——རྔ་བ་རྒྱལ་ཁམས་པ།
སྒོམ་གྱི་གནས་ལུགས་སྤྲོས་དང་བྲལ་བ་འདི།།
ཤིན་ཏུ་རྟོགས་དཀའ་རྒྱལ་བའི་གསུང་རབ་དང་།།
མཁས་པའི་དགོངས་འགྲེལ་བླ་མས་མན་ངག་གིས།།
ཨ་ལན་མེད་པའི་གནད་འདིར་འགྲེལ་མང་མཛད།།
སྒོམ་རྒྱག་ཤེས་ན་རང་ངོ་མཐོང་།།
རང་ངོ་ནམ་མཁའི་དཀྱིལ་འཁོར་ལ།།
ཡོད་མེད་ཤེས་བྱའི་སྐར་ཚོགས་ཀྱི།།
རྣམ་བཞག་གཤིས་ལ་རྫོགས་པ་མཐོང་།།
སྒོམ་པ་སྒོམ་པ་ཟེར་བ་དེ།།
མི་སྒོམ་རང་སར་འཇོག་པ་ཡིན།།
རང་སར་བཞག་པས་སེམས་ཀྱི་གཤིས།།
ངང་གིས་མཐོང་ན་སྒོམ་ཞེས་བྱ།།
སྒོམ་ལ་རབ་འབྲིང་ཐ་གསུམ་ཏེ།།
སྒོམ་པ་རབ་ལ་གཏད་སོ་མེད།།
སྒོམ་པ་འབྲིང་གིས་རང་སྐྱོན་ཤེས།།
སྒོམ་པ་ཐ་མར་རྣམ་རྟོག་མང་།།
སྒོམ་ན་གནས་ལུགས་རང་ཞལ་སྒོམ།།
སྣང་སྲིད་ཆོས་སྐུའི་རང་ངོ་སྒོམ།།
ཆོས་སྐུའི་རང་ངོར་བདེ་སྡུག་གི།
རེ་དྭོགས་བྲལ་བའི་གནད་དེ་སྒོམ།།
སྒོམ་གྱིས་མི་བསླུ་སྒོམ་གྱིས་བསླུ།།
སྒོམ་གྱིས་རྒྱུ་འབྲས་རྫུན་ཕུགས་བརྟོལ།།
རྫུན་ཕུགས་བརྟོལ་བའི་སྒོམ་ཆེན་ལ།།
སྲིད་འདིར་མཐུན་པའི་གྲོགས་ཤིག་མེད།།
སྒོམ་ལ་འཇིགས་སའི་དགྲ་བོ་མེད།།
སྒོམ་ལ་དགའ་བའི་གཉེན་ཡང་མེད།།
དགྲ་མེད་གཉེན་མེད་ཆོས་ཉིད་ཀྱི།།
ཆང་གིས་སྨྱོས་པའི་སྒོམ་ཆེན་བདེ།།
སྒོམ་གྱི་སྣང་བ་རྨི་ལམ་བཞིན།།
གསལ་མི་གསལ་ཧྲ་མ་ཧྲོལ།།
ཧྲ་མ་ཧྲོལ་གྱི་གཡོ་འགུལ་ནང་།།
སྣང་སྲིད་སྐྱེ་འཇིག་གློག་ལྟར་མྱུར།།
སྒོམ་ནི་གནམ་ལྕགས་ཕུར་བུ་སྟེ།།
གང་དུ་བཙུགས་ན་དེ་རུ་ཟུག།
ཅི་ཙམ་ཟུག་པ་དེ་ཙམ་གྱིས།།།
གནས་ལུགས་རིན་ཆེན་འབྱུང་བར་ངེས་།།
སྒོམ་གྱིས་ཞི་བདེའི་སྣང་བ་འདྲེན།།
སྒོམ་གྱིས་ཁམས་གསུམ་སྲིད་པ་འཇིག།
སྒོམ་གྱིས་དག་པའི་ཞིང་རྣམས་བཞེངས།།
སྒོམ་གྱིས་རང་ལུས་འོད་དུ་དེངས།།
སྒོམ་གྱི་སྙིང་བོ་མ་ལོན་ན།།
སྒོམ་གྱིས་ཁམས་གསུམ་སྲིད་པར་འཕེན།།
དམིགས་གཏད་མ་བྲལ་སྒོམ་མཐའ་དག།
ཨ་མས་བུ་རྫི་བྱེད་པ་འདྲ།།
སྒོམ་གྱི་རང་ངོར་ཅི་ཡང་མེད།།
ཅི་ཡང་མེད་པས་ཅི་ཡང་འཆར།།
སྒོམ་གྱི་རང་ངོར་ཅི་ཡང་ཡོད།།
ཅི་ཡང་ཡོད་པས་ཅང་མི་འཆར།།
སྒོམ་ནི་རྒྱ་ཆེན་ནམ་མཁའ་འདྲ།།
ནམ་མཁར་སྣང་སྲིད་གློག་འཁྱུག་ཀྱང་།།
གློག་གིས་ནམ་མཁའ་མ་གོས་པས།།
གོས་མེད་ནམ་མཁའི་སྒོམ་ཞིག་རྒྱག།
སྒོམ་ནི་དྭངས་གསལ་མེ་ལོང་སྟེ།།
གཟུགས་བརྙན་སྣ་ཚོགས་འཆར་རུང་ཡང་།།
མེ་ལོང་གཟུགས་ཀྱིས་མ་གོས་པ།།
མེ་ལོང་ལྟ་བུའི་སྒོམ་ཞིག་རྒྱག།
སྒོམ་ནི་རྒྱ་མཚོ་ཆེན་པོ་སྟེ།།
མཚོ་རླབས་གནམ་ལ་ལྡང་ན་ཡང་།།
རླབས་རྒྱུན་མཚོ་ལ་ཐིམ་འགྲོ་བ།།
རྒྱ་མཚོ་ལྟ་བུའི་སྒོམ་ཞིག་རྒྱག།
སྒོམ་གྱི་ཀློང་ན་བདེ་འདོད་སྲེད་ལེན་མེད།།
སྒོམ་གྱི་ཀློང་ན་སྡུག་བྲལ་སྣང་ཞེན་མེད།།
སྒོམ་གྱི་ཀློང་ན་ང་ཁྱོད་རྩོད་པ་མེད།།
སྒོ་གྱི་ཀློང་ནི་ཕྱོགས་མེད་རི་རྒྱལ་འདྲ།།
སྒོམ་གྱི་ཞིང་ཁམས་བརྟན་བརླིང་རྒྱ་མཚོ་ཆེ།།
སྒོ་ལྔའི་རྣམ་ཤེས་རླུང་གི་གཡོ་སྐྱོམ་ལས།།
དཀྲུགས་པའི་འགྲོ་སྣང་བདེ་སྡུག་འཁོར་བའི་རླབས།།
རང་བཞིན་སྒོམ་གྱི་ངང་དུ་ངལ་ཞིག་གསོ།།
རྣལ་འབྱོར་ཤ་ཁྲག་ལྡན་པའི་ལུས་པོ་ལ།།
མཉམ་བཞག་ནམ་མཁའ་ལྟ་བུའི་སྒོམ་ཡོད་ཀྱང་།།
སྣང་བ་རང་རྒྱུད་འཛིན་པ་ཐ་མལ་བས།།
གནས་ལུགས་དེ་ཉིད་རྟོགས་ཐབས་དཀའ་མོར་གདའ།།
གདོས་བཅས་ཕུང་བོ་བདེ་བའི་ཁྱིམ་ན་གནས།།
གཏིང་མའི་རྣམ་ཤེས་སྒོམ་གྱི་ཞིང་སྣང་སྙེག།
ལུས་སེམས་སྣང་གནས་མི་མཐུན་སོ་སོ་བས།།
གཞན་རྒྱུད་ཚོད་དཔག་གཏོང་རྒྱུ་དཀའ་མོར་སྣང་།།
སྒོམ་གྱི་ནུས་པས་དགུན་གྱི་གྲང་ངར་ཞི།།
སྒོམ་གྱི་ནུས་པས་དབྱར་ཁའི་ཚད་གདུང་སེལ།།
སྒོམ་གྱི་ནུས་པས་སྟོན་དུས་རྩི་བཅུད་འཐུ།།
སྒོམ་གྱི་ཡོན་ཏན་དཔྱིད་ཀྱི་སྐྱེ་དངོས་འདྲ།།
སྒོམ་གྱི་ནུས་པས་སྣང་སྲིད་འཁོར་འདས་བཞེངས།།
སྒོམ་གྱི་ནུས་པས་འབྱུང་ཁམས་དྭངས་སྙིགས་འབྱེད།།
