ཨེ་མ་ཧོ།
ཕ་གཅིག་བླ་མ་དགོངས་པ་ཆོས་དབྱིངས་རྫོགས།།
དྲིན་ཆེན་ཨ་མ་མལ་གྱི་ནང་ངུ་ལྷུང་།།
སྡུག་གི་མཆི་མས་མཁུར་ཚོའི་གཡས་གཡོན་བརླན།།
འཇིག་རྟེན་སྐྱེ་རྒ་ན་འཆི་ཨ་ཙ་མ།།
གངས་རིའི་ཕ་ས་ལུད་ཕུང་གད་སྙིགས་སྤུངས།།
རྐུ་རྫུན་ཁྲམ་པར་སྐྱབས་རྗེ་གོ་སར་གསོལ།
ཆོས་དང་རིག་གཞུང་བརླགས་པའི་གངས་ཤུལ་ན།།
སྡུག་གི་མཆི་མ་བཀུ་བ་ཨ་ཙ་མ།།
ཆོས་པ་ཡང་དག་ཁྱི་གླན་བཞིན་དུ་འཁྱམས།།
ཆོས་མིན་སྤྱོད་པས་གསར་འགྱུར་གང་བའི་ཚེ།།
ནང་བསྟན་ཕལ་ཆེར་ནུབ་པ་ཨ་ཙ་མ།།
བདེན་པའི་མི་ལ་རྫུན་གྱི་ཞྭ་མོ་གཡོགས།།
དྲང་པོའི་ཆོས་ལ་ཚོང་ལས་སྒེར་སྤྱོད་བསྒྱུར།།
ཆོས་སྐྱོང་སྲུང་མས་མི་མངོན་དབྱིངས་ནས་ཁྲེལ།།
སྙིགས་ལྔའི་མུན་པ་ནག་པོ་ཨ་ཙ་མ།།
དྲིན་ཆེན་བླ་མའི་ཞིང་ཁམས་ག་ལ་བར།།
འགྲོ་འདོད་བཅོས་མིན་སྙིང་ནས་སྐྱེས་ན་ཡང་།།
གངས་ལྗོངས་རང་དབང་སྙིང་གི་ཉི་མ་ཞིག།
འཆི་མིག་གསོན་ལ་ཆགས་འདི་ཨ་ཙ་མ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་ཟླ་༡༠ཚེས་༢༡དབྱིན་ཡུལ་རྒྱལ་སྤྱི་སྨན་ཁང་ནས་གང་ཤར་དུ་ཤྲྰི་སྨྱོན་ཨེ་མ་ཧོས་སྡུག་སྐད་གླུ་རུ་བླངས་པར་དགེའོ།། །།
ལྷས་བྱིན་དམྱལ་བར་ཕྱིན་པ་ཨ་ཙ་མ། །
མའོ་དམྱལ་བར་ལྷུང་བ་ཨ་ཙ་མ། །
ཧིཊ་ལར་དམྱལ་རབ་འགྲོ་དགོས་ཨ་ཙ་མ། །
བོད་རིགས་གཞིས་བྱེས་གྱེས་དགོས་ཨ་ཙ་མ། །
ཨ་ཙ་མ་རེད་ཨེ་མ་ཧོ།།
ཨ་མ་ནད་ལས་དྲག་གི་རེད།།
ཨ་ཕོ་རང་བཙན་ཐོབ་ཀྱི་རེད།།
ཨ་མཚར་མ་གསུངས་ཨེ་མ་ཧོ།།