དྲི་མེད་ལྷག་བསམ།
ན་མོ་གུ་ར་ཝེ། རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པར་གྲུབ་པའི། །ཟུང་འཇུག་ཁྱབ་བདག་ཆེན་པོ་ཉི་མ་འོད་ཟེར། །
གསང་གསུམ་ཡེ་ཤེས་ཚ་ཟེར་ལྷང་རེར་ངོམ་ལ།།རྨོངས་པའི་མུན་པ་རང་སངས་ཡུལ་བུད་མཛོད་ཅིག།
ལྟ་ངན་མུ་སྟེགས་མཐར་བྱེད་སེངྒེ་སྒྲ་སྒྲོགས། །ངན་གསོའི་ཚོས་ཀྱིས་བསྒྱུར་བའི་གཡོ་ཅན་ཝ་མོ། །
གདོང་ལྔའི་གསོབ་ཏུ་ཞུགས་པའི་སྙིང་རྩ་འདར་བའི། །རྔམ་བརྗིད་འཇིགས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་ཤིག །
ངན་གོམས་ཁྱི་རྒན་རྔ་མ་སིག་སིག་གཡོ་བ། །ལས་ངན་སྦྲང་ནག་འགུག་པའི་གཡབ་མོར་གྱུར་ཏེ། །
འདོད་ཡོན་ཁྱི་ལུད་སྤུང་བའི་དྲི་ལ་རོལ་བའི། །བྱེད་པ་རྒྱུ་མཐུན་ལས་ངན་མཚོ་ཆེན་རྡོལ་འདུག །
རྒྱ་ཐོབ་རྒྱུ་ཡིས་ཉོས་ཏེ་ཆེན་པོའི་བཀའ་ལུང་། །ཉམ་ཆུང་བོད་རིགས་མགོ་བོ་ས་ལ་བསྙིལ་ཞིང་། །
བླ་ཆེན་རྒྱབ་གཉེར་སྤུང་ཞིང་གྲོས་ཁ་གཅིག་མཐུན། །ཇག་པའི་དཔུང་ཚོགས་བསྒྲིགས་པའི་དུས་ངན་ཤར་འདུག །
ཟང་ཟིང་སྤུ་མདོག་ལེགས་པའི་ཝ་མོ་གྲ་སྡེབས། །བྱིན་ལྡན་གྲུབ་པའི་སེང་ཁྲིར་འཛེམ་མེད་འཛེགས་ཏེ། །
བསླབ་པའི་གྲྭ་རིམ་བསྣོལ་བའི་གཅེས་ཕྲུག་གཅེར་བུ། །གབ་རྩེ་དབུ་བརྩེགས་སྟེང་ན་དར་གྱིས་གཡོག་འདུག །
སླད་མེད་གྲུབ་པའི་མན་ངག་སྨིན་ཁྲིད་ཕྱག་བཞེས། །ཀླ་ཀློའི་རིགས་པ་བཅོལ་ནས་ངོ་སྤྲོད་བྱེད་ཅིང་། །
བྱིན་རླབས་ན་བུན་འཐིལ་བའི་བཤད་སྲོལ་ནུབ་ཀྱང། །འུ་ཅག་བསྟན་པ་རྒྱས་ཟེར་ཀུ་ཅོས་གཡེངས་འདུག །
སྨྲ་ལྕེ་སུ་བདེ་མཁས་པའི་ཕུལ་དུ་བརྩི་ཞིང་། །ངོ་གཉིས་མཁན་པོ་བཙུན་པའི་མཆོག་ཏུ་གླེང་ཏེ། །
གཡོ་སྒྱུའི་བྱེད་པོ་བཟང་པོའི་རྩེ་རུ་བཀུར་བས། །སྙིགས་ལྔའི་མུན་པ་མ་བོས་མལ་ནས་རྡོལ་བྱུང་། །
དུས་ངན་འདི་ལ་ལས་ངན་ང་འདྲ་སྐྱེས་པས། །མི་ངན་འདུས་ཏེ་སྤྱོད་ངན་སྣ་ཚོགས་བྱེད་པ། །
གཅིག་ཏུ་བྱས་ན་དག་སྣང་སྦྱོང་བའི་ཆེད་དེ། །རྒྱལ་བའི་ཐབས་མཁས་སྤྲུལ་བ་ཡིན་ནམ་དྲན་བྱུང་། །
