Oxford ཀྱིས་བསྒྲིགས། སེང་མགུལ་སྨན་བླས་བསྒྱུར།
གནའ་བོའི་མཁར་རྫོང་ནི་རྒྱལ་བོ་དང་ཁོང་གི་འབངས་མི་རྣམས་སྲུང་སྐྱོབ་བྱེད་ས་སྟེ། དེ་ནི་རྡོ་ཁོ་ན་ཡིས་བརྩིགས་པའི་གྱང་ར་ཧ་ཅང་གི་མཐུག་པོ་དང་བཙན་པོ་ཞིག་ཡིན། རྒྱལ་བོས་དུས་རྒྱུན་དུ་ཁོང་གི་མཁར་རྫོང་དེའི་སྟེང་ནས་ཕྱོགས་གཡས་གཡོན་གྱི་ཡངས་པའི་ཐང་ཆེན་ན་དགྲ་བོ་ཡོད་མེད་ལ་ལྟ་ཞིབ་བྱེད་ཀྱིན་པ་དང་། ཕུགས་རྒྱང་རིང་པོའི་སྲུང་སྐྱོབ་ཀྱི་ཆེད་མཁར་རྫོང་གི་མཐའ་འཁོར་འོབས་ཆུ་གཏིང་རིང་མོས་ཁེངས་ཡོད་ལ། དགྲ་བོ་མདུན་ཕྱོགས་སུ་སླེབས་སྐབས་མགྱོགས་མྱུར་གྱིས་འདེགས་འགྱོགས་ཟམ་པ་ཡར་བསྒྲེངས་ནས་འོབས་ཆུ་རྒྱ་སྐྱེད་བྱེད་པ་དང་། སྐབས་དེ་དང་བསྟུན་ནས་མཁར་རྫོང་ནང་གི་དམག་མི་ཚོས་དམག་འཁྲུག་ལ་གྲ་སྒྲིག་བྱས་པ་རེད།
སྤྱིར་གནའ་བོའི་མཁར་རྫོང་ཞིག་ཡིན་ན་དེ་ནི་རྒྱལ་བོ་དང་རྒྱལ་མོ་ཡང་ན་སྐྱེས་ཆེན་དམ་པ་དག་གི་ཁྱིམ་གཞིའམ་བཙན་རྫོང་ཞིག་ཡིན་ལ། དེས་རང་ཉིད་ཀྱི་བདག་པོ་ལ་ཕུན་སུམ་ཚོགས་པའི་སྲུང་སྐྱོབ་བྱེད་པ་མ་ཟད་ཡུལ་དེའི་ཁྱིམ་མི་དང་གཡོག་པོ་ས་ཆའི་བདག་དབང་སོགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།
བཟོ་སྐྲུན་གྱི་སྤྱི་ལོ།
ང་ཚོས་བསམ་བློ་རེ་བཏང་ན། མཁར་རྫོང་མང་ཆེ་བ་ནི་དུས་རབས་བར་མའི་སྐབས་ཏེ་ཡེ་ཤིའུ་འདས་ནས་ལོ་ཆིག་སྟོང་ཡས་མས་ནས་ཆིག་སྟོང་ལྔ་བརྒྱ་ཡས་མས་བར་ལ་ཡོ་རོབ་གླིང་ནས་འཛུགས་སྐྲུན་བྱས་པ་ཞིག་རེད།
ཅི་ཕྱིར་མཁར་རྫོང་བརྩིགས་དགོས་སམ།