སྒོམ་གྱི་ནུས་པས་གཟུགས་ཅན་གཟུགས་མེད་འགུགས།།
སྒོམ་གྱི་ནུས་པས་དག་པ་རབ་འབྱམས་རྟོགས།།
སྒོམ་གྱི་ནུས་པས་ཁྱིམ་གྱི་ནང་འཁོན་ཞི།།
སྒོམ་གྱི་ནུས་པས་རང་གཤིས་འཇམ་ཞིང་དུལ།།
སྒོམ་གྱི་ནུས་པས་ཞེ་སྡང་ཕྲག་དོག་སེལ།།
སྒོམ་གྱི་ནུས་པས་ལུས་ཀྱི་ནད་ཟུག་འཇོམས།།
ཞི་ལྷག་ཟུང་འབྲེལ་བྱིང་རྨུག་རྒོད་པ་སོགས།།
དམིགས་གཏད་མ་ཞིག་སྒོམ་ཆེན་རྒན་པོ་ཚོས།།
བཏབ་པའི་ཕྱག་རྒྱའི་ར་བ་ཡོངས་གཏོར་ནས།།
མ་བཅོས་གནས་ལུགས་ངང་དུ་སྐྱིད་ཉལ་རྒྱག།
སྣང་བའི་གནས་ལུགས་དེད་ན་སྟོང་འགྲོ་ཞིང་།།
སྟོང་བའི་རྒྱུ་མཚན་བཙལ་ན་སྣང་ཡོང་བ།།
སྣང་སྟོང་ཨ་མའི་ཞལ་རིས་དཀར་ནག་འདི།།
འཚོལ་བའི་ངལ་བ་རྩོལ་མེད་ཀློང་དུ་འཇོག།
ཀུན་བཟང་ཡང་ཡུམ་སྦྱོར་བ་སྒོམ་གྱི་དོན།།
འཇིགས་མཛད་རྡོ་རྗེ་ཁྲོས་པ་སྒོམ་གྱི་དོན།།
རྟ་མཆོག་རོལ་བའི་རྟ་སྐད་སྒོམ་གྱི་དོན།།
ཞི་དུལ་ཆོས་ཀྱི་བཞུགས་སྟངས་སྒོམ་གྱི་དོན།།
ཞི་བ་བཞི་བཅུ་འབར་བ་ཁྲག་འཐུང་སོགས།།
ཞི་ཁྲོས་ལྷ་ཚོགས་ས་དང་གནམ་གང་བ།།
ཀུན་བཟང་ཡབ་ཡུམ་གཅིག་གི་སྒྱུ་འཕྲུལ་ཏེ།།
མ་བཅོས་གནས་ལུགས་ངང་ལས་གཞན་ན་མེད།།
རྡོ་རྗེ་འཇིགས་བྱེད་ཆེན་པོ་རབ་ཁྲོས་ནས།།
དམར་ཆེན་ལང་ག་རི་རབ་ཙམ་ཞིག་གིས།།
སྲིད་ཞིའི་ཆོས་ཀུན་དཀྲུག་དཀྲུག་མཛད་དོན་ཡང་།།
སྒོམ་གྱི་སྙིང་བོ་རྟོགས་པའི་དོན་དུ་རེད།།
གསང་འདུས་བདེ་མཆོག་དཔལ་ལྡན་དུས་འཁོར་སོགས།།
རྒྱུད་ཀྱི་ལྷ་ཚོགས་སྒྱུ་རྩལ་སྣ་ཚོགས་ཀྱིས།།
སྒོམ་གྱི་སྙིང་བོའི་གཞི་ལ་སྟངས་སྟབས་ཀྱི།།
སྒྱུ་འཕྲུལ་དགའ་བའི་རོལ་མོ་ཅི་ཡང་དཀྲོལ།།
དགེ་སྡུག་བདེ་སྡུག་ལ་སོགས་གང་གིས་ཀྱང་།།
འོད་གསལ་སྙིང་བོ་སྒོམ་ལ་ཕན་གནོད་མེད།།
འོན་ཏེ་སྒོམ་པ་སྒོམ་སྟེང་མ་བསྡད་པར།།
འགྱུ་དྲན་མང་བས་བདེ་སྡུག་མྱོང་བ་ཙམ།།
ལ་ལར་རང་སྣང་སྒོམ་གྱི་རོལ་བར་འཆར།།
འགའ་རེར་ཆོས་ཀུན་སྒོམ་གྱི་འགལ་ཟླར་སྣང་།།
སྒོམ་གྱི་རང་ངོ་ཕྱོགས་ཡངས་དྲི་མེད་ལ།།
ལྟ་བས་བསླད་པའི་སྒོམ་ཚུགས་ཨ་ཙ་མ།།
རང་མྱོང་མེད་ཀྱང་རང་སྣང་གང་དྲན་གྱི།།
སྨྱོ་བཤད་འདི་དག་ཁ་ནས་དབང་མེད་ཤོར།།
ལེགས་བཤད་ཉེས་བཤད་གང་ཡིན་མ་ངེས་པས།།
ཚང་མས་བཏང་སྙོམ་ཀློང་ནས་ཀློག་འཚལ་ལོ།།
12/16/2015
སྒོམ་སྨྱུགས་མའི་བཙན་ས་ཟིན་པ་དང་།
གཞི་གནས་རྩེ་ལ་འབྱར་བ་གཉིས་།
འདྲ་འདྲ་འདྲ་ལ་ནོར་ཉེན་ཆེ་།
མཐོང་མཐོང་མང་པོའི་དྲན་པ་དང་།
རང་སེམས་གསལ་བའི་མེ་ལོང་གཉིས་།
འདྲ་འདྲ་འདྲ་ལ་ནོར་ཉེན་ཆེ་།
ལྷ་ཆོས་སྙིང་ནས་བྱེད་པ་དང་།
ཚེ་འདི་བླ་མའི་ངོ་སྲུང་གཉིས་།
འདྲ་འདྲ་འདྲ་ལ་ནོར་ཉེན་ཡོད་།
ཕན་ཐོག་སོང་།བཀའ་དྲིན་ཆེ། དྲི་བ་གཅིག་ཡོད། ཞི་གནས་བཞག་ཐབས་དགུ་ཞེས་པའི་སྒོམ་ཞིག་ཡོད་པ་གོ་མྱོང་བས་གསལ་བཤད་ཅིག་གནང་རོགས་རྔ་བ་རྒྱལ་ཁམས་པ་ལགས། ཞི་གནས་ཀྱི་སྒོམ་དང་ལྷག་མཐོང་གི་སྒོམ་ལ་ཁྱད་པར་ཡོད་དམ།
ཞི་གནས་བཞག་ཐབས་དགུ་ནི། ངས་མི་ཤེས་ཀྱང་། ཞི་གནས་ཐོབ་པ་སེམས་གནས་དགུ་ཞེ་པ་ཞིག་ཡོད་རེད། དེའི་སྐོར་མཁྱེན་འདོད་ཡོད་མཁན་སྐུ་ཡོན་དེ་ཡང་ཕུལ་ཆོག་པར་ཞུའོ།། ཧཧ།།
སེམས་གནས་དགུ་ནི།
༡༽ ནང་ཉིད་ལ་འཇོག་པ།
༢༽ རྒྱུན་དུ་འཇོག་པ།
༣༽ བསླན་ཏེ་འཇོག་པ།
༤༽ ཉེ་བར་འཇོག་པ།
༥༽ འདུལ་བར་བྱེད་པ།
༦༽ ཞི་བར་བྱེད་པ།
༧༽ རྣམ་པར་ཞི་བར་བྱེད་པ།
༨༽ རྩེ་གཅིག་ཏུ་བྱེད་པ།
༩༽ མཉམ་པར་འཇོག་པ།
བཅུ་པ་ནི། ཞི་གནས་མཚན་ཉིད་ཚང་བ་དེའོ།།
ཨ་ལེ་དེ་ཙམ་གྲངས་ཀ་ངོས་ནས་ཤེས་ཀྱང་ཁྱད་པར་དང་སེམས་གནས་ལ་འགྲེལ་བཤད་ཅིག་གནང་དང་ཀརྡོ་ལེགས།
པདྨ་ལགས། ཁྱེད་ཀྱིས་ང་ལ་ཚོད་སྒམ་གནང་བ་ལྟར་། ངས་ཀྱང་ཤེས་ཚོད་ཅིག་ཚིག་གི་སྤྲོས་པ་སྐྱོང་སྟེ་ཞུ་བར་བྱའོ།། གོ་སླ་བར་ཞུས་ན་ཞི་གནས་ནི་འཇོག་སྒོམ་དང་། ལྷག་མཐོང་ནི་དཔྱད་སྒོམ་ཡིན་ནོ།།
