དྲི་མེད་ལྷག་བསམ།
ན་མོ་གུ་ར་ཝེ།
ཀྱེ་ཧོ་གསོན་དང་ཀ་རྡོ་གཉེར་ཆེན། །སྒྲུབ་རྒྱུད་བྱིན་རླབས་སྙིང་ལ་འཕོས་པས། །
འཁོར་བར་སྐྱོ་བའི་ངེས་འབྱུང་གླུ་ཆུང་། །དྲ་བར་སྤེལ་ལ་ཐལ་མོ་སྦྱོར་རོ། །
སྐྲ་འདབས་དཀར་བ་གཤིན་རྗེའི་བསུ་མ། །བྲེལ་བ་ཆེ་བ་རྒན་པོ་འཆི་རྟགས། །
གཏད་སོ་མེད་པ་མི་ཚེ་སྟོང་ལོག །འཆི་ཀའི་ངང་ཚུལ་ཞིབ་ཏུ་སོམས་ཤིག །
མི་ལུས་ཐོབ་པ་ཕ་མའི་བཀའ་དྲིན། །ཆོས་དང་མཇལ་བ་རྒྱལ་བའི་བྱིན་རླབས། །
གདམས་ཟབ་ཐོབ་པ་བླ་མའི་ཐུགས་རྗེ། །སྙིང་རུས་བསྐྱེད་ཅིག་ཕ་རྒོད་བུ་ཕྲུག །
གྲགས་འདོད་རང་ཕུང་ཁ་མཆུའི་རྟེན་ཡིན། །ལེགས་འདོད་ཉོན་མོངས་དུག་ལྔ་འཁྲུགས་རྒྱུ། །
བྱ་བ་ཐོང་དང་དོན་ཆེན་འགྲུབ་ཅེས། །མི་ལ་རས་པའི་ཞལ་གདམས་དྲན་དགོས། །
དབུ་དཀར་རྒན་པོའི་དམ་ཆོས་དྲན་དུས། །གཤིན་རྗེའི་ཞགས་པ་ཐེབས་པའི་དུས་སྟེ། །
ཆགས་སྡང་གསོག་ནོར་ཕྱི་མའི་ལམ་རྒྱག །ཟླ་འོད་གཞོན་ནུའི་རྒྱུད་པར་མི་མཛའ། །
འདི་འཛི་བྲལ་བ་ཕྱི་ཡི་དབེན་པ། །ཆོས་བརྒྱད་སྙོམ་པ་ནང་གི་དབེན་པ། །
ཉོན་མོངས་ཞི་བ་གསང་བའི་དབེན་པ། །སྒྲུབ་བརྒྱུད་གོང་མའི་གདན་སར་ཕེབས་མཛོད། །
དྭགས་པོའི་བསྟན་བཅོས་མི་ལའི་ཞལ་གདམས། །རྒྱལ་བ་དངོས་ཡིན་ཞལ་བཞེས་གཙང་མ། །
བཀའ་བརྒྱུད་མགུར་མཚོ་དབྱངས་སུ་གྱེར་ལ། །རང་སེམས་བསྲེས་ན་ཆོས་བརྒྱད་རང་ཞི། །
སྣང་སྲིད་ཆོས་སྐུ་འགྲོ་ཀུན་སངས་རྒྱས། །རེས་ཆོད་མེད་ན་དངོས་གྲུབ་ཤུགས་འབྱུང་། །
རང་སེམས་བླ་མར་ཤར་བའི་སྒོམ་ཆེན། །རང་བྱུང་རྡོ་རྗེའི་རྗེས་འཇུག་དག་མ། །
བགེག་ལས་སངས་རྒྱས་གཞན་དུ་མེད་ན། །དགྲ་ལས་རྒྱལ་བ་དངོས་ཤིག་མེད་པ། །
བཀའ་བརྒྱུད་གོང་མའི་རྡོ་རྗེའི་གསང་ཚིག །གོ་ན་བདག་གཞན་ཕྱོགས་འཛིན་ཆད་འགྲོ། །
བདེ་མཆོག་འཁོར་ལོས་སྒྲ་ཡིས་ཅི་བསྟན། །རྡོ་རྗེའི་ཕག་མོའི་དབུ་ཡིས་ཅི་མཚོན། །
