དེ་ཡིན།
དེ་བས་རྙིང་པའི་ཕྱོགས་མཐའ་དག་དོར་ཐབས་དང་། གསར་པའི་ཆ་ཐམས་ཅད་བླང་བྱ་ཙམ་མ་ཡིན་པར། ཕན་ཐོགས་དང་། དགོས་མཁོ་ཡོད་པའི་བྱ་དངོས་རྣམས་གཙོ་བོར་བཟུང་ནས་སྤྱི་ཚོགས་ཀྱི་ལམ་བུ་ཞིག་བཟོས་པ་སྟེ་མི་རབས་གསར་པའི་ཁྱད་ཆོས་ཤིག་ཡིན། དེ་ནི་བྲན་གཡོག་གི་སྤྱི་ཚོགས་མཇུག་རྫོགས་པ་དང་། རྨོངས་དད་ཀྱི་ལུགས་སྲོལ་རྩ་བ་ནུབ་པ། རིགས་རུས་ཀྱི་ཁྱད་པར་རྒྱུན་ཆད་པ། དབུལ་ཕྱུག་གི་འཛིན་སྟངས་རབ་རིབ་གྱུར་པ་བཅས་ཏེ། མི་རབས་གསར་པའི་སེམས་ཁམས་ཀྱི་གཤིས་ལུགས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་དང་ལུང་པའི་ནང་ཁུལ་ལ་དམག་འཁྲུག་ཉུང་ཞིང་། ཕན་ཚུན་མཐུན་སྒྲིལ་དང་། ཤེས་ཡོན་བརྗེ་རེས། དཔལ་འབྱོར་གྱི་ཚོང་འབྲེལ། འགྲོ་འོང་གི་གུ་ཡངས་བཅས་ཀྱང་། མི་རབས་གསར་པའི་དོན་སྙིང་མངོན་འགྱུར་ཐུབ་པའི་གྲུབ་འབྲས་ངོ་མ་དེ་ཡིན།
དེ་བས་མི་ཕན་ཚུན་འཁྲུག་འཛིངས་དང་། དེ་བཞིན་གཉའ་གནོན་བྱེད་རྒྱུ། མཐོང་ཆུང་བྱེད་རྒྱུ་བཅས་མེད་ཅིང་། གཅིག་གི་ལས་ལ་གཅིག་གིས་ཇུས་གཏོགས་དང་། ཕྲག་དོག་མི་བྱེད་པར། སོ་སོའི་འཚོ་བ་སོ་སོས་བཙལ་ནས་སྤྱི་ཚོགས་བགྲོད་ཆོག་ལ། གནའ་རབས་ཀྱི་སྤྱི་ཚོགས་ལྟར། མགོ་དཔོན་པོས་ཆེན་པོར་བྱེད་མི་ཆོག་པ་དང་། འོག་གི་གཡོག་པོས་ཉམ་ཆུང་འཛིན་མི་དགོས་པར། མི་སྤྱིའི་མཚན་ཉིད་དང་རིན་ཐང་། བསམ་བློ་ཆ་མཉམ་གྱི་འདུ་ཤེས་འཛིན་ནས་འཚོ་བ་བསྐྱལ་ཆོག་པ་སྟེ། མི་རབས་གསར་པའི་ཁྱད་ཆོས་ཤིག་ཡིན། འགྲིགས་པའི་ཆ་སོགས་ཡོད་ཚེ་གཡོག་པོ་ཡིན་ནའང་། བརྩི་མཐོང་བྱེད་དགོས་པ་དང་། མ་འགྲིགས་པའི་སྐྱོན་ཡོད་ཚེ་དཔོན་པོ་ཡིན་ཡང་ནག་པོར་བརྩི་ཆོག དེ་བཞིན་ཆོས་ལུགས་དད་མོས་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་བཅས་ཡོད་ཅིང་། རང་གི་འཚོ་བའི་ཆེད་དུ་བྱ་བ་ཆེ་ཆུང་ཅི་ཞིག་བགྱིས་ནའང་། མཐོང་ཆུང་དང་ཟུར་ཟ་བྱེད་མཁན་མེད་པ་མ་ཟད། དེ་དག་ལ་རྒྱབ་སྐྱོར་བྱེད་པའི་དུས་རབས་ཤིག་ལ་སླེབས་ཡོད།