ཞི་གནས་ཀྱི་ངོ་བོ་ནི།
སེམས་ཕྱི་རོལ་དུ་གཡེང་བ་ཞི་ནས། ནང་གི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཤིན་སྦྱངས་ཤིག་ལ་ཞི་གནས་ཞེས་བྱ། ཞི་གནས་སྒྲུབ་པ་ལ་ཕྱི་ནང་གི་མཐུན་རྐྱེན་མང་བོ་ཞིག་གསུངས་ཀྱང་། གཙོ་ཆེ་ཤོས་ནི། སེམས་གནས་པའི་ཐབས་དགུ་དང་། སྟོབས་དྲུག ཡིད་བྱེད་བཞི་སོགས་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས་ན་ཤིན་ཏུ་རྒྱས་པར་གསུངས། དེ་དག་ལས་གལ་ཆེ་ཤོས་ཤིག་ནི། སེམས་གནས་པའི་ཐབས་དགུ་རེད།
༡༽དེ་དང་དེ་ལ་སེམས་འཇོག་པ་ནི། སེམས་ཕྱི་རོལ་ཡུལ་གྱི་དམིགས་རྣམ་སྣ་ཚོགས་པའི་ཐོག་ཏུ་མི་འཕྲོ་བར། ནང་དམིགས་རྟེན་ལ་གཏོད་པའོ།།
༢༽ རྒྱུན་དུ་འཇོག་པ་ནི། དམིགས་རྟེན་ཐོག་སེམས་ཟིན་རྗེས་གཞན་དུ་མི་གཡེང་བར་རྒྱུན་སྐྱོང་བའོ།།
༣༽ བསླན་ཏེ་འཇོག་པ་ནི། རྣམ་པར་གཡེང་ཚེ་ངོ་ཤེས་པའི་སྒོ་ནས་སླར་ཡང་དམིགས་རྟེན་ལ་བསླན་ཏེ་འཇོག་པའོ།།
༤༽ ཉེ་བར་འཇོག་པ་ནི། སེམས་སྔ་མ་གཡེང་བ་ཤེས་ནས་སྤོང་བ་དང་། སེམས་འདི་རྣམ་གཡེང་སྤངས་ནས་དམིགས་པ་དེ་ཉིད་ལ་འབད་པས་འཇོག་པའོ།།
༥༽ འདུལ་བར་བྱེད་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་ཏེ། དེ་ལ་དགའ་བའོ།།
༦༽ ཞི་བར་བྱེད་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ནས། ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པའོ།།
༧༽ རྣམ་པར་ཞི་བར་བྱེད་པ་ནི། ཉོན་མོངས་སྐྱེས་ན་དེའི་ཉེས་དམིགས་དྲན་པའི་སྒོ་སེམས་ཚུར་དམིགས་སྟེང་དུ་འཇོག་པའོ།།
༨༽ རྩེ་གཅིག་ཏུ་བྱེད་པ། ཆགས་སེམས་དང་ཡིད་མི་བདེ་དང་རྨུགས་པ་དང་གཉིད་ལ་སོགས་པ་བྱུང་བ་རྣམས་ཉེ་བར་ཞི་བར་བྱེད་པའོ།།