རོ་སྙོམས་ཅི་བྱ་རླུང་སེམས་བསྲེ་ཚུལ། །ཀཾ་ཚང་བརྒྱུད་པའི་ཐུགས་དམ་མ་བརྗེད། །
གནམ་ས་གང་བའི་གྲི་ཡིས་ཅི་གཅོད། །ཁམས་གསུམ་གཡོ་བའི་རྐན་སྒྲས་སུ་འཇིག །
འཇོལ་བེར་དགུ་བརྩེགས་ངེས་དོན་ཅི་ཡིན། །ཆོས་བཞིན་སྤྱོད་པར་དགོས་པའི་བརྡ་ཐབས། །
འཁོར་བར་ཕྱི་ཕྱག་འཚལ་བའི་ཆེ་བ། །སྔོན་བྱོན་བཀའ་བརྒྱུད་གྲུབ་པའི་རྣམ་ཐར། །
སྐྱོ་ཤེས་ཡིད་དབྱུང་དྲོད་མ་ཡལ་བར། །ལམ་དུ་བྱེད་པ་སྒྲུབ་བརྒྱུད་མན་ངག །
གྲགས་པས་རྒྱལ་ཁམས་གང་བའི་བླ་ཆེན། །ཁྲི་འབུམ་བྱུང་ཡང་ངོ་མཚར་མི་ཆེ། །
མི་ལའི་ཞབས་རྗེས་ཟིན་པའི་གྲུབ་ཆེན། །སུ་ཡང་རུང་སྟེ་གཙུག་ཏུ་མཆོད་དོ། །
བསོད་ནམས་འཁྱམས་པོས་ཕྱི་ལྟས་བྱས་པའི། །འཁོར་བསྒྱུར་ཐོབ་ལ་སྨོན་པ་མེད་མོད། །
སྒྲུབ་ཚུགས་ཟིན་པའི་རྟོགས་ལྡན་སྤྲང་པོའི། །མཚན་ཙམ་གོ་ཡང་དད་པའི་ཡུལ་ལོ། །
མ་གཡེལ་མ་གཡེལ་ཀ་རྡོ་གཉེར་ཆེན། །སྒྲུབ་བརྒྱུད་གོང་མའི་གདན་ས་སྟོང་འདུག །
སྒྲུབ་ཕུག་ཐམས་ཅད་རྡུལ་གྱིས་ཁེངས་འདུག །ཆོས་དྲུག་བཤད་ཡམ་ཁྲིད་ལུང་གྱུར་འདུག །
རེ་བ་བཅོལ་ལོ་རིགས་ཀྱི་བུ་མཆོག །སྨོན་པ་བྱེད་དོ་ཆོས་བྱ་མཐར་ཕྱིན། །
མཆོག་གསུམ་བདེན་པས་བྱིན་རླབས་ཞུགས་ཏེ། །འགྲོ་བའི་འདྲེན་པར་འགྱུར་བ་ཤོག་ཅིག །
ཅེས་པའང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་ཤ་ཞེན་དང་དད་མོས་ལྡན་པ། ཀརྨ་པའི་སྤྲུལ་བའི་རྣམ་རོལ་རིམ་དང་ཅིག་ཆར་བྱུང་བ་ཀུན་ལ་དག་སྣང་ཡོད་པ། ཀ་རྡོ་གཉེར་ཕྱག་ལ་ངེས་འབྱུང་སྐྱེས་པར་སྤྲོ་བ་འཕེལ་བ་སོགས་ཀྱིས་བྱུང་རྒྱལ་དུ་ཡིད་ལ་གང་ཤར་བཅས་བཅོས་མེད་པར་དེ་མ་ཐག་ཡི་གེར་བཀོད་པ་པོ་ནི། རྨོངས་རྟུལ་དྲི་མེད་ལྷག་བསམ་མོ། །
སྡིག་མི་དགེ་སྤོང་བ་ཐེག་དམན་ཆོས། །
རང་གཅེས་འཛིན་སྤོང་བ་བྱང་སེམས་ཆོས། །
སེམས་ཐ་མལ་བྱང་བ་གསང་སྔགས་ཆོས། །
ང་མི་བྱེད་མི་བསམ་མི་སྣང་ཆོས། །
འདི་གསུམ་པོ་འཛོམས་ན་གསུམ་ལྡན་འཛིན། །
