ཨ་འདུས་མིག་ཆུ།
མཛའ་བརྩེའི་འོད་ཀྱི་སྣང་བ་དེ།།
ཁྲོ་བའི་ཀློང་ན་ཉམ་རེ་ཆུང་།།
ཤ་འཁོན་རྩོད་པའི་མེ་ཡི་རླབས།།
ཕྱོགས་ཀུན་མཆེད་པ་ཡ་རེ་ང་།།
མཁའ་ན་གནམ་གྲུ་འུར་འུར་བཞུར།།
མེ་མདའི་ཆར་པ་ཤག་ཤག་བབས།།
དུད་སྤྲིན་ནག་པོ་མཁའ་ལ་མཆེད།།
རྡོ་ལྕགས་ཟེགས་མ་ཕྱོགས་སུ་འཐོར།།
བྱིས་པའི་རྐང་པ་ཆད་ཅིང་ངུ་།།
ཨ་ཕའི་མིག་ཟུང་ཞར་དེ་འབོད།།
མ་ལོའི་རྐང་པ་དྲུད་ཅིང་ནུར།།
ཉམ་ཐག་འགྲོ་བ་སྡུག་གིས་མནར།།
ཟུངས་ཁྲག་དྲོན་མོ་ལྷོག་ལྷོག་བཞུར།།
ངུ་འབོད་རེ་རེས་གནམ་ས་འགེངས།།
མི་ཕྱུགས་བེམ་རོས་ས་གཞི་ཁེབས།།
ཉམ་ཆུང་འབངས་རྣམས་སྡུག་གིས་མནར།།
དགོད་པའི་འཛུམ་མདངས་ནག་རོག་ཀེ།
གཅེས་པའི་མཁུར་ཚོས་འཇིགས་ཡེ་རེ།།
དཔྲལ་བའི་མིག་ཟུང་ཆུ་ལམ་མེ།།
དགའ་སྤྲོའི་སེམས་པ་སྟོང་སེང་ངེ་།།
མདུན་ན་བེམ་རོའི་རི་རབ་བརྩེགས།།
བྱིས་པའི་མ་ལོ་གང་ན་ཡོད།།
རྒྱབ་ན་ངུ་སྒྲས་བར་སྣང་ཁེངས།།
ང་ཡི་བུ་ཕྲུག་ཡིན་ནམ་ཅི།།
དཔེ་ཁུག་ལེབ་ལེབ་ཁུར་བ་ཡི།།
སློབ་ཕྲུག་སྙིང་ལ་རྗེ་བ་ཚོ།།
དམར་པོ་ཁྲག་ལ་བསྒྱུར་བ་ན།།
མི་ལ་སེམས་ཤིག་མི་འདུག་ཨང་།།
མེ་མདས་ཚུར་བསད་གང་ཡིན་པ།།
དགྲ་གྲོགས་འབྲེལ་གང་ཡང་མེད།།
ཕར་ལ་བསད་པའི་འབངས་མི་ཡང་།།
དམིགས་འབེན་ཡིན་པ་ཅི་ལ་སྲིད།།
ལག་དམར་གཏེ་བོ་རི་རྩེར་ཡིབ།།
ཉེས་མེད་ཉམ་ཆུང་མཚོན་རྩེར་མནར།།
གླེན་པའི་དཔའ་རྟགས་འཁྱེར་ནས་སུ།།
དགའ་བཞིན་ལོག་པ་ངོ་རེ་ཚ།།
དེ་རིང་ཞོགས་པའི་འཛུམ་མདངས་ནི།།
ད་ལྟ་གང་ལ་བཞུད་སོང་ཨང་།།
ད་ནངས་མཉམ་འཛོམས་དགོད་སྒྲ་དེ།།
ད་ལྟ་སུ་ཡིས་འཕྲོགས་སོང་ཨང་།།
ཕ་མ་མེད་པའི་དྭ་ཕྲུག་གིས།།
མིག་ལྟོས་བྱ་ས་སུ་ཡིན་ཤོད།།
ཁང་པ་མེད་པའི་འབངས་མི་ཚོ།།