གནའ་བོའི་མཁར་རྫོང་གིས་ཁ་སི་ཐྲི་ལེ་སི་ཡིས་རོ་མན་རྒྱལ་རྒྱུད་མཇུག་གྲུབ་རྗེས་སུ་ཡོ་རོབ་གླིང་དུ་དར་བའི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་སྒྲིག་གཞིའི་ལས་དོན་གལ་ཆེན་ཞིག་སྒྲུབ་ཐུབ་ཀྱི་ཡོད་ལ། རིང་ལུགས་དེའི་སྒྲིག་གཞིའི་ནང་དུ་རྒྱལ་བོས་རང་ཉིད་ལ་དབང་བའི་ས་ཆ་རྣམས་མཐོ་རིམ་མི་སྣ་དག་ལ་གཡར་བ་དང་། ཁོང་ཚོས་ཀྱང་ཕྱིར་རྒྱལ་བོ་ལ་ཞབས་ཞུ་ལེགས་བསྒྲུབས་དང་དམག་མིའི་དགོས་མཁོ་བསྐྲུན་དགོས་པ་རེད། དེ་ནས་མཐོ་རིམ་མི་སྣ་མང་པོས་རྒྱལ་བོས་གནང་བའི་ས་ཆའི་སྟེང་དུ་མཁར་རྫོང་བརྒྱག་པ་དང་། ལ་ལས་ས་ཆ་དེ་དག་མཐོ་རིམ་མི་སྣ་རང་ཉིད་ལ་དབང་བའི་ཐོབ་ཐང་བརྩད་ནས་དེའི་སྟེང་དུ་མཁར་རྫོང་བརྩིགས་པ་རེད། ཡིན་ཡང་། ལས་དོན་དེ་དག་ནི་རྒྱལ་བོ་དང་མཐོ་རིམ་མི་སྣའི་བར། ཡང་ན་མཐོ་རིམ་མི་སྣ་ནང་ཁུལ་གྱི་ཤུགས་ཆེ་བའི་འཐབ་རྩོད་ཅིག་དང་རྩོད་རྙོག་གི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར། དེར་བརྟེན་དམག་འཁྲུག་ནི་ཡང་དང་བསྐྱར་དུ་ལངས་པ་དང་། གལ་ཏེ་རང་ཉིད་བསྲུང་འདོད་ན་ཆེས་མེད་དུ་མི་རུང་བ་ནི་སྲ་ཞིང་མཁྲེགས་པའི་མཁར་རྫོང་བཟང་བོ་དེ་ཆགས་པ་རེད།
ཆེས་སྔ་མོའི་མཁར་རྫོང་།
ཆེས་སྔ་མོའི་མཁར་རྫོང་ནི་ས་ཕུང་ཞེས་འབོད་པའི་རི་བོ་ཞིག་གི་རྩེ་མོར་ཤིང་གིས་བརྩིགས་པའི་སྲོལ་ཞིག་ཡིན་ལ། རི་བོ་དེའི་མཐའ་འཁོར་དུ་ཡུར་བ་གཏིང་ཟབ་དང་དེའི་ནང་ལོག་ཏུ་ཤིང་གི་བརྩིགས་པ་ཡོད་། བརྩིགས་པ་དེ་དང་ཤིང་གི་མཁར་རྫོང་གཉིས་བར་གྱི་ས་ཁྱོན་དེ་ལ་མཁར་རྫོང་གི་ལྕགས་རི་ཞེས་བརྗོད་ཅིང་། ཆེས་ཐོག་མའི་མཁར་རྫོང་ནི་དེ་ལྟར་གྲུབ་ནས་གྲགས་པའོ། མཁར་རྫོང་གི་ལྕགས་རི་ནི་མཁར་རྫོང་དེའི་སྙིང་གསོན་པོ་ཡིན་ལ། མགར་བ་དང་ཤིང་བཟོ་རྣམས་ཀྱིས་མཁར་རྫོང་གི་ལྕགས་རིའི་ནང་དུ་རང་རང་གི་འཚོ་བའི་གཞི་བརྟེན་ཏེ། ཐབ་ཚང་དང་སྡོད་ཤག་སོགས་ཀྱི་བརྟན་གཞི་བཙུགས་ནས་བྱ་བ་ལ་ཧུར་བརྩོན་བྱས་པ་དང