ཀརྡོས།
ངོས་ནས་ཆོས་འཆད་གནང་བར་བཀའ་དྲིན་ཆེ་དྲི་མེད་ལྷག་བསམ་ལགས། ངོ་ཕན་ཐོག་གི་ཆོས་གསུངས་པ་དགའ་སྤྲོ་བརྟས། xxའདི་ཚོས་ཚིག་ཟུར་ཙམ་ཐོན་མ་མྱོང་བ་བཀའ་བརྒྱུད་གོང་མའི་གཅེས་ནོར་མགུར་དུ་གྱེར་བ་ཡང་སྐྱར་བཀའ་དྲིན་ཆེ། ཀརྡོས་ཉན་ནི་མེད་ན་བཤད་ནི་ཁྱི་དང་འདྲ་ཞེས་པར་ཡང་ཐུགས་བརྗེད་མ་ཁུར། གང་ལྟར་རང་གིས་ཚར་གསུམ་བཀླགས་པ་ཡིན་ཤིན་ཏུ་རྨད་དོ།། དམིགས་བསལ་བདག་ལྟ་བུ་ལ་དམ་པའི་ཆོས་ལ་སྙིང་ནས་གཅེས་ཤིང་འཇིག་རྟེན་སྒྲུབ་པའི་ཆོས་གཟུགས་འདྲ་འབག་དག་ལ་ལོག་པར་མཐོང་བའི་མིག་གཅིག་ལ་མཐོང་བའི་དག་སྣང་དགོས་ཚུལ་དང་ཁྱད་པར་སྤྲུལ་སྐུ་རྫུན་མ་མངོན་སུམ་དུ་བཟོས་ནས་མི་དམངས་ཀྱིས་དད་ཁུལ་བྱེད་པའི་རང་མགོ་རང་གིས་སྐོར་བ་དག་ལ་ཕན་པའི་གདམས་མགུར་ཞིག་གསུངས་བར་མཁྱེན་ནོ། མཁས་དབང་དྲི་མེད་ལྷག་བསམ་མཆོག་ལ་པདྨས་གུས་པས་ཕུལ།།
ཁ་བཤད་ཆུ་ཡི་སྦོ་ཝ་དང་ལག་ལེན་གསེར་གྱི་ཐིག་པ་གཉིས་གནམ་ས་ལྟ་བུའི་ཁྱད་པར་ཆེ་།
ཆོས་ཆད་ཉན་སྔོ་བསགས་ལས་ཀྱི་སྦྱིན་།
རྒྱུ་སྦྱོར་བ་བླ་མ་དམ་པས་གནང་།
རང་བསོད་ནམས་བསགས་པའི་རྟེན་འབྲེལ་ལ་།
བློ་འཐེ་འཚོམས་མེད་པའི་དད་པ་བརྟན།
བཅོས། ངན་གཡོའི་ཚོས་ཀྱིས་བསྒྱུར་བའི་གཡོ་ཅན་ཝ་མོ། །
འཁོར་འདས་བར་ལག་འགྱེལ་བའི་སྨོན་ལམ་འདེབས་སོ། །ཡིག་ནོར་དུ་མ་ཤོར་བར་དགོངས་འགལ་མེད་པར་ཞུ།
ཁ་སྣའི་དབུགས་ལ་རེ་བའི་རྩ་རླུང་མིན་པར། །
ཕྱི་ནང་བུམ་པ་རོ་གཅིག་བདེ་ཆེན་རོལ་མོ། །
གཟུང་འཛིན་རོ་རྐྱང་རྣམ་རྟོག་དྷུ་ཏིར་བཅོམས་པའི། །
བྱེད་བཅིང་འཛིན་པ་ལས་འདས་རྫོགས་རིམ་སྦྱང་དགོས། །
ལྷག་བསམ་ལགས་ཀྱིས།
་་་་་་་་་ ཀརྡོས་ཉན་ནི་མེད་ན་བཤད་ནི་ཁྱི་དང་འདྲ་ཞེས་པར་ཡང་ཐུགས་བརྗེད་མ་ཁུར། གང་ལྟར་རང་གིས་ཚར་གསུམ་བཀླགས་པ་ཡིན་ཤིན་ཏུ་རྨད་དོ།། ་་་་་་་་་་་་་་