༩༽ མཉམ་པར་འཇོག་པ་ནི། སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་ལ་སྒོམ་རིམ་ནས་གསུངས་ལ། རྒྱུད་གཅིག་ཏུ་བྱེད་པ་གོམས་པས་ལྷུན་གྲུབ་ཏུ་རང་གི་ངང་གིས་འཇུག་ཅིང་རང་དབང་ཐོབ་པ་ལ་ཤེར་ཕྱིན་མན་ངག་ལས་གསུངས་སོ།།
ལྷག་མཐོང་གི་ངོ་བོ་ནི། ལྷག་པར་མཐོང་བའི་དོན་ཏེ། གནས་ལུགས་དཔྱོད་པའི་ཤེས་རབ་ཀྱིས་དཔྱད་སྟོབས་ལས་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པའི་ངེས་ཤེས་བརྟན་པོ་སྐྱེས་པ་ན། ཞི་གནས་ཀྱི་ཤིན་སྦྱངས་ལས་ལྷག་པར་བདེ་བའི་དགའ་བདེ་ཁྱད་པར་ཅན་སྐྱེས་པ་ལ་ལྷག་མཐོང་དུ་གསུངས་ཀྱང་། འདིར་ལྷག་མཐོང་ཞེས་པ་ཞི་གནས་ཀྱི་སྐབས་སེམས་དམིགས་པ་ལ་གནས་ཙམ་ལས་ལྷག་པར་མ་མཐོང་བ་དང་། ལྷག་མཐོང་ཞེས་པ་ནི། ཞི་གནས་ཙམ་ལས་ལྷག་པའི་དགག་བྱ་བཅད་པའི་གནས་ལུགས་ཀྱི་དོན་ཞིག་མཐོང་བ་ཡིན་པས། ལྷག་མཐོང་ཞེས་བརྗོད་ན་ཅི་འདྲ་འདུག་དཔྱོད། འདི་སྐོར་ངས་གསལ་བོ་ཞིག་ཞུ་མི་ཤེས། རྗེའི་ལམ་རིམ་ཆེ་ཆུང་དང་། དྲང་ངེས་ལེགས་བཤད་སྙིང་བོ། ལྷག་མཐོང་ཆེན་མོ་སོགས་གཟིགས་ཐུབ་ན་རབ་དང་། མ་ཐུབ་ཚེ་རྗེ་བླ་མའི་ཞི་ལྷག་གཉིས་ཀྱི་དཀའ་གནད་བསྡུས་བཤད་དང་། རྟེན་འབྲེལ་བསྟོད་པར་ཡང་ཡང་གཟིགས་ན་གསལ་རྒྱུ་རེ་ཡོད་སྲིད། ལར་ནས་ཁྱེད་རྫོགས་ཆེན་པ་ཞིག་གིས། རྫོགས་ཆེན་གྱི་རིག་པའི་གནད་ཐོག་ནས་འདི་སྐོར་ལ་ཅིག་གཟིགས་དང་། ལྟད་མོ་ངོ་མཚར་བ་མང་བོ་ཡོད་རྒྱུ་རེད་འདོད། རྫོགས་ཆེན་གྱི་རིག་ངོ་འཕྲོད་སོང་བ་ཞིག་ཡིན་ན། ཞི་ལྷག་གི་སྐོར་དེ་ཙམ་དཀའ་གནས་དང་གཏིང་ཟབ་མོ་ཞིག་ཨེ་ཡིན་མི་ཤེས། དེ་ཙམ་གྱིས། སྐུ་ཚེ་རིང་།
རྔ་བ་རྒྱལ་ཁམས་པའི་མགུར་མ་འདི་ེལེགས་པོ་མཐོང་སོང་། རྔ་བ་ལགས། ༼རྫོགས་ཆེན་གྱི་རིག་ངོ་འཕྲོད་སོང་བ་ཞིག་ཡིན་ན༽ ཞེས་པའི་རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་ཅི་འདྲ་ཞིག་ངོས་འཛིན་བྱེད། གསལ་བྱེད་ཅིག་གནང་བར་ཞུ། །