ཀྱེ་ཀྱེ་གསོན་དང་རྫོགས་ཆེན་པདྨ་དབང་ཕྱུག །ཕ་མྱེས་རིག་འཛིན་བརྒྱུད་པའི་རྣམ་ཐར་སྐྱོང་བར། །
ལས་ངན་མཚོ་ཆེན་རྡོལ་བ་རྐྱེན་ངན་གྲོགས་ཤར། །འབར་བའི་མེ་ལ་སྣུམ་གྱི་སྣོན་མ་ལེགས་སོ། །
ལྟ་བའི་གདེང་ཆེན་ཐོབ་པའི་བསོད་ནམས་མེད་ན། །སྒོམས་པའི་རྩལ་ཆེན་རྫོགས་པ་དཀའ་མོར་གདའ་ཡེ། །
སྤྱོད་པ་ཐོ་ཅོར་མ་གཏོང་གྲུབ་པའི་མན་ངག །མྱོང་ལྡན་ཞལ་གྱི་བདུད་རྩི་དལ་་གྱིས་འཐུང་མཛོད། །
རཀྴའི་ཕྲེང་བ་འཛིན་པའི་ཨ་མྱེའི་རིགས་སྔགས། །རལ་རྫོང་དབུ་ན་ལྕི་བའི་སྔ་འགྱུར་སྔགས་པའི། །
དྲག་སྔགས་བཀའ་གཏད་ཐོབ་ན་དགྲ་ལས་རྣམ་རྒྱལ། །ཚེ་ཆོས་མཐའ་རུ་ཕྱིན་པའི་ཆ་རྐྱེན་འཚོལ་དགོས། །
གདན་གསུམ་དཀྱིལ་འཁོར་ཆིག་རྫོགས་གཟེར་བཞིའི་མན་ངག །སྣང་བ་ལྷ་རུ་ཤར་བ་དག་པའི་བསྐྱེད་རིམ། །
ཡུལ་ཅན་ཡེ་ཤེས་འཁོར་ལོར་གཞིར་བཞེངས་རྫོགས་པའི། །བཅོས་མའི་ལམ་ལས་འདས་པའི་ཁྱད་ཆོས་ངོམ་དགོས། །
ཁ་སྣའི་དབུགས་ལ་རེ་བའི་རྩ་རླུང་མིན་པར། །ཕྱི་ནང་བུམ་པ་རོ་གཅིག་བདེ་ཆེན་རོལ་མོ། །
གཟུང་འཛིན་རོ་རྐྱང་རྣམ་རྟོག་དྷུ་ཏིར་བཅོམས་པའི། །བྱེད་བཅིང་འཛིན་པ་ལས་འདས་རྫོགས་རིམ་སྦྱང་དགོས། །
འཇིག་རྟེན་ཆེ་རྒུའི་བླ་མའི་ངོ་འཛིན་དཀའ་འདུག །དད་དང་དམ་ཚིག་གཙང་མའི་འབུལ་བ་ཡོད་ན། །
རང་སེམས་ཡེ་ཤེས་བླ་མའི་ཞལ་ལ་ལྟོས་དང་། །ཡོན་ཏན་ཀུན་འབྱུང་མཁྱེན་གཉིས་གཏེར་ཆེན་རྡོལ་ཡོང་། །
གཞི་དབྱིངས་སྐྱེ་འགག་མེད་པ་ཀ་དག་ཀློང་ལས། །ནང་གསལ་རིག་པ་ལྷུན་གྲུབ་གྲོང་ཁྱེར་ཤར་བ། །
དབྱེར་མེད་ཡེ་ཤེས་གཅིག་ཏུ་མཉམ་པར་སྡོམ་པའི། །གདོད་མའི་རྣལ་འབྱོར་ཁྱོད་ཀྱི་ཐབས་ཀ་ཡིན་ནོ། །
ཡེ་གྲོལ་ཀུན་བཟང་ཀློང་ལ་བཟང་ངན་མི་འདུག །མ་བཅོས་ལྷུན་གྲུབ་ཉམས་ལ་སྤང་བླང་མི་དགོས། །
མཚན་འཛིན་སྤྲོས་པའི་སྣང་པ་རྒྱ་ཡན་ཡངས་པ། །བྱར་མེད་ཞིག་པོའི་རྗེས་ཤུལ་སྙོགས་པར་བརྩོན་ཅིག །
གསེར་ཞིང་ནོར་བུས་མི་ཁུག་རིག་འཛིན་ཐུགས་ཐིག །མཁའ་འགྲོས་འཁྱུད་པའི་ཞལ་རྗེས་ཁ་རླངས་མ་ཡལ། །