འོ་ལེགས་སོ། ཀ་རྡོ་ལེགས་ལ་ངེས་འབྱུང་སྐྱེས་ཡོད་ཚུལ་གསུངས་པས། སྒྲུབ་བརྒྱུད་ལ་དེ་ལྟར་སྲིད་པའི་རེ་དང་། སྤྲོ་བ་འཕེལ་དེ་སེམས་ལ་གང་ཤར་མ་བཅོས་པར་བརྗོད་པ་ཡིན། ཁྱི་གྲལ་དུ་སྡོད་དགོས་བྱུང་དེ་ལྟར་འཆའ། རང་སེམས་ལྷག་བསམ་རྣམ་པར་དག་པའི་སྦྱོར་བ་ལ། ཆོས་བཞིན་སྐྱོང་བའི་སྲུང་མ། ལེགས་ཉེས་ཀྱི་ཤན་འབྱེད་ཅིང་དམ་ཚིག་གི་རྗེས་གཅོད་པའི། དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་དྲེགས་པའི་སྡེས་དགྱེས་པའི་སྤྱན་རས་གཡོ་བའི་ལྟས་སུ། དེ་རིང་རྒྱུས་མེད་ཀྱི་དབྱིན་རྒན་ཞིག་གིས་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་འབུམ་དང་། ལྕམ་དྲལ་གྱི་གསེར་ཐང་སྤྲད་པས་སྤྲོ་བ་འཕེལ།
དཔལ་སྤྲུལ་རིན་པོ་ཆེས། ཉོན་མོངས་མེ་ཡིས་རང་རྒྱུད་བསྲེག་བཞིན་དུ། །ལེགས་བཤད་དྲི་བཟང་སྤྱོགས་བཅུར་འགྱེད་པ་ཅན། །གདོལ་སྤྱོད་ཐལ་བ་འཛིན་པའི་སྤོས་རིང་འདི། །ནམ་ཞིག་འཕགས་པ་དགྱེས་པ་ཡོད་གྱུར་ཅིག །ཅེས་གསུངས་པར་ཆེས་བྱའོ། །
འོ་ལེགས་སོ། ཀ་རྡོ་ལེགས་ལ་ངེས་འབྱུང་སྐྱེས་ཡོད་ཚུལ་གསུངས་པས། སྒྲུབ་བརྒྱུད་ལ་དེ་ལྟར་སྲིད་པའི་རེ་བ་དང་། སྤྲོ་བ་འཕེལ་དེ་སེམས་ལ་གང་ཤར་མ་བཅོས་པར་བརྗོད་པ་ཡིན། ཁྱི་གྲལ་དུ་སྡོད་དགོས་བྱུང་ཡང་དེ་ལྟར་འཆའ། རང་སེམས་ལྷག་བསམ་རྣམ་པར་དག་པའི་སྦྱོར་བ་ལ། ཆོས་བཞིན་སྐྱོང་བའི་སྲུང་མ། ལེགས་ཉེས་ཀྱི་ཤན་འབྱེད་ཅིང་དམ་ཚིག་གི་རྗེས་གཅོད་པའི། དཔལ་མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་དྲེགས་པའི་སྡེ་དགྱེས་པའི་སྤྱན་རས་གཡོ་བའི་ལྟས་སུ། དེ་རིང་རྒྱུས་མེད་ཀྱི་དབྱིན་རྒན་ཞིག་གིས་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་འབུམ་དང་། མ་མགོན་ཞལ་སྦྱོར་གྱི་གསེར་ཐང་སྤྲད་པས་སྤྲོ་བ་འཕེལ།
