སྤྱན་ཆེན་པོ།
ངའི་རྨི་ལམ་གྱི་ཁུག་པ་རུ་མེ་སྟག་ཆུང་ཆུང་ཞིག་ལྷུང
མེ་སྟག་དེ་ངའི་ཚེ་སྲོག་གི་རབ་ཁ་ནས་གདུག་རྩུབ་ཀྱིས་འཕྱོ་བས
ང་ཕྱི་རོལ་གྱི་མིི་ཚོགས་ཁྲོད་རྒྱུག་ནས་ཆར་བར་སྒུག་པ་ཡིན
གཤོག་པ་དང་སྡེར་མོ་ཐོགས་པ་དང་འདྲ་བའི་མི་ཚོགས་རེ་རེ་ནི
ཁྲག་གིས་བྲིས་པའི་ཡིག་འབྲུ་རེ་རེར་གྱུར་ནས
ག་ལེར་མཚན་སྨག་ཁྲོད་འཐིམ་སོང་བས
ང་སྐྲག་སྣང་དང་བཅས་ཕ་གའི་སྒོ་མོ་དེ་ཤུགས་ཀྱིས་རྡུང་བ་ན
འཆི་བདག་གི་སྒོ་དྲུང་དུ་སླེབ་པ་དང་འདྲ་བས
ངས་སྐད་ཤུགས་ཆེན་པོས་”ང་ལ་ཉེས་པ་མེད”ཅེས་བཤད་པ་ཡིན
སྒོ་སྲུང་བ་དེས་”སྐད་མ་རྒྱག འདི་ནི་སྨན་ཁང་རེད་”ཟེར
ངས་མགོ་ཡར་དགྱེ་ནས་ཞིབ་ཏུ་ལྟ་དུས
ཏག་ཏག་ང་སྨན་ཁང་གི་སྒོ་འགྲམ་དུ་ཐོན་འདུག
༢༠༡༥-༡༢-༤ ཉིན་བྷེལ་ཁམས་ནས།