པདྨའི་རྗེས་འཇུག་ཁོ་ནར་མནོག་ཆོས་གྱུར་བའི། །ཟབ་ཆོས་སྤྱོད་དུ་ཡོད་ཚེ་ཁ་ལག་མ་འདར། །
རིན་ཆེན་གསེར་གླིང་ཕྱིན་ནས་ལག་སྟོང་ལོག་ན། །ཕ་མ་རེ་ཐག་ཆད་ཅིང་བླ་མའི་ཐུགས་ཁྲེལ། །
སྐྱིད་ཀྱིས་རང་སྡུག་མ་ཉོ་པདྨའི་གཅེས་ཕྲུག །འདོད་ལྷའི་མདའ་ཁར་མ་ཤི་མཁའ་འགྲོའི་སྙིང་སྡུག །
འཁོར་བར་སྐྱོན་ལྡན་ལགས་པས་ཅི་ཡང་འབྱུང་གི། །སེམས་ཅན་ལས་ངན་ཡིན་པས་གང་ཡང་བྱེད་སྲིད། །
ལས་སྒྲིབ་ལག་པས་བསལ་བའི་ཐབས་ཤེས་མི་འདུག །ཀུན་ལ་དག་སྣང་བྱས་ན་དག་པ་རབ་འབྱམས། །
ཕོ་རྒོད་ཀུན་གྱི་ཡང་རྩེར་སླེབས་པར་འདོད་ན། །བྱིས་པ་བྲིད་པའི་ཟང་ཟིང་ཆེ་ཐོབ་མ་གཉེར། །
འཕགས་ནོར་བདུན་ལྡན་ཆོས་བརྒྱད་རོ་སྙོམ་ཐོངས་དང་། །སྲིད་ལས་རྣམ་རྒྱལ་ཆོས་རྗེ་དེ་ཀ་ལེགས་སོ། །
བསྟན་པའི་སྙིང་པོ་སྟོར་བའི་དུས་ངན་འདི་ལ། །བསམ་བཟང་སྐད་ཆར་ཉན་པ་བསོད་ནམས་ལེགས་པས། །
ཁྱོད་ཀྱི་ཆོས་བྱ་དབྱར་མཚོ་ལྟ་བུར་འཕེལ་ཞིང་། །འཁོར་འདས་བར་ལག་འཁེལ་བའི་སྨོན་ལམ་འདེབས་སོ། །
ཅེས་པའང་རྫོགས་ཆེན་པ་པདྨ་གར་གྱི་དབང་ཕྱུག་གིས་གདམས་མགུར་དགོས་པའི་བསྐུལ་མ་བྱུང་བ་མཐོང་འཕྲལ་བྲེལ་བ་ཆེ་བའི་བར་སེང་། ཁ་ཟ་མ་བཟའ་བའི་ཞོར་དུ། ཁ་སྟོང་ནང་གི་ཚིག་སྟོང་། རང་མགོ་འཁོར་བའི་ལམ་སྟོན། རང་ལ་མེད་པའི་ཁ་ཆོས། ངོ་ཚ་མེད་པའི་འུད་སྒྲོགས། མཐོན་པོའི་དབུ་དང་དམའ་མོའི་རྐང་བར་ཕོག་པའི་འཆལ་གཏམ་འདི། ཡིད་ལ་གང་ཤར་མ་བཅོས་པར་ཤར་མར་བྲིས་པའོ། །འདི་དྲི་མེད་རྒན་པོ་འཆོལ་བའི་གཏམ་དུ་ངེས་པས་མཁས་པ་རྣམས་ཀྱི་ཐུགས་མི་ཁྲེལ་བར་ཞུ། །
ཨོ།
ལེགས་སོ།
བཀའ་དྲིན་ཆེ།
དྲི་མེད་ལྷག་བསམ།
མཁྱེན་བརྩེའི་ཐུགས་རྗེ་ཟབ།།
བྱིན་རླབས་དང་དངོས་གྲུབ་མྱུར།།
ལོག་རྟོག་རྨོངས་སེལ་གྱི་སྒྲོན་མེ།།
ཤེས་བྱ་བློ་གྲོས་སྟེར་བའི་སྐར་མ་འོད་ཆེན།།
བྱམས་བརྩེ་དད་གུས་སྦྱིན་པའི་ཟླ་གཞོན་མཆོག།
དག་པ་རབ་འབྱམས་གསལ་བའི་རྟ་བདུན་དབང་པོ།།
མཁས་དབང་དྲི་མེད་ལྷག་བསམ་རྣམ་པར་རྒྱལ་གྱུར་ཅིག།
ཕྲན་པདྨས་ཡང་སྐྱར་བཀའ་དྲིན་ཆེ་རྟགས་སུ་གསོལ་བ་འདེབས།
མཆོག་ཉིད་སྐུ་ཚེ་བསྐལ་བརྒྱ་བརྟན་ཅིང་བསྟན་འགྲོའི་དཔལ་མགོན་དམ་པའི་འོད་སྣང་ནམ་ཡང་ནུབ་པ་མེད་པའི་སྨོན་ལམ་སྙིང་ནས་ཞུ་ཞུ་ཞུ། བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས། རང་གིས་ཅི་ནུས་ཉམས་ལེན་དང་དུས་དེབ་ཏུ་འགོད་ངེས་ལགས་སོ།
རྨོངས་པ་ཡུལ་བུད་ཀྱི་གཏམ་སེངྒེའི་ང་རོ་ཞེས་བྱ་བ།
དྲི་མེད་ལྷག་བསམ།
ན་མོ་གུ་ར་ཝེ།
རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པར་གྲུབ་པའི། །
ཟུང་འཇུག་ཁྱབ་བདག་ཆེན་པོ་ཉི་མ་འོད་ཟེར། །
གསང་གསུམ་ཡེ་ཤེས་ཚ་ཟེར་ལྷང་རེར་ངོམ་ལ།།
རྨོངས་པའི་མུན་པ་རང་སངས་ཡུལ་བུད་མཛོད་ཅིག།
ལྟ་ངན་མུ་སྟེགས་མཐར་བྱེད་སེངྒེ་སྒྲ་སྒྲོགས། །
ངན་གཡོའི་ཚོས་ཀྱིས་བསྒྱུར་བའི་གཡོ་ཅན་ཝ་མོ། །
གདོང་ལྔའི་གསོབ་ཏུ་ཞུགས་པའི་སྙིང་རྩ་འདར་བའི། །
རྔམ་བརྗིད་འཇིགས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་ཤིག །ངན་གོམས་ཁྱི་རྒན་རྔ་མ་སིག་སིག་གཡོ་བ། །
ལས་ངན་སྦྲང་ནག་འགུག་པའི་གཡབ་མོར་གྱུར་ཏེ། །
འདོད་ཡོན་ཁྱི་ལུད་སྤུང་བའི་དྲི་ལ་རོལ་བའི། །
བྱེད་པ་རྒྱུ་མཐུན་ལས་ངན་མཚོ་ཆེན་རྡོལ་འདུག །
རྒྱ་ཐོབ་རྒྱུ་ཡིས་ཉོས་ཏེ་ཆེན་པོའི་བཀའ་ལུང་། །
ཉམ་ཆུང་བོད་རིགས་མགོ་བོ་ས་ལ་བསྙིལ་ཞིང་། །
བླ་ཆེན་རྒྱབ་གཉེར་སྤུང་ཞིང་གྲོས་ཁ་གཅིག་མཐུན། །
ཇག་པའི་དཔུང་ཚོགས་བསྒྲིགས་པའི་དུས་ངན་ཤར་འདུག །
ཟང་ཟིང་སྤུ་མདོག་ལེགས་པའི་ཝ་མོ་གྲ་སྡེབས། །
བྱིན་ལྡན་གྲུབ་པའི་སེང་ཁྲིར་འཛེམ་མེད་འཛེགས་ཏེ། །
བསླབ་པའི་གྲྭ་རིམ་བསྣོལ་བའི་གཅེས་ཕྲུག་གཅེར་བུ། །
གབ་རྩེ་དབུ་བརྩེགས་སྟེང་ན་དར་གྱིས་གཡོག་འདུག །
སླད་མེད་གྲུབ་པའི་མན་ངག་སྨིན་ཁྲིད་ཕྱག་བཞེས། །
ཀླ་ཀློའི་རིགས་པ་བཅོལ་ནས་ངོ་སྤྲོད་བྱེད་ཅིང་། །
བྱིན་རླབས་ན་བུན་འཐིལ་བའི་བཤད་སྲོལ་ནུབ་ཀྱང། །