དོ་ནུབ་གང་འདུག་མནོ་བསམ་ཐོངས།།
ཆར་རྒྱུན་དྲག་པོ་ཤག་ཤག་འབབ།།
རླུང་ཡན་ལྡོམ་པོ་འུར་འུར་གཡུགས།།
བྲག་ཕུག་གད་པར་ཡིབ་པ་ཡི།།
ཁྱིམ་སྟོངས་འགྲོ་རྣམས་ཤ་རེ་ཚ།།
ལོ་མང་བསགས་པའི་ཁང་མིག་དག།
འབམ་རྡོག་གཅིག་གི་སྣ་ལ་དྲངས།།
ཁང་ཆག་ཞིག་རོ་མང་པོ་ཡིས།།
འདས་སོང་ལོ་བརྒྱའི་སྣང་བ་བསྐྲུན།།
ཕར་ལ་གཅིག་བསད་ཁེངས་དྲེགས་ཀྱིས།།
དགའ་བའི་དར་ནག་གཡུག་གཡུག་བྱེད།།
ཚུར་ལ་གཉིས་བསད་སྡང་སེམས་ཀྱིས།།
མེ་མདའ་གནམ་ལ་ལྡིར་ལྡིར་སྦར།།
གཅིག་བསད་གཉིས་ཀྱི་འགྲན་རྩོད་བར།།
འཁོན་འཛིན་སྙིང་གི་མེ་ལྕེ་འབར།།
ཞི་བའི་དུས་ཤིག་མི་ཡོང་བས།།
ལས་འདིར་བརྩོན་པ་ཅི་ཡིན་ནམ།།
ཕན་པའི་བརྩེ་བ་རིན་ཆེན་ནོར།།
འགྲོ་ཀུན་གཉེན་དུ་འགུགས་པའི་མཆོག།
བཟོད་པའི་གོ་ཆ་བརྟན་པོ་ཡང་།།
དགྲ་བོ་ཕམ་པའི་མེ་མདའ་ཉིད།།
ས་གཞི་གོ་ལ་ཧྲིལ་པོ་འདི།།
ང་ཚོའི་གཞི་ཁྱིམ་དྲོན་མོ་ཡིན།།
ཕྱོགས་སུ་འཐོར་བའི་འགྲོ་བ་ཀུན།།
ཤ་རུས་གཅིག་པའི་གཉེན་ཉེ་ཡིན།།
ཕར་ལ་བྱམས་བརྩེས་གླན་པ་ན།།
ཚུར་ལ་ཁོང་ཁྲོས་རྒོལ་མཁན་སུ།།
དྲག་པོས་སྡུག་ལ་སྦྱར་བ་ན།།
བྱམས་པའི་གནང་སྦྱིན་སུ་ཡིས་སྩལ།།
ཁོང་ཁྲོས་དྲག་ཏུ་རྒོལ་བ་ན།།
དགྲ་བོ་ཆར་རྗེས་ཤ་མོང་བཞིན།།
མཉེན་གཤིན་སེམས་རྒྱ་བསྐྱེད་པ་ན།།
དགྲ་བོ་ནམ་ལངས་སྐར་མ་བཞིན།།
འོན་ཀྱང་འཇིག་རྟེན་མུན་ཁོང་ན།།
འོད་ཀྱི་ལམ་བཟང་སྟོན་མཁས་པ།།
སྟོན་མཆོག་ཏཱ་ལའི་བླ་མ་ཡི།།
གསུང་གི་བྱིན་རླབས་རབ་ཏུ་རྨད།།
ཕན་ཚུན་མཉེས་གཤིན་བརྩེ་བ་ཡིས།།
འགྲོ་ཀུན་མཉམ་པར་ལྟར་བཟོད་པའི།།
ནང་བསྟན་གཞུང་ཤིང་བྱང་ཆུབ་སེམས།།
འགྲོ་ཀུན་རྒྱུད་ལ་སྨིན་པར་ཤོག།
2015/11/21 ཉིན་ས་རཱ་མཐོ་སློབ་ཏུ་བྲིས།