་། མཁར་རྫོང་གི་བདག་པོ་དུས་རྒྱུན་དུ་རི་རྩེའི་མཁར་རྫོང་དུ་བསྡད་ནས་ཆེས་གལ་ཆེ་བའི་ཕྱི་རོལ་གྱི་བྱ་སྤྱོད་ལ་རྒྱང་ལྟ་བྱེད་ཀྱི་ཡོད། ས་ཕུང་དང་མཁར་རྫོང་གི་ལྕགས་རི་ལས་གྲུབ་པའི་ཤིང་གི་མཁར་རྫོང་དེ་ལྟ་བུ་ནི་དུས་ཡུན་རིང་པོའི་ནང་རུལ་སྐྱོན་དང་དགྲ་བོའི་མེས་འཚིག་པ་སོགས་ཀྱིས་ཧ་ཅང་གི་སྲ་མཁྲེགས་ལྡན་པ་ཞིག་མིན་ལ། དེ་ལས་མཁྲེགས་ཤིང་ལེགས་པ་ནི་སྐབས་དེའི་ཆེས་མཁོ་གལ་ཆེ་བ་ཡིན་པས། རྗེས་ཀྱི་ལོ་ངོ་ཆིག་སྟོང་བརྒྱ་ཡས་མས་སུ་རྒྱལ་བོ་དང་མཐོ་རིམ་མི་སྣ་རྣམས་ཀྱིས་རྡོའི་མཁར་རྫོང་སྲ་ཞིང་བརྟན་པ་དག་འཛུགས་སྐྲུན་བྱས་པ་རེད།
རྡོའི་མཁར་རྫོང་།
ཐུན་མོང་མ་ཡིན་པའི་རྡོའི་མཁར་རྫོང་ལ་ཆ་ཤས་གཙོ་བོ་འགའ་ཡོད་དེ། རྒྱང་རིང་ནས་མཁར་རྫོང་དེའི་ལྟེ་བར་བཙན་པོའི་མཁར་གྱི་དབུ་རྩེ་མཐོང་བ་དང་། དེ་ནི་མཁར་རྫོང་གི་ལྕོག་མཁར་ཞེས་འབོད་པའི་ཆེས་མཐོ་ཞིང་མཁྲེགས་པའི་ཁང་བརྩེགས་ཤིག་ཡིན། མཁར་རྫོང་དུ་སྡོད་པའི་མི་རྣམས་གཅིག་ཁྲོར་གཅིག་ལངས་ནས་ཕྱི་རོལ་དུ་ཡོད་པའི་སྲུང་དམག་གི་ཕྱོགས་ལ་སོ་ལྟ་བྱེད་ཀྱིན་པ་དང་། ད་དུང་དེའི་སྒོ་རའི་ནང་དུ་ལས་བཟོ་ཁང་དང་རྟ་ར་ཐབ་ཚང་ལ་སོགས་པའང་མཆིས། མཐོ་ཞིང་ཐུག་པོའི་གྱང་ར་ནི་མཁྲེགས་ཤིང་ལྡུམ་པོའི་མཁར་རྫོང་གི་ལྕོག་མཁར་ཕྱོགས་མཚམས་རེ་དང་དེའི་སྒོ་ར་ལ་བསྐོར་ནས་ཡོད་ལ། དེའི་སྟེང་དུ་སྲུང་དམག་གིས་ཉིན་མཚན་དབྱེ་མེད་ལ་སོ་ལྟ་བྱེད་ཀྱི་ཡོད། རྡོའི་མཁར་རྫོང་མང་ཆེ་བའི་མཐའ་ཁོར་དུ་འོབས་ཆུ་ཞེས་འབོད་པའི་ཡུར་བ་ཆེན་པོས་སྐོར་ཡོད་ལ། རྒྱལ་བོ་ལ་ལས་ཡུར་བ་ལ་ཆུ་དྲངས་ནས་ཡོད་ནའང་མང་ཆེ་བས་དེ་ལྟར་མི་བྱས། མཁར་རྫོང་ལ་བགྲོད་སའི་ལམ་གཅིག་པུ་ནི་འཕྲེད་དུ་བཅད་པའི་ཡུར་བའི་སྒང