དཔལ་སྤྲུལ་རིན་པོ་ཆེས། ཉོན་མོངས་མེ་ཡིས་རང་རྒྱུད་བསྲེག་བཞིན་དུ། །ལེགས་བཤད་དྲི་བཟང་ཕྱོགས་བཅུར་འགྱེད་པ་ཅན། །གདོལ་སྤྱོད་ཐལ་བ་འཛིན་པའི་སྤོས་རིང་འདིས། །ནམ་ཞིག་འཕགས་པ་དགྱེས་པ་ཡོད་གྱུར་ཅིག །ཅེས་གསུངས་པར་ཆེས་བྱའོ། །
རྩོམ་པ་པོ་ལགས། “འཁོར་འདས་བར་ལག་འགྱེལ་”ཟེར་བ་དེ་ལ་ཚིག་འགྲེལ་ཞིག་ཡོད་པ་མཁྱེན། ཚིག་དེ་ཅི་ཞིག་ལ་ཟེར་གི་ཡོད་མེད་ཧ་གོ་མ་སོང་ལགས། ཚིག་དེ་སྔོན་བྱོན་མཁས་པའི་གསུང་གང་དུ་བེད་སྤྱོད་ཡོད་པའི་ཁུངས་ཤིག་ཀྱང་བསྟན་ཐུབ་ན་དགའ་བ་ལ། ངས་ནང་བསྟན་ཚིག་མཛོད་འདྲ་བ་ཁ་ཤས་ལ་བལྟས་མོད་རྙེད་མ་སོང་།
#8 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།:
December 17th, 2015 at 8:41 pm
འོ་ལེགས་སོ། ཀ་རྡོ་ལེགས་ལ་ངེས་འབྱུང་སྐྱེས་ཡོད་ཚུལ་གསུངས་པས། སྒྲུབ་བརྒྱུད་ལ་དེ་ལྟར་སྲིད་པའི་རེ་བ་དང་། སྤྲོ་བ་འཕེལ་དེ་སེམས་ལ་གང་ཤར་མ་བཅོས་པར་བརྗོད་པ་ཡིན། ་་་་་་་
དྲི་མེད་ལྷག་བསམ་ལགས་ཀྱི། ཆེད་རྩོམ་རྗེས་ཡི་རང་ཞུའོ། ཁྱེད་ཀྱི་བསྔོ་སྨོན་བཞིན། དེ་དེ་བཞིན་གྲུབ་པར་ཤོག །
མཆན།9་པ། སྤོབས་པ་མཐའ་ཡས་ལེགས། འཁོར་འདས་བར་ལག་འགྱེལ་ལ་ཚིག་འགྲེལ་ཞིབ་མོ་ཞུ་ལོང་མི་འདུག་སྟེ་ཕྱོགས་ཙམ་ནི། རྫོགས་ཆེན་སྐབས་མ་དང་བུའི་དཔེ་བཀོད་ཡོད་པ་ལྟར། ༡༽མ་བུ་ངོ་ཤེས་པ། ཚིག་འགྲེལ། ཡུན་རིང་ཁ་གྱེས་པའི་བུ་ཆུང་གིས་ཨ་མ་ངོ་ཤེས་པ་སྟེ། དོན་ནི། ཨ་མ་ཀུན་ཏུ་བཟང་མོའམ་དབྱིངས་སྟོང་ཉིད་ལ་གོ་བ་རྙེད་པ་སྟེ། ཐུན་མོང་པས་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་ཟེར་ཀྱང་ཁྱད་པར་ཆེ། མིང་གི་རྣམ་གྲངས་ལ། འཁོར་འདས་རུ་ཤན་འབྱེད་པ་སྟེ། འཁོར་བ་དང་མྱང་འདས་ཀྱི་དམག་རུའི་དགྲ་གཉེན་སུ་ཡིན་གསལ་བོར་ངོ་ཤེས་པར་བྱ་བ་དང་། སྟོང་ཉིད་ངོ་འཕྲོད་པ། རིག་པ་ངོ་ཤེས་པ། སེམས་ངོ་ཤེས་པ། སྲིད་གསུམ་ཡེ་གྲོལ་ཆེན་པོར་ངོ་འཕྲོད་པ། འཁྲུལ་བ་རྒྱུན་གཅོད་ཀྱི་ལྟ་བར་ངེས་པ་རྙེད་པ་སོགས་སོ། །ལུང་ནི། མུ་ཏིག་ཕྲེང་བ་ལས། དཔའ་བོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་འདས་རྣམས་ཀྱིས་རུ་ཤན་དབྱེ། །ཞེས་སོ། །༢༽མ་བང་དུ་བུ་འཇུག་པ། ཚིག་འགྲེལ། ཨ་མ་ངོ་ཤེས་པས་མ་ཚད་བང་དུ་ཕྱིན་ཅིང་རྐེ་ལ་འཁྱུད་པ་ལྟ་བུ་སྟེ། དོན་ནི། བསྒོམ་པ་ཉམས་སུ་བླང་ལམ་རིག་པའི་རྩལ་རྫོགས་ཏེ་གཞི་དབྱིངས་སུ་འདྲེས་པ་སྟེ་མཉམ་རྗེས་ཐ་དད་ཡོད་པའི་སྐབས་སོ། །ཐུན་མོང་དུ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཟེར། མིང་གི་རམ་གྲངས་ལ། འཁོར་འདས་རྒྱབ་གྱེས་པ་སྟེ་མ་བུ་གཉིས་པ་ལ་མི་མཐུན་ས་ཅུང་ཟད་ཡོད་པས་འགལ་བ་རྒྱབ་གཏད་བྱེད་པ་ལས་བརྒལ་བ་དང་། འཁོར་འདས་བར་ལག་འགྱེལ་བ་སྟེ། ལག་པར་འཐམ་སྟེ་ཕར་འཐེན་ཚུར་འཐེན་བྱེད་པའི་དུས་ལས་འདས་སྟེ་ཨ་མ་ཕྱོགས་གཅིག་གི་བང་དུ་འགྱེལ་བ། འཁོར་འདས་རྡོས་ཐག་ཆོད་པ། འབྲེལ་ཐག་ཆོད་པ། །སྤུན་ཐག་ཆོད་པ་སོགས་སོ། །ལུང་ནི་ཐལ་འགྱུར་ལས། འཁོར་འདས་འབྲེལ་བ་ཆད་པའི་དུས། །རྟོག་བཅས་འཁྲུལ་བ་འགག་པ་སྟེ། །འཁོར་བའི་གཡང་ས་རྒྱུན་ཆད་པའི། །རྣལ་འབྱོར་ཆེན་པོའི་དགོངས་པའོ། །ཞེས་སོ། །༣༽མ་བུ་འདྲེས་པ། ཚིག་འགྲེལ། ཨ་མ་དང་བུ་གཉིས་སུ་མེད་པ་མའི་ཁོག་ཏུ་བུ་ཞུགས་པས་སྲོག་གཅིག་ཏུ་འབྲེལ་བ་ལྟ་བུ་སྟེ། དོན་ནི་དབྱིངས་ཀྱི་ལྷུམས་སུ་རིག་པའི་ཁྱེའུ་ཆུང་སྦྲུམ་པ་སྐུ་གསུམ་དབྱེར་མེད་ཐིག་ལེ་ཆེན་པོའི་ངང་དུ་གནས་པ་སྟེ། །ཐུན་མོང་དུ་མཐོང་ལམ་ནས་མི་སློབ་ལམ་བར་གྱི་ཡེ་ཤེས་སོ། །མིང་གི་རྣམ་གྲངས་ལ། གཞི་ལམ་རིག་པ་དབྱེར་མེད། དབྱིངས་རིག་འབྱེར་མེད། འོད་གསལ་མ་བུ་འདྲེས་པ། འཁོར་འདས་འུབ་ཆུབ། འུབ་ཆུབ་བློ་འདས། འཁོར་བ་རུ་བཟློག