འུ་ཅག་བསྟན་པ་རྒྱས་ཟེར་ཀུ་ཅོས་གཡེངས་འདུག །
སྨྲ་ལྕེ་སུ་བདེ་མཁས་པའི་ཕུལ་དུ་བརྩི་ཞིང་། །
ངོ་གཉིས་མཁན་པོ་བཙུན་པའི་མཆོག་ཏུ་གླེང་ཏེ། །
གཡོ་སྒྱུའི་བྱེད་པོ་བཟང་པོའི་རྩེ་རུ་བཀུར་བས། །
སྙིགས་ལྔའི་མུན་པ་མ་བོས་མལ་ནས་རྡོལ་བྱུང་། །
དུས་ངན་འདི་ལ་ལས་ངན་ང་འདྲ་སྐྱེས་པས། །
མི་ངན་འདུས་ཏེ་སྤྱོད་ངན་སྣ་ཚོགས་བྱེད་པ། །
གཅིག་ཏུ་བྱས་ན་དག་སྣང་སྦྱོང་བའི་ཆེད་དེ། །
རྒྱལ་བའི་ཐབས་མཁས་སྤྲུལ་བ་ཡིན་ནམ་དྲན་བྱུང་། །
ཀྱེ་ཀྱེ་གསོན་དང་རྫོགས་ཆེན་པདྨ་དབང་ཕྱུག །
ཕ་མྱེས་རིག་འཛིན་བརྒྱུད་པའི་རྣམ་ཐར་སྐྱོང་བར། །
ལས་ངན་མཚོ་ཆེན་རྡོལ་བ་རྐྱེན་ངན་གྲོགས་ཤར། །
འབར་བའི་མེ་ལ་སྣུམ་གྱི་སྣོན་མ་ལེགས་སོ། །
ལྟ་བའི་གདེང་ཆེན་ཐོབ་པའི་བསོད་ནམས་མེད་ན། །
སྒོམས་པའི་རྩལ་ཆེན་རྫོགས་པ་དཀའ་མོར་གདའ་ཡེ། །
སྤྱོད་པ་ཐོ་ཅོར་མ་གཏོང་གྲུབ་པའི་མན་ངག །
མྱོང་ལྡན་ཞལ་གྱི་བདུད་རྩི་དལ་་གྱིས་འཐུང་མཛོད། །
རཀྴའི་ཕྲེང་བ་འཛིན་པའི་ཨ་མྱེའི་རིགས་སྔགས། །
རལ་རྫོང་དབུ་ན་ལྕི་བའི་སྔ་འགྱུར་སྔགས་པའི། །
དྲག་སྔགས་བཀའ་གཏད་ཐོབ་ན་དགྲ་ལས་རྣམ་རྒྱལ། །
ཚེ་ཆོས་མཐའ་རུ་ཕྱིན་པའི་ཆ་རྐྱེན་འཚོལ་དགོས། །
གདན་གསུམ་དཀྱིལ་འཁོར་ཆིག་རྫོགས་གཟེར་བཞིའི་མན་ངག།སྣང་བ་ལྷ་རུ་ཤར་བ་དག་པའི་བསྐྱེད་རིམ། །
ཡུལ་ཅན་ཡེ་ཤེས་འཁོར་ལོར་གཞིར་བཞེངས་རྫོགས་པའི། །བཅོས་མའི་ལམ་ལས་འདས་པའི་ཁྱད་ཆོས་ངོམ་དགོས། །
ཁ་སྣའི་དབུགས་ལ་རེ་བའི་རྩ་རླུང་མིན་པར། །
ཕྱི་ནང་བུམ་པ་རོ་གཅིག་བདེ་ཆེན་རོལ་མོ། །
གཟུང་འཛིན་རོ་རྐྱང་རྣམ་རྟོག་དྷུ་ཏིར་བཅོམས་པའི། །
བྱེད་བཅིང་འཛིན་པ་ལས་འདས་རྫོགས་རིམ་སྦྱང་དགོས། །
འཇིག་རྟེན་ཆེ་རྒུའི་བླ་མའི་ངོ་འཛིན་དཀའ་འདུག །
དད་དང་དམ་ཚིག་གཙང་མའི་འབུལ་བ་ཡོད་ན། །
རང་སེམས་ཡེ་ཤེས་བླ་མའི་ཞལ་ལ་ལྟོས་དང་། །
ཡོན་ཏན་ཀུན་འབྱུང་མཁྱེན་གཉིས་གཏེར་ཆེན་རྡོལ་ཡོང་། །
