དུག་ཚེར་མ།
ཀ་དག་དབྱིངས་ཀྱི་ངོ་བོ་འཁོར་འདས་ཀྱི་ཆོས་ཀུན།།
ཁ་ནས་བཤད་ཚུལ་ཐ་དད་སྤྲོས་པ་དེ་མང་དུས།།
ག་ལེར་ཐོས་བསམ་བྱས་པའི་ངེས་ཤེས་དེ་མེད་པས། །
ང་ཁྱོད་ཕུང་བའི་ལོ་རྒྱུས་རི་བོ་བཞིན་བརྩིགས་སོང་། །
ཅ་ནོར་ག་ཚོད་ཡོད་ཀྱང་ཚིམ་མེད་ཀྱིས་བྱིས་པས།།
ཆ་ལུགས་གནས་ལུགས་གཉིས་ཀྱི་རིན་ཐང་དེ་མ་ཤེས།།
ཇ་ཙམ་ཆེད་དུ་རང་སྲོག་ཤོར་བ་ལ་བསམ་ན། །
ཉ་བཞིན་འཁོར་བར་འཆིང་ལ་སྙིང་པོ་ཞིག་མེད་སྐད།།
ལྟ་གྲུབ་རེ་ལ་རང་འདོད་བཤད་ཚུལ་དེ་མཁས་ཞིང་།།
ཐ་མར་ཕྱོགས་སྔའི་འདོད་པ་རང་འདོད་ལྟར་བཅོས་ནས།།
ད་ནས་དགག་པའི་རྣམ་བཞག་ལྦུ་བ་བཞིན་འཕྱོ་ནས།།
ན་ཁར་ཆུ་བོ་འཐིམས་པའི་ངང་ཚུལ་དེ་མང་སོང་།།
པ་ར་མི་ཏའི་གོ་འཕང་ཐོབ་ཆེད་ལ་མ་འབུང་། །
ཕ་ཡུལ་ཞེན་ཁོག་རེ་རེར་མ་ཎི་བཞིན་བགྲང་ནས། །
བ་སོ་སོགས་པའི་རིན་ཆེན་གང་མང་གི་ཆེད་དུ། །
མ་གྱུར་སེམས་ཅན་བསླུ་བའི་མཁས་རློམ་དེ་མང་ཐལ། །
རྩ་ཆེན་བླ་མས་ཕྱི་ནང་གསང་གསུམ་ཀྱི་མཛད་པ། །
ཚ་མོ་སོགས་ལ་ཞེན་ནས་ཡང་སྲིད་བླངས་ནས་བཟུང་། །
ཛ་ཡི་བསྟན་དང་འགྲོ་དྲུག་སྣང་མེད་དུ་རྩིས་ནས ། །
ཝ་མོ་སེང་སྤགས་གྱོན་པའི་མཛད་རྗེས་དེ་མང་སོང།།
ཞ་མོ་ཐ་དད་ཆེད་རྩོད་བླ་དཔོན་མང་པོ་ཡིས།། །
ཟ་འཐུང་ལུགས་སྲོལ་མི་གཅིག་མི་རེའི་སེམས་ལ། །
འ་ཆ་འུ་ཐུག་བཟོས་པ་ཉུང་ཉུང་དེ་མིན་ཀྱང་།།
ཡ་རབས་རྣམ་ཐར་སྐྱོང་བ་ཉུང་ཉུང་དེ་མང་སོང། །
ར་གན་གསེར་དུ་སྒྲུབ་བྱེད་མང་པོ་ཞིག་བཀོད་ཞིང་། །
ལ་རྩེ་དར་ལྕོག་ལྟ་བུའི་སེམས་བརྒྱུད་དེ་མ་ཐུལ། །
ཤ་ཚའི་ཡུལ་ངེས་མཚན་ཉིད་སྨྲ་བ་དེ་མང་ཡང་། །
ས་ལེ་སྦྲམ་གྱི་ངོ་བོ་ཤེས་མཁན་དེ་ཉུང་ཐལ། །
ཧ་ཅང་འདི་འདྲ་མང་མོད་མདོ་ཙམ་ཞིག་སྨྲས་པར། །
དངོས་ཡོད་གནས་ཚུལ་ཡིན་མིན་གཟུ་བློ་ཡིསབརྟགས་ན།།
རྟག་ཏུ་བདེན་པར་དགའ་བའི་དཀར་ཕྱོགས་ཀྱིས་སྲུང་མས།།
རྟག་ཏུ་སྡོང་གྲོགས་མཛད་པ་ཆོས་ཉིད་དེ་ལོས་ཡིན ། །
ལེགས་སོ། བདེན་ནོ།
ཀ་ཁ་མ་ཤེས་འགྱོད་པས་རྡུང་། །
ཁ་བཤད་མང་དྲགས་འགྱོད་པས་གདུང་། །
ག་ཚད་འཐུང་ཡང་ངོམས་མེད་རྡུང་། །
ང་ཚོའི་མི་རིགས་འགྱོད་པས་གདུང་། །