ཡེ་ཤེས་དབྱིངས་གྲོལ། གཞི་དབྱིངས་འཁོར་འདས་དབྱེར་མེད་སོགས་ཟེར། མིང་འདི་དག་གཞི་ལམ་འབྲས་བུའི་སྐབས་ཀུན་ཏུ་སྦྱོར་བ་རྒྱས་པ་འབུམ་དུ་སྟོང་ཉིད་བཅུ་དྲུག་སྦྱོར་བ་དང་འདྲ་ཡང་སོ་སོའི་སྐབས་ཐོབ་དེ་ལྟར་གནས་སྙམ། །ལུང་ནི། སྐུ་གདུང་འབར་བ་ལས། །ཉི་མ་ལ་ནི་ཟེར་འདུས་བཞིན། །རང་གི་སྤྲུལ་བར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཅེས་པའོ། །འཁོར་འདས་བར་ལག་འགྱེལ་བ་རྫོགས་ཆེན་བརྒྱུད་པའི་བླ་མ་མང་པོའི་གསུང་དུ་བཞུགས་ཀྱང་། རེ་རེ་བཞིན་འབྲིར་མ་ལོངས། དཔེ་ཆ་འདི་ཡིན་མ་དྲན། བཙལ་བའི་ལོང་མ་བྱུང་། གོང་གི་དེ་དག་ལ་ཞིབ་ཆ་དགོས་པ་དུ་མ་ཡོད་ཀྱང་རྫོགས་པ་ཆེན་པོ་བཤད་པའི་སྤོབས་པ་མེད་པས་དགོངས་འགལ་མེད་པར་ཞུ། །ནོར་འཁྲུལ་སྲིད་པས་དཔྱད་གཞིར་མགྱོགས་བྲིས་བྱས་ཏེ་ཕུལ།
་་་་་་་་་་་འཁོར་འདས་བར་ལག་འགྱེལ་བ་རྫོགས་ཆེན་བརྒྱུད་པའི་བླ་མ་མང་པོའི་གསུང་དུ་བཞུགས་་་་་་་་་
ཀརྨ་པ་མཁྱེན། ཀརྨ་བཀའ་བརྒྱུད་རྣམས་མཁྱེན། ཕྱིར་དྲན་ཅིག་བྱས་ན་ཕྲན་ལ་སྔ་རྗེས་དུ་མར་ཀརྨ་བཀའ་བརྒྱུད་ཀྱི་སྐུ་གསུང་ཐུགས་རྟེན། རྟེན་འདུས་གནང་མཁན་ཕལ་ཆེར་རྒྱུས་མེད་ཀྱི་མི་རེད། མང་དྲག་པ་དང་། ཁྱབ་ཆེ་བ་ཡིན་ནམ། ང་ལ་སྔོན་སྨོན་ལས་འབྲེལ་ཞིག་ཡོད་པས་ཡིན། རང་གིས་ནི་བྱིན་རླབས་ཐོབ་པ་ཡིན་སྙམ། མཁའ་ཁྱབ་རྡོ་རྗེའི་གསུང་འབུམ་ནི་ལན་གཅིག་ཙམ་མིན། མགོན་པོའི་སྐུ་རྟེན་ཡང་ཕལ་ཆེར་ལན་མང་རེད། སྔོན་ཆད་གཞན་ལ་སྤྲད་པ་ཡིན། ད་ནི་རང་གིས་མཆོད་པ་བྱེད། །
ངའི་མ་རྒན་དེས། ཀརྨ་པ་དང་པོ་ནས། ་་་་་་བཅུ་དྲུག་རིག་པའི་རྡོ་རྗེ་ལ་གསོལ་བ་འདེབས། ཀརྨ་པ་ལ་གསོལ་བ་འདེབས། ཀརྨ་པ་ཡི་བྱིན་གྱིས་རློབས། ཞེས་པ་དུས་རྒྱུན་དུ་འདོན་ཞིང་ཕྱག་འཚལ་བ་གནང་། ངའི་གཅེན་པོས། ཁ་འདོན་ཁུངས་མེད་ཨ་མ་རང་གི་རང་བཟོ་བྱས་པ་རེད་ཅེས་འཕྱ་དམོད་ཀྱང་བྱས། ཅོ་ཅོ་ཡང་ཁག་མི་འདུག ཨ་མའི་ཁ་འདོན་ནང་ལ། ་་་་ བྱ་ཡི་སྒོང་ང་གཅེར་བ་ཐོལ་ལོ་བཤགས། ཕྱུག་པོ་སེར་སྣ་ཅན་གྱི་སོགས་མང་དག་ཅིག འདོན་རྒྱུ་འདུག
དྲི་མེད་ལྷག་བསམ་ལགས། ང་ལ་དགོས་པད་ེ་ཐ་སྙད་དེ་ཁྱེད་རང་གིས་གསར་དུ་བཟོས་པ་ཡིན་ནམ་སྔོན་བྱོན་མཁས་པའི་གསུང་ལ་དེ་ལྟ་བུའི་ཐ སྙད་ཅིག་སྔར་ནས་ཡོད་པ་ཡིན་ནམ་བསམ་ནས་ཁུངས་བསྟན་རོགས་ཞུས་པ་ཡིན་མོད་དགོས་པའི་ཐ སྙད་དེ་ག་རང་གིས་ཁུངས་སྣེ་སྣ་གཅིག་མ་བསྟན་པར་མི་དགོས་པའི་ཡར་མར་ལུང་པ་གང་བཤད་འདུག ལུང་མང་པོ་ཞིག་དྲངས་འདུག་མོད་དགོས་རྒྱུའི་འཁོར་འདས་བར་ལག་འགྱེལ་ཟེར་བ་དེ་གཅིག་ཀྱང་མི་འདུག
ཕལ་ཆེར་འཁོར་འདས་དབྱེར་མེད་ལྟ་བའི་གདིང་ཆེན་ཐོབ། འཁོར་འདས་བར་ལག་འགྱེལ་ཟེར་བ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་འདྲ།
སྤོབས་པ་ལེགས། ཡིད་མགུ་བའི་ལན་ཞིག་མ་བྱུང་བར་དགོངས་འགལ་མེད་པར་ཞུ། བཀའ་སྐྱོན་ཅི་དགར་མཛོད་ཅིག ཁུངས་གང་ཡིད་ལ་བསམ་བློ་བཏང་ནས་སྡོད་ཚེ་ནག་ཐོམ་མེར་གྱུར། གསར་བཟོ་ཡང་ཡིན་སྲིད། ད་དུང་ཞུ་རྒྱུ་མ་རྙེད། རང་གི་གོ་བ་འཁོར་བ་མྱང་འདས་སུ་གྲོལ་བའི་དོན་དུ་དམིགས་ཏེ་དེ་ལྟར་བྲིས་པ་ལེགས། སྤྱིར་ཡིད་ལ་གང་ཤར་ལས་བཟོ་བཅོས་བྱས་ཏེ་བྲིས་པ་མིན། དོན་ལ་འགལ་བ་མེད་དེ། རྒྱུད་ལས། རྟོག་པ་རྣམས་ནི་འཁོར་བ་ཉིད། །རྟོག་པ་མེད་ན་མྱ་ངན་འདས། །ཞེས་པས། བདེན་ཞེན་འཁོར་བའི་རྣམ་པར་རྟོག་པ་རྟོག་མེད་སྤྲོས་བྲལ་ཆོས་སྐུའི་ཀློང་དུ་རོ་གཅིག་ཏུ་གྱུར་བ་ལ་མྱང་འདས་སུ་བརྗོད་པའོ། །དེའང་། གནས་འགྱུར་བར་ལག་འགྱེལ་བ། འཁྲུལ་གྲོལ་བར་ལག་འགྱེལ་བ། སྣང་སེམས་བར་ལག་འགྱེལ་བ། སྐྱེ་འཆི་བར་ལག་འགྱེལ་བ། མཉམ་རྗེས་བར་ལག་འགྱེལ་བ་སོགས་ཕྱག་རྫོགས་ཀྱི་མན་ངག་གི་ཡིག་ཆ་རྣམས་དང་། རྟོགས་པའི་དྭ་ཧ་དག་ལས་བྱུང་བ་གཞུང་བཤད་ལ་མེད་པ་ཅི་རིགས་སྣང་། འདི་དག་གི་དོན་ནི་དཔེ་ཚོང་མཁན་དང་། དཔེ་ཀློག་ཙམ་གྱིས་ཆོག་ཤེས་པའི་རིགས་ཀྱི་བསྐལ་བར་མ་གྱུར་པས། ཞུ་མི་ཤེས་ལ་། ཞུ་ལོང་ཡང་མེད། ལན་མེད་པས་དགོངས་འགལ་མེད་པར་ཞུ།