གཞི་དབྱིངས་སྐྱེ་འགག་མེད་པ་ཀ་དག་ཀློང་ལས། །
ནང་གསལ་རིག་པ་ལྷུན་གྲུབ་གྲོང་ཁྱེར་ཤར་བ། །
དབྱེར་མེད་ཡེ་ཤེས་གཅིག་ཏུ་མཉམ་པར་སྡོམ་པའི། །
གདོད་མའི་རྣལ་འབྱོར་ཁྱོད་ཀྱི་ཐབས་ཀ་ཡིན་ནོ། །
ཡེ་གྲོལ་ཀུན་བཟང་ཀློང་ལ་བཟང་ངན་མི་འདུག །
མ་བཅོས་ལྷུན་གྲུབ་ཉམས་ལ་སྤང་བླང་མི་དགོས། །
མཚན་འཛིན་སྤྲོས་པའི་སྣང་པ་རྒྱ་ཡན་ཡངས་པ། །
བྱར་མེད་ཞིག་པོའི་རྗེས་ཤུལ་སྙོགས་པར་བརྩོན་ཅིག །
གསེར་ཞིང་ནོར་བུས་མི་ཁུག་རིག་འཛིན་ཐུགས་ཐིག །
མཁའ་འགྲོས་འཁྱུད་པའི་ཞལ་རྗེས་ཁ་རླངས་མ་ཡལ། །
པདྨའི་རྗེས་འཇུག་ཁོ་ནར་མནོག་ཆོས་གྱུར་བའི། །
ཟབ་ཆོས་སྤྱོད་དུ་ཡོད་ཚེ་ཁ་ལག་མ་འདར། །
རིན་ཆེན་གསེར་གླིང་ཕྱིན་ནས་ལག་སྟོང་ལོག་ན། །
ཕ་མ་རེ་ཐག་ཆད་ཅིང་བླ་མའི་ཐུགས་ཁྲེལ། །
སྐྱིད་ཀྱིས་རང་སྡུག་མ་ཉོ་པདྨའི་གཅེས་ཕྲུག །
འདོད་ལྷའི་མདའ་ཁར་མ་ཤི་མཁའ་འགྲོའི་སྙིང་སྡུག །
འཁོར་བར་སྐྱོན་ལྡན་ལགས་པས་ཅི་ཡང་འབྱུང་གི། །
སེམས་ཅན་ལས་ངན་ཡིན་པས་གང་ཡང་བྱེད་སྲིད། །
ལས་སྒྲིབ་ལག་པས་བསལ་བའི་ཐབས་ཤེས་མི་འདུག །
ཀུན་ལ་དག་སྣང་བྱས་ན་དག་པ་རབ་འབྱམས། །
ཕོ་རྒོད་ཀུན་གྱི་ཡང་རྩེར་སླེབས་པར་འདོད་ན། །
བྱིས་པ་བྲིད་པའི་ཟང་ཟིང་ཆེ་ཐོབ་མ་གཉེར། །
འཕགས་ནོར་བདུན་ལྡན་ཆོས་བརྒྱད་རོ་སྙོམ་ཐོངས་དང་། །
སྲིད་ལས་རྣམ་རྒྱལ་ཆོས་རྗེ་དེ་ཀ་ལེགས་སོ། །
བསྟན་པའི་སྙིང་པོ་སྟོར་བའི་དུས་ངན་འདི་ལ། །
བསམ་བཟང་སྐད་ཆར་ཉན་པ་བསོད་ནམས་ལེགས་པས། །
ཁྱོད་ཀྱི་ཆོས་བྱ་དབྱར་མཚོ་ལྟ་བུར་འཕེལ་ཞིང་། །
འཁོར་འདས་བར་ལག་འགྱེལ་བའི་སྨོན་ལམ་འདེབས་སོ། །
ཅེས་པའང་རྫོགས་ཆེན་པ་པདྨ་གར་གྱི་དབང་ཕྱུག་གིས་གདམས་མགུར་དགོས་པའི་བསྐུལ་མ་བྱུང་བ་མཐོང་འཕྲལ་བྲེལ་བ་ཆེ་བའི་བར་སེང་། ཁ་ཟ་མ་བཟའ་བའི་ཞོར་དུ། ཁ་སྟོང་ནང་གི་ཚིག་སྟོང་། རང་མགོ་འཁོར་བའི་ལམ་སྟོན། རང་ལ་མེད་པའི་ཁ་ཆོས། ངོ་ཚ་མེད་པའི་འུད་སྒྲོགས། མཐོན་པོའི་དབུ་དང་དམའ་མོའི་རྐང་བར་ཕོག་པའི་འཆལ་གཏམ་འདི། ཡིད་ལ་གང་ཤར་མ་བཅོས་པར་ཤར་མར་བྲིས་པའོ། །འདི་དྲི་མེད་རྒན་པོ་འཆོལ་བའི་གཏམ་དུ་ངེས་པས་མཁས་པ་རྣམས་ཀྱི་ཐུགས་མི་ཁྲེལ་བར་ཞུ། །
ལེགས་སོ། དཔལ་སྤྲུལ་རིན་པོ་ཆེས།
ཟང་ཟིང་ནོར་ལ་ཆགས་སྲེད་ཆེ་ཡང་། །ཟས་གོས་འཚོ་བས་ཕོངས་བ་མེད་ཅིང་། །
ལྟར་སྣང་བཀུར་སྟིས་སྣང་བ་སུན་པས། །ཟོག་པོའི་རྫུན་ཚིག་སྨྲ་འདོད་མེད་དོ། །
ཆོས་བཞིན་སྨྲས་ན་རང་མཚང་འབྲུ་འདྲ། །ཆོས་མིན་སྨྲས་ན་ཉེས་པ་ཆེ་བས། །
བརྗོད་བྱེད་ཚིག་ལ་ང་རང་མཁས་ཀྱང་། །བརྗོད་བྱའི་དོན་གྱིས་ཕོངས་ནས་འདུག་གོ །
དེ་ཚིག་དང་དོན་དུ་མཐུན་པའི། །གཏམ་ཞིག་སྨྲ་རྒྱུའི་སྐལ་བ་དབུལ་ཡང་། །
ཁྱོད་གསུང་མི་གཅོག་རྩེད་མོའི་ཚུལ་དུ། །ཆོས་དང་མཐུན་པའི་ཁ་གཡང་འབོད་དོ། །ཅེས་པའི་རྗེས་སུ་ཕྱོགས་པ་ལེགས། ཉིད་ལ་ཐུགས་ཕན་གསོ་ན་དེ་ཀས་ལེགས་སོ། །དྲ་ཐོག་དུ་ཡོང་དོན་ཡང་། རང་གིས་རྣམ་དཔྱོད་ལ་དཔག་པས་ཆགས་སྡང་གི་སྨན་པ། བདེན་རྫུན་གྱི་ཤན་འབྱེད། ལེགས་ཉེས་ཀྱི་སྟངས་འཛིན། འཐབ་རྩོད་ཀྱི་གཟུ་བ་རེ་ཡོང་བར་རེ་ཡང་། སྐབས་རེར་ཚོགས་དྲུག་གི་ཡུལ་ལ་འཁྱམས། རང་ཚུགས་ཀྱི་ལམ་ཆེན་བོར། གཞན་རྐྱེན་གྱིས་ཆུ་སྣ་གར་ཁྲིད་དུ་འགྲོ་བའི་སྐབས་ཀྱང་ཡོད་པར་ཚོར་བས་སེམས་པ་སྐྱོ། །བླ་མ་དམ་པས། ལར་མིག་རུ་ཟང་ཟིང་གི་སླུ་བྲིད་དང་། མཐོན་པོའི་ངོ་འཛིན་གྱི་སྤྲེལ་ལད་ལ་བསྟན་དོན་དུ་བསྙད་པའི་བྱ་བ་ལ་རྩིས་པོ་ཆེ་མི་བྱེད་པས་མཐུན་འཇུག་གི་ལམ་ཁ་ཆེར་མེད་པའི་སྐྱོན་ཡོད་མོད། རང་སེམས་ཆོས་དང་མཐུན་ན། མི་གཅིག་གྲོགས་མེད་ཧྲེང་ཧྲེང་དང་། མདའ་གཅིག་སྒྲོ་མེད་ཤུར་ཤུར་དུ་གྱུར་ཏེ། འཇིག་རྟེན་ཀུན་དགའ་བའི་ལམ་ལས་ལྡོག་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་སྣེ་ཟིན་པ་ཡིན་པས་དགའ་བ་བསྐྱེད་ཅིག ཅེས་པའི་གསུངས་ཚུལ་བཞིན་སྒྲུབ་པའི་མཐུ་མེད་ཀྱང་སེམས་རྣལ་དུ་གནས་པའི་སྐབས་སུ་དྲན་ཙམ་རེ་བྱ་བའི་ཁུལ་ལོ། །
རྒྱ་གར་གྲུབ་ཆེན་དྲི་བུས་དོ་ཧ་གསུངས། །