་གི་ཤིང་ཟམ་འདེགས་འཇོག་ཅན་དེ་ཡིན། གལ་ཏེ་དགྲ་དམག་གིས་དཔུང་འཇུག་བྱེད་ཚེ་སྲུང་དམག་གིས་ཟམ་པ་དེ་འབྱོར་མྱུར་གྱིས་ཡར་འགྱོགས་པ་དང་། དེ་ནས་ཧ་ཅང་ལྕི་བའི་ལྕགས་དང་ཤིང་གི་ཁྲ་སྒོ་མར་ཕབས་ནས་སྒོ་ཆེན་བརྒྱག་གི་ཡོད།
མཁར་རྫོང་ལ་དཔུང་འཇུག
མཁར་རྫོང་ཡག་པོ་ལ་དགྲ་བོས་ཚུར་རྒོལ་བྱེད་དཀའ་བས། དེ་ནི་བརྗིད་ཆགས་པོའི་བདེ་འཇགས་ཀྱི་ས་ཆ་ཞིག་དང་། མཁར་རྫོང་ལ་དཔུང་འཇུག་བྱེད་རྒྱུ་ནི་ཆེས་དཀའ་བའི་དམག་འཐབ་ཅིག་ཡིན། དེ་ལ་སྐེ་མང་བཙུགས་ནས་གྱང་སྟེང་ལ་ཕར་རྒོལ་བྱེད་པ་དང་གཅིག གྱང་ར་གཏོར་བ་དང་གཉིས། གྱང་གཏིང་ནས་ས་འབྲུ་བ་དང་གསུམ། གྱང་ལོག་ཏུ་འཇུག་པ་སོགས་ཀྱི་གལ་ཆེན་རང་བཞིན་གྱི་བྱ་སྤྱོད་འདི་བཞི་མ་རྒྱུད་ན་ཕྱི་རོལ་དུ་སྒར་ཆགས་ནས་སྡོད་རྒྱུ་ལས་ཐབས་གཞན་མེད་དོ།
སྐབས་འགར་དགྲ་བོས་བཙན་འཛུལ་འཕྲུལ་ཆས་(Siegeengine) བེད་སྤྱད་ནས་མཁར་རྫོང་གི་གྱང་དང་སྒོ་ར་གཏོར་གྱིན་ཡོད། སྐབས་དེའི་ཆེས་སྟབས་བདེ་བའི་བཙན་འཛུལ་འཕྲུལ་ཆས་ནི་ལྕི་ཞིང་མགོ་ལྕགས་ཀྱིས་བཏུམ་པའི་ཤིང་གདུང་ལུག་མགོ་ཅན་ཡིན་ལ། དེའང་ཆེས་ཐོག་མའི་དུས་སུ་དམག་མིའི་ཕྲག་ལ་ཁུར་ནས་དཔུང་འཇུག་བྱེད་དགོས་བ་དང་། ཕྱིས་སུ་ཕྱོགས་བཞི་འཁོར་ལོས་འདེགས་ནས་བཙན་རྒོལ་བྱེད་ཐུབ་པས་སོ།
གཅིག་བྱས་ན་ཆེས་གྲགས་ཆེ་བའི་བཙན་འཛུལ་འཕྲུལ་ཆས་(sieengine) ནི་སྒྱོགས་མདའ་ཡིན་པ་དང་། ཐབས་འཕྲུལ་གྱི་ཡོ་བྱད་དེས་ལྕི་རྡོ་ཆེན་པོ་རེ་མཁར་རྫོང་གི་གྱང་སྟེང་ལ་འཕང་ནས་དཔུང་འཇུག་བྱས་ཀྱི་ཡོད་ནའང་སྒྱོགས་མདའ་དེ་ཧ་ཅང་གི་ནུས་བ་ཆེར་ལྡན་པ་ཞིག་མིན།