སེམས་གནས་དགུ་པོ་དེ་དག སྟོབས་དྲུག ཡིད་བྱེད་བཞི་དང་སྦྱར་རྒྱུ་ལྷག་པ་ཙམ་མ་གཏོགས། #6 རྔ་བ་རྒྱལ་ཁམས་པས། མདོར་བསྡུས་ལ་གནད་ཚང་བ་གསུངས་འདུག་པ་ལ། དགོངས་བཞེས་མཛོད་ཅིག པདྨ་ལགས།
རྔ་བ་རྒྱལ་ཁམས་པ་བཀའ་དྲིན་ཆེ་ངོ་མ་ཕན་ཐོག་པོ་བྱུང་སོང་། ངོས་ན་ཁྱེད་ལ་ཚོད་སྒམ་དང་ཅོ་འདྲི་སོགས་གཡོ་འཕྲུལ་ལས་བྱས་པརྡུལ་ཙམ་མེད། ང་འདྲ་བ་དག་ལ་ཕན་ཏུ་རེ་ནས་ཞུས་ནས་ལྗགས་ལན་གནང་ཡང་སྐྱར་བཀའ་དྲིན་ཆེ་ཞུ། ངོས་ལ་ནམ་རྒྱུན་ལམ་མཆོག་རིན་ཆེན་ཕྲེང་བ་ཞིག་དང་ཐར་རྒྱན་ཞིག་ལས་ལམ་རིམ་དང་ལམ་འབྲས་སོགས་ཡིག་ཆ་གང་ཡང་མེད་པས་དགོངས་འགལ་མེད་པར་མཁྱེན། མཚམས་རེ་དུས་ཁོམས་ཡོད་དུས་དུས་བབས་དང་ཁ་བརྡ་དྲ་བ་ཀློག་གི་ཡོད། བོད་ཡིག་མི་བརྗེས་ཐབས་སུ་གང་དྲན་མཆན་ཐོར་རེ་དང་བདེན་གཏམ་རྣལ་མ་ཞུ་བཞིན་ཡོད། ཀླུ་སྨྱོན་ཧེ་རུ་ཀ་དང་ཤྲྰིཿཨེ་མ་ཧོ་དང་དྲི་མེད་ལྷག་བསམ་དང་ཁ་བརད་དྲ་བདག་གི་དགེན་སོགས་དང་རྔ་བའི་སྒོམ་ཆེན་ཁྱེད་ལྟ་བུ་ཚོས་རྩོམ་ལ་ཧ་ཀྱང་དགའ། ངོས་ནས་དཔྱོད་ན་རྔ་བའི་སྐྱབས་མགོན་ཟེར་བ་དེ་ཚོ་ལས་མཆོག་ལ་དགའ་དད་ཆེས་སོང་བས་དེ་ལུགས་མཁྱེན་འཚལ་ལོ། བཀྲ་ཤིས་བདེ་ལེགས་བཅས་པདྨ་གར་གྱི་དབང་ཕྱུག་ནས་གུས་ཕུལ།།
ཞི་གནས་དང་ལྷག་མཐོང་གི་སྐོར་གསལ་པོ་ཞིག་བཤད་དགོས་ནས་རྗེ་ཙོང་ཁ་བའི་ལུགས་ལ་མ་གཏོགས་ཆོས་བརྒྱུད་གཞན་པ་ཚོར་མེད་པ་འདྲ། འདི་ནི་རྔ་བ་རྒྱལ་ཁམས་པའི་གསུངས་ལ་ལྟོས་ན་ཤེས་ཐུབ། ཆོས་བརྒྱུད་གཞན་པ་ཚོར་རྫོགས་ཆེན། ཕྱག་ཆེན། གཞན་སྟོང་། ལམ་འབྲས་སོགས་མིང་རྫིག་པོ་རེ་ཡོད་མོད། མཐར་དད་ན་རྗེ་ཙོང་ཁ་བར་སྐྱབས་བཅོལ་དགོས་འདུག གུང་ཐང་བསྟན་པའི་སྒྲོན་མས་དེང་དུས་སྒོམ་བཞིན་པའི་རྫོགས་ཆེན་ནི་ཞི་གནས་མཚན་ཉིད་ཚང་བ་ཞིག་ཀྱང་མེད་རབས་བཤད་འདུག གལ་ཏེ་བདེན་ན་ཧ་ཅང་ཕངས་པ་ལ། །
རང་བྱུང་རིག་པའི་རྡོ་རྗེ་