བོད་ཀྱི་རྣལ་འབྱོར་མི་ལས་མགུར་གླུ་བླངས། །
ཁ་བརྡའི་དྲི་མེད་ལྷག་བསམ་དམ་ཆོས་སྤེལ། །
མཆན་འབུ་ཀརྡོས་རྗེས་སུ་ཡི་རང་བྱས། །
དྲི་མེད་ལྷག་བསམ་ལ་དངོས་ནས་བཀའ་དྲིན་ཆེ་ཞེས་ཡང་སྐྱར་ཞུ།
ཨོཾ་སྭ་སྟི།།
དྲི་མེད་འོད་ཟེར་སྟོང་གི་རྣམ་དཔྱོད་ཅན།།
ལྷག་བསམ་ཕན་བདེའི་རྒྱ་མཚོའི་སྤྲིན་ཕུང་ཅན།།
བཤད་སྒྲུབ་ཕྲིན་ལས་ལྡན་པའི་བདུད་རྩི་དཔལ།།
དད་གུས་སྙིང་སྲོག་རྒྱན་ཏུ་རྟག་བརྟན་གྱུར།།
ཞེས་པས་སྨོན་གསོལ་སྔོན་དུ་བཏངས་ནས་མཆོག་ནི་དྲི་མ་མེད་པའི་ལྷག་བསམ།།ཕྱོགས་རིས་དབེན་པའི་དྲང་བདེན།།ཆོས་སྲིད་མཁྱེན་པའི་རྣམ་དཔྱོད་སོགས་བཟང་ཀུན་འཛོམས་ཁ་བརྡ་དྲ་བའི་རྒྱན་དང་གངས་རིའི་བདེ་སྡུག་ཆེད་དུ་མཆན་བུ་འདེབས་པར་དངོས་ནས་དོན་སྙིང་ཆེན་པོ་དང་བདག་གཉེར་དང་ཁྱེད་ལ་ཆེན་པོ་བྱུང་།། དེ་རིང་ངས་འདི་ནས་བདག་ལྟ་བུ་ཆོས་དང་འཇིག་རྟེན་གྱི་རྣམ་དཔྱོད་ན་ཕྲ་བ་དག་གི་ཆེད་དུ་ཆོས་སྲིད་ཟུང་འབྲེལ་གྱི་མཚན་གྱི་མགུར་གླུ་འམ་འབེལ་གཏམ་མདོར་བསྡུས་ཞིག་གསུང་བར་མཁྱེན་མཁྱེན་མཁྱེན།། གུས་ཕྲན་པདྨས་སོ།།
ཆོས་ཉམས་ལེན་བརྒྱུད་ལ་མ་བྱས་ན། །
ངས་ཤེས་སོང་ཟེར་ཡང་མགོ་སྐོར་་ཡིན། །
དོན་སྙན་བརྒྱུད་ཀྱི་གདམས་ངག་མ་བསྒོམས་ན། །
གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན། །
རྗེ་མི་ལས།
སྤྱིར་སངས་རྒྱས་བསྟན་པ་རྒྱས་ལ་བརྩོན། །
སྒོས་ཆོས་དད་ཡོངས་ལ་དག་སྣང་སྦྱོངས། །
སྤྱིར་གཞུང་ཆེན་ཡོངས་ལ་ཐོས་བསམ་གྱིས། །
སྒོས་སྙན་བརྒྱུད་གདམས་ངག་སྦས་ནས་སྒོམས། །
གེ་སར་བབས་སྒྲུང་དཔའ་བོའི་ང་རོ་དང་།།
རུས་པའི་རྒྱན་གྱིས་རྩོམ་པའི་ཆོས་མགུར་དག།
ཕྱེད་ཀ་བདེན་ལ་ཕྱེད་ཀ་རབ་བཏགས་ལས།།
དངོས་བྱུང་ལོ་རྒྱུས་འདོད་ན་ཡ་རེ་ཆ།།
xxxxxx
དྲི་མེད་མཁས་པས་བདེན་གཏམ་སེངྒེའི་སྒྲ།།
ལྷག་བསམ་བཟང་པོའི་གདམས་པའི་རྟོགས་མགུར་ལ།།
སྙན་དབང་པདྨའི་རྒྱན་དུ་འགྱུར་བ་རྣམས།།
སྔོན་བསགས་བསོད་ནམས་ཡིན་པ་སྨོས་ཅི་དགོས།།