བོད་ཀྱི་མི་རབས་གསར་པའི་གྲུབ་འབྲས་ལ་མཚོན་ནའང་། དེ་སྔོན་གྱི་གནས་སྟངས་དང་ཡེ་ནས་མི་འདྲ་བར། རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་སོགས་རང་ཉིད་ཀྱི་དབང་ཆའི་འོག་ཏུ་ཡོད་པའི་དུས་རབས་ཤིག་ཡིན་ལ། དེའི་ཡར་སྔོན་ན་སྤྱི་ཚོགས་ཧྲིལ་པོ་ཅི་བྱ་གཏོལ་མེད་དུ་གྱུར་པའི་མུན་ནག་གི་གཟུགས་བརྙན་ཞིག་དང་། རྨོངས་དད་ཀྱི་ར་བར་ཡིད་ཆེས་ཀྱི་གཟེ་མ་ར་མགོས་བསྐོར་བའི་ལུང་པ་ཞིག་ཡིན་ཕྱིར། གནས་ཚུལ་གང་ཞིག་མཐོང་ན་མ་མཐོང་མདོག་དང་། ཤེས་ན་མ་ཤེས་མདོག་བྱས་ཏེ་བསྡད་དགོས་པའི་དུས་རབས་ཤིག་ཡིན།
ད་ཆར་དེ་དག་གི་གནས་ཚུལ་མཐའ་དག་ལས་ཡོངས་སུ་ཐར་ནས། དུས་རབས་གཉེར་གཅིག་པའི་སྤྱི་ཚོགས་ཤིག་ལོངས་སུ་སྤྱོད་ཆོག་ལ། སྔར་མི་ཕྱེད་ཐམས་ཅད་ཚེ་གཡོག གཡོག་ཕྱེད་ཐམས་ཅད་སྤྲང་པོ། སྤྲང་ཕྱེད་ཐམས་ཅད་ཉེས་ཅན་པ་བཅས་བྱས་ཏེ། བསྡད་དགོས་པའི་དུས་རབས་ཀྱི་མཇུག་རྫོགས་ཟིན་ནས། ད་ཆར་སོ་སོ་ཕ་མའི་གཡོག་ཀྱང་དེ་ཙམ་དུ་བརྒྱག་མི་དགོས་པའི་དུས་རབས་ཤིག་ལ་སླེབས་ཡོད། དེ་ནི་སྐྱེ་འགྲོ་སྤྱིའི་བདེ་སྐྱིད་དང་འཚམས་པའི་སྤྱི་ཚོགས་ཤིག་ལ་གཞི་ནས་གྱུར་པ་ཡིན།
ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་གསར་པའི་གྲུབ་འབྲས་ཀྱང་། མི་འབོར་ལ་ལྟོས་ནས་ཤིན་ཏུ་ནས་ཆེ་ཆུང་རན་པ་ཞིག་དང་། དུས་ཚོད་ལ་ལྟོས་ནས་འོས་ཤིང་འཚམ་པ། རྒྱབ་ལྗོངས་ཀྱི་གནས་བབ་ལ་ལྟོས་ནས་ཧ་ཅང་གིས་ལེགས་པོ་ཞིག་ཡིན། དེ་ཡང་མི་འབོར་གྱི་གྲངས་ཚད་གཅིག་འབུམ་ཡས་མས་ཤིག་ལས་མེད་ཕྱིར། རྒྱ་ནག་དང་ཨ་རིའི་གཙོས་པའི་ལུང་པ་ཆེན་པོ་རྣམས་ཀྱི་མཐོ་སློབ་ཆེ་ཁག་གི་སློབ་ཕྲུག་ཙམ་ཞིག་ལས་མེད་པ་དང་། དུས་ཡུན་ཡང་ཡར་རྒྱས་སོང་ནས་ལོ་ངོ་འགའ་ཞིག་ལས་སོང་མེད་སྟབས། མཐོ་སློབ་ནང་ཡར་འཛུལ་པ་ནས་མར་ཐོན་པའི་དུས་ཡུན་ཙམ་ཞིག་ལས་བྱུང་མེད་ལ། ལས་ཀའི་རྒྱབ་ལྗོངས་བཅོལ་ས་དེ། སྔར་གྱི་ལུགས་སྲོལ་རྙིང་པ་ལྷ་འདྲེ་དང་། མི་དཔོན་བླ་ཆེན་གྱི་ཅི་ཟེར་ལ་ཉན་ནས་སྤྱི་ཚོགས་བསྐྱངས་པ་ལྟར་མ་ཡིན་པར། དེང་གི་ཆར་ཆེད་སྦྱོང་བྱེད་སའི་གཙུག་ལག་སློབ་གྲྭའི་སྦྱོང་ཚན་བཞིན་དུ། དཔལ་འབྱོར་རིག་པ་དང་། ཆབ་སྲིད་རིག་པ། འཛིན་སྐྱོང་རིག་པ། སྐད་བརྡ་རིག་པ། ཨང་རྩིས་རིག་པ། ཁྲིམས་ལུགས་རིག་པ། གསོ་བ་རིག་པ་བཅས་ལ་གཞི་བཅོལ་ནས་སྤྱི་ཚོགས་བགྲོད་པ་ཞིག་ལས། དེ་སྔོན་བོད་ཀྱི་སྤྱི་ཚོགས་རྙིང་པའི་ནག་ནོག་གི་དྲི་མ་ལྡན་པའི་ལམ་ལུགས་དེ་དག་ལེན་རྐྱང་བྱས་མེད། དེ་བས་ཀྱང་། དེང་སང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་འགྲོ་ལུགས་ཀྱི་ཆ་མཐའ་དག་ལེན་རྐྱང་ཡང་བྱས་མེད་ལ། མ་ཟད་གསར་རྙིང་གི་གནས་མང་པོ་ཞིག་ལ་ལེགས་པར་བརྟགས་ནས། མཁོ་བའི་ཆ་ཐམས་ཅད་བླངས་ཤིང་། མ་མཁོ་བའི་ཆ་ཐམས་ཅད་དོར་ནས། བོད་མིའི་རྩ་དོན་དང་མི་རབས་ཕྱི་མ་རྣམས་ལ་ཕན་ཐོགས་ཡོད་པའི་སྤྱི་ཚོགས་ཤིག་བསྐྲུན་དང་སྐྲུན་བཞིན་པ་ཡིན།
ཡང་ཆོས་ལུགས་ཀྱི་ཕྱོགས་རིས་དང་། ཆོལ་ཁའི་འཐེན་འཁྱེར་གྱིས་ངོ་ནོངས་དགོས་པའི་ལས་ཀ་ཉིན་ཞིག་ཀྱང་བྱས་མེད་པ་ལྟ་བུར་ཡིན་ལ། ཡང་གནས་སྟངས་ཅི་འདྲ་ཞིག་བྱུང་ནའང་། ལྷ་འདྲེ་ཆོ་འཕྲུལ་ལ་ཁ་གཡར་ནས་རང་གི་ནག་ཉེས་བསུབ་ཐབས་བྱས་པ་མ་ཡིན་པར། རང་ཉིད་ཀྱི་སྐྱོན་ཆ་ངོས་ལེན་དང་། ཡོ་སྲང་སོགས་བྱས་ནས་སྤྱི་ཚོགས་བགྲོད་གྱིན་ཡོད་ལ། དེ་བས་མི་གཞན་ལ་ཁག་དཀྲིས་དང་། རང་གི་ནོངས་པ་ངོས་ལེན་མ་བྱས་པར་ཕྱི་རབས་ཀྱི་མི་རྣམས་ལ་བཤད་རྒྱུ་མང་པོའི་གླེགས་བམ་གྱི་ཕྲེང་བ་བསྒྲིགས་ནས་བཞག་མེད། རང་ཉིད་གཙོས་པའི་རང་ཕྱོགས་ཆེ་འདོད་དང་། གཞན་ཕྱོགས་དམའ་འདོད་ཀྱི་ཆེད་དུ་མི་ཚེ་རྫོགས་པ་དང་བརྩོན་པར་བྱས་པའི་ལོ་རྒྱུས་མེད་ཅིང་། གང་ལྟར་བཟང་ངན་གྱི་གནས་གང་ཞིག་ཡིན་ནའང་ཕྱི་གསལ་ནང་གསལ་གྱི་ངང་ཚུལ་འཛིན་པའི་ལས་ཀ་ཤ་སྟག་ལས། ཕྱི་རབས་པའི་གཞོན་སྐྱེ་རྣམས་ཀྱིས་འཚོལ་ཞིབ་བྱས་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཅི་ཡང་མི་མངོན་པའི་གཟུགས་བརྙན་གཙང་མ་ཞིག་ཡིན། འདི་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་གསར་པའི་གྲུབ་འབྲས་ངོ་མ་སྟེ་ཡིན་ཞེ་ན། རྣམ་དཔྱོད་དང་ལྡན་པའི་མི་རྣམས་ཀྱིས་ཁས་ལེན་མྱུར་དུ་བྱེད་དགོས་པའི་གནས་ཤིག་དམ་པའོ། །
མཇུག་སྡོམ།
ཉེ་བའི་ཆར་གདང་ལ་རི་རྒྱུད་ཀྱི་རྩོམ་སྒྲིག་པ་རྣམ་པས། འབོལ་རྩོམ་ཞིག་བྲིས་ནས་ཤོག་ཅེས་བསྐུལ་མ་ནན་གྱིས་གནང་བ་ལྟར། ཁོ་བོས་ཡིག་ཚོགས་ཀྱིས་འདུ་བྱས་པའི་རྩོམ་ཐུང་ཞིག་བཀོད་པ་འདིར། རྒྱ་ཆེ་སྨྱུག་ཐོགས་པའི་མཚན་ཁུར་བའི་མཁས་པ་ལྷན་ཅིག་སྣང་ངོར། མི་མཛེས་པའི་ཆ་དུ་མ་ཞིག་ཡོད་ངེས་པ་དང་། དེ་བས་ཀློག་པ་པོ་རྣམས་ཀྱིས་རྩོམ་ཆོས་འདི་བཀླགས་རྗེས་ཀྱི་མྱོང་ཚོར་དང་མཐོང་སྣང་ཞིག་ལའང། དོན་མེད་ཀྱི་ཚིག་ཚོགས་མང་པོ་ཞིག་སྤུངས་པ་དང་། ཡང་ན་གནས་ལུགས་ཕྲན་བུ་རེ་ཡོད་པའི་སྣང་བ་སྐྱེ་སྲིད་ཀྱང་། དེ་དག་རྩ་བའི་མི་སོ་སོའི་སེམས་ཁམས་དང་། གཤིས་ལུགས་མི་འདྲ་བའི་དབང་གིས་འོང་བ་ཞིག་ཡིན་པ་ལས། མཐའ་གཅིག་ཏུ་སྡང་བ་བྱེད་དགོས་པ་དང་། ཡང་ན་དགའ་བ་བསྒོམ་དགོས་པའི་གནས་ཤིག་མིན་པར་ཤེས་དགོས་ལ། མ་ཟད་འགྲིགས་པ་དང་མ་འགྲིགས་པའི་སྣང་བ་ཇི་ལྟར་ཤར་བ་རྣམས་ལའང་། ཞིབ་ཏུ་བརྟག་པ་བགྱི་དགོས་པ་ལས་ཐོག་མ་ཉིད་ནས། སྤང་བླང་གི་འགོ་འཛུགས་བྱ་མི་རུང་།
དེ་གཉིས་ཀ་འཇིག་རྟེན་གྱི་ཐོག་ལ་གཤིས་ལུགས་མི་སྐྱེས་པའི་དབང་གིས། སེམས་ཁམས་ཀྱི་ཁོར་ཡུག་ལ་སློབ་གསོ་མི་འདྲ་བ་ཐེབས་མྱོང་བ་དང། དེ་དག་རིམ་གྱིས་ཤེས་རྒྱུད་ལ་གོམས་པ་བསྐྱེད་ཕྱིར། བྱ་བ་ཇི་ལྟར་བགྱིས་ཀྱང་ཤུགས་རྐྱེན་ཐེབས་རྒྱུར་ཉག་གཅིག་ཡིན། དེའི་ཕྱིར་བརྩམས་ཆོས་ཀྱི་ཐོག་ལའང་དེ་ལྟ་བུའི་གནད་དོན་མང་པོ་ཞིག་རང་བཞིན་གྱིས་གསལ་ཡོང་བ་ཡིན།
