གཞུང་པ་ཚེ་དབང་བསོད་ནམས།
ཀ་བཤད་འབྲི་རྩོམ་སྨྱུག་ཐོག་རང་དབང་རེད།།
ཁ་གཡོགས་ཉེས་འཛུགས་སྨྲ་བརྗོད་རང་དབང་རེད།།
གོ་བ་ལོག་སྤྱོད་དྲ་འབུའི་ལས་འགན་རེད།།
ང་ལ་སྐྱོན་འཛུགས་དྲ་འབུའི་ཡོན་ཏན་རེད།།
བཅའ་སྒྲིག་ནོར་བུ་མང་གཙོའི་སྲོག་རྩ་རེད།།
ཆ་འཇོག་བརྩི་བཀུར་བོད་མིའི་ལས་འགན་རེད།།
ཇ་ཆང་ངོ་གསོའི་གཡམ་བརྒྱུགས་ངས་མི་ཤེས།།
ཉ་མོ་འཛིན་རྒྱུའི་ལྕགས་ཀྱུ་ང་ལ་མེད།།
ལྟ་བ་ལངས་ཕྱོགས་སྒེར་གྱི་རང་དབང་རེད།།
ཐམས་ཅད་མཐུན་པའི་ལྟ་གྲུབ་རྙེད་པ་དཀའ།
དོན་དངོས་སྤྱི་འཐུས་འགན་འཁུར་ཐུབ་པ་ལ།།
ན་གཞོན་གང་མང་སྤྱི་འཐུས་སླེབས་ལ་རེམས།།
སྤྱི་འཐུས་རྔམས་མཁན་ཕོ་རྒོད་འཚང་ཁ་མང་།།
ཕ་ལམ་བཞིན་དུ་ཆེ་མཐོང་སྤྲོད་མཁན་ཚོ།།
བོང་བ་གསེར་གཟིགས་མིན་པར་གཟབ་ན་དགའ།།
མ་ནོར་ལམ་ལ་འཇུག་པའི་བརྟགས་དཔྱད་གཟབ།།
རྩ་བའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་རེད།།
ཚ་གྲང་ཚོར་ན་ཁྲིམས་ལ་གུས་བརྩི་ཞུ།།
འཛམ་གླིང་མང་གཙོ་གཏམ་བརྗོད་རང་དབང་འོག །
ཝ་སྤྱང་དམར་པོའི་སྐད་ཅོར་རྣ་བར་གཟན།།
ཞེན་ཁོག་སྟོང་པའི་རྗེས་སུ་འབྲང་མཁན་ཚོར།།
བཟང་པོའི་བསླབ་བྱ་ངན་པའི་གྲོགས་སུ་སྨིན།།
འ་ར་འུར་རེའི་ཁུངས་མེད་མཆན་རྙོག་བརྒྱུད།།
ཡ་རབས་མི་ལ་ཞྭ་མོ་གཡོགས་མཁན་མང་།།
རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།།
རང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་།།
ལ་གཏམ་ལུང་གཏམ་སྨྲ་བའི་ལྕེ་གཉིས་མེད།།
ལ་རྒྱ་བོར་ན་ཆོལ་གསུམ་དམ་གཙང་གནས།།
ཤ་ཚའི་ཁ་ནས་དྲང་གཏམ་སྤེལ་མཁན་དང་།།
ས་འོག་དར་ཐག་མི་མང་བསླུ་མཁན་གཉིས།།
ཧ་ལམ་འདྲ་བས་མ་ནོར་ཐུགས་རྗེས་གཟིགས།།
ཨ་མས་བུ་ཚོའི་ཞིབ་ཏུ་དཔྱད་པར་འཚལ།།
ཀ་རྩོམ་རྫོགས་རྒྱུ་མེད་པ་ཁྱེད་ལ་མཆིས། །
ཁ་ཕོ་མི་ཆེ་གཤིས་བཟང་ཁྱེད་ལ་ལྡན། །
ག་ནས་བལྟས་ཀྱང་དོན་གླིང་ཕ་རྒན་ཁྱེད། །
ང་ཅག་གཞིས་མི་ནང་ནས་མི་འདྲ་ཞིག །
ཀ་འཕྲེང་ཡོད་དགུ་བྲིས་ཤིག་ཀྱེ། །
ཁ་ཕོ་ཡོད་ཚད་ཤོད་ཅིག་ཨེ། །
ག་ཚོད་ཀློག་ཀློག་ཡོད་པར་གྱིས། །
ང་ཚོའི་ཡིག་ཚོགས་འཕེལ་བར་མཛོད། །
ཀ་ཁ་ཤེས་ནས་དགེ་རྒན་ཆགས་རབས་མེད་།
ཁ་བརྩོད་རྒྱབ་ནས་མཁས་པ་ཆགས་རབས་མེད་།
གང་ལ་བརྟེན་ན་མི་བསླུ་བའི་’།
ང་ཡིའི་སྐྱབས་ཡུལ་དཀོན་མཆོག་གསུམ་།
དོན་གླིང་ཕ་རྒན་ཀ་བཤད་འབྲི་རྒྱུ་མང་།།
ཁ་བརྡ་དྲ་བར་ག་དུས་ཕེབས་ཕེབས་རེད།།
དགུན་དུས་བལ་གོས་ཚོང་བར་མ་ཕྱིན་ན།།
ཀ་བཤད་ཚོང་གིས་གྲོས་པར་ཕན་མ་ཡོང་།།
ལྷག་བསམ་གདུང་གི་ཟླ་བར་གསལ་སྒྲིབ་མེད་།
ལྷག་བསམ་འགན་འཁུར་མི་ལ་རྒྱབ་མདུན་མེད་།
ལྷག་བསམ་རྨ་མེད་མི་གི་རང་མིང་འོག་།
ལྷག་བསམ་བཟང་པོའི་ཀ་བཤད་ཆུ་བོའི་རྒྱུན་།