སྤྱི་ལོ་1500ཡས་མས་སུ་སྒྱོགས་མདའ་ལས་ལྷག་པའི་མཚོན་ཆ་གཅིག་ཡོད་པ་ནི་མེ་སྒྱོགས(cannon) རེད། དེས་གཡུལ་ངོ་དམག་འཁྲུག་གི་ནང་དུ་ནུས་བ་ཆེན་པོ་ཐོན་ནས་མཁར་གྱང་གི་རྡོ་ལ་མིག་འབྲས་བྲུས་ཤིང་གྱང་རྡོ་གཞི་རྒྱ་ཆེ་པོ་རེ་ས་ལ་ཟག་པའི་སྟབས་དང་བསྟུན་ནས། མཁར་རྫོང་བརྩིགས་མཁན་རྣམས་ཀྱིས་ཞགས་ཐག་འཕང་ནས་ནང་ངོས་ཀྱི་ས་གྱང་གཏོར་ཐུབ་པ་རེད། ཡིན་ནའང་། སྐབས་དེ་ནས་བཟུང་སྤྱི་ཚོགས་ལ་འགྱུར་བ་བླ་མེད་ཕྱིན་ནས་བཀས་བཀོད་རྒྱུད་འཛིན་གྱི་རང་ལུགས་མཇུག་རྫོགས་བཞིན་པ་དང་། མཁར་རྫོང་དག་ཀྱང་ཡུད་རིང་མ་འགོར་བར་དགོས་མེད་དུ་གྱུར་བ་རེད།
ཝཱ་ཎ་ཧིན་རྡུ་སློབ་ཆེན་ནས། 2015/12/9 ཉིན།
བྲིས་ནོར་རམ་དག་ནོར་གྱིས་མཁར་རྫོང་བརྩེགས་འདུག
ཧ་ཅང་ཡག་པོ་འདུག ཡིག་ནོར་རམ་གཏགས་ནོར་འགའ་རེ་འདུག་མོད། ཡི་གེ་འབྲི་མཁན་ཞིག་ལ་མཚོན་ན་ཡིག་ནོར་ནི་སྟོན་ཀའི་ཤིང་ལོ་ཕྱགས་པ་དང་འདྲ་ཟེར་བ་ལྟར་ཤོར་འགྲོ་བར་ཁག་མེད། འོན་ཀྱང་མུ་མཐུད་ནས་འབད་པ་བསྟེན་ན་ཡར་རྒྱས་ནི་ཉི་མ་རེ་རེར་འབྱུང་གི་རེད།
བསྟོད་བསྔགས་ཞུ་འོས་སོ།།
གནའ་བོའི་མཁར་རྫོང་ནི་རྒྱལ་བོ་དང་ཁོང་གི་འབངས་མི་རྣམས་སྲུང་སྐྱོབ་བྱེད་ས་སྟེ། དེ་ནི་རྡོ་ཁོ་ན་ཡིས་བརྩིགས་པའི་གྱང་ར་ཧ་ཅང་གི་མཐུག་པོ་དང་བཙན་པོ་ཞིག་ཡིན།
འདི།
གནའ་བོའི་མཁར་རྫོང་ནི་རྒྱལ་བོ་༼པོ་༽དང་ཁོང་གི་འབངས་མི་རྣམས་སྲུང་སྐྱོབ་བྱེད་༼བྱ་༽ས་སྟེ། དེ་ནི་རྡོ་ཁོ་ན་ཡིས་བརྩིགས་པའི་གྱང་ར་ཧ་ཅང་༼གི་༽མཐུག་པོ་དང་བཙན་པོ་ཞིག་ཡིན་༼རེད༽།
ནོར་རྫས་དགྲ་ཡི་གཡབ་མོ་རེད། །
མཁར་རྫོང་དམྱལ་བའི་ལྕགས་ར་རེད། །
རྒྱལ་པོ་སྡིག་པའི་ཕུང་གསོག་རེད། །
དེས་ན་དབང་དྲག་ཕུང་འདྲེ་རེད། །
བོད་ཀྱི།
སྲིད་སྐྱོང་ཆབ་སྲིད་ཁྲབ་མཁན་རེད། །
སྤྱི་འཐུས་མི་མང་སྐུ་ཚབ་རེད། །
ཆབ་སྲིད་མཁས་ན་ཆོས་པ་རེད། །
སྐུ་ཚབ་འཆོལ་ན་མགོ་སྐོར་རེད། །