དཔེར་ན་ས་སྟེང་འདིར་ལམ་བུ་དྲང་པོ་དང་། ཀྱག་ཀྱོག་མང་པོ་ཡོད་སྟབས། ཁ་ལོ་བ་རྣམས་ཀྱིས་རླངས་འཁོར་གཏོང་དུས་ལག་རྩལ་ལ་ཁྱད་པར་ཤིན་ཏུ་ཆེ་ཞིང་། གྲོང་ཁྱེར་དང་། སྲང་ལམ་དུ་བགྲོད་པའི་ཁ་ལོ་བ་རྣམས་ནི། རི་མགོ་དང་། རི་མདའ། ལམ་ཀྱོག་རྣམས་ལ་དེ་ཙམ་དུ་བགྲོད་མི་ཤེས་པ་དང་། ཡང་གྲོང་གསེབ་དང་། ས་ཁུལ་དབེན་པར་བགྲོད་མཁན་ཁ་ལོ་བ་རྣམས། གྲོང་ཁྱེར་དང་། འགྲིམ་འགྲུལ་མང་བའི་རྒྱ་ལམ་བཅས་ལ་ལེགས་པར་བགྲོད་མི་ཤེས་པ་ལྟར། རྩོམ་འབྲི་པ་པོ་རྣམས་ཀྱིས་ཀྱང་རྩོམ་འབྲིའི་དུས་སུ། བསྟོད་ར་དང་སྤྲེལ་ལད་ཤ་སྟག་འཁྲབ་ནས་རྩོམ་འབྲི་མཁན་རྣམས་ཀྱིས། དྲང་བདེན་དང་གནས་ལུགས་བཤད་ནས་རྩོམ་འབྲི་མི་ཤེས་པ་དང་།
ཡང་སྨད་ར་དང་ཟུར་ཟ་གཉིས་ཀ་བྱས་ནས་རྩོམ་འབྲི་མཁན་རྣམས་ཀྱིས་བསྟོད་ར་དང་སྤྲེལ་ལད་འཁྲབ་ནས་རྩོམ་འབྲི་མི་ཤེས་པ་དང་། དེ་བཞིན་རྒྱུ་མཚན་དང་གནས་ལུགས་བཙལ་ནས་རྩོམ་འབྲི་མཁན་རྣམས་ཀྱིས། བསྟོད་སྨད་གང་གི་ངོས་ནས་རྩོམ་འབྲི་མི་ཤེས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་བཞིན་དུ། ཁོ་བོས་ཀྱང་རྩ་བའི་རྩོམ་འབྲིའི་ལས་ཀ་འགོ་རྩོམ་མ་ཉིད་ནས། བསྟོད་སྨད་ཀྱི་ཀུན་སློང་འཁྱེར་མེད་ལ། རྩོམ་ཆོས་འདི་འབྲི་དུས་སུའང་། གནས་ལུགས་དང་རྒྱུ་མཚན་ཁོ་ན་བཙལ་ནས་རྩོམ་ཆོས་འདིའི་མཐའ་བསྐྱལ་བ་ཞིག་ལས། གང་ཟག་གང་ཞིག་ལ་བསྟོད་སྨད་ཀྱི་ཡིག་འབྲུ་ཆ་ཕྲ་མོ་ཙམ་ཡང་བཀོད་མེད། དེ་བས་འདས་པའི་སྤྱི་ཚོགས་ལ་དམའ་འབེབས་བྱས་པ་དང་། ད་ལྟའི་སྤྱི་ཚོགས་ལ་བསྟོད་ར་བྱས་པ་ཡེ་ནས་མེད་ཅིང་། དེ་དག་སོ་སོའི་ངོ་བོ་དང་བྱེད་ལས་བཅས་ལ་དབྱེ་ཞིབ་ལེགས་པོར་བྱས་ནས། བརྩམས་ཆོས་ཐོག་ལ་བཀོད་པ་ཞིག་ཡིན་པའི་ཕྱིར་ན། ཀློག་པ་པོ་རྣམས་ལ་ཆགས་སྡང་གང་གི་ཡུལ་དུ་མི་བྱེད་རོགས་གྱིས་ཞུ་རྒྱུ་ཡིན། །
རྩོམ་པ་པོ་འདབ་པ་ཚེ་དབང་མགོན་པོས་སྤེལ།
མི་རབས་གསར་པའི་ལྷམ་གསར་སྐོར།
http://www.cvsam.in/the-effects-of-wearing-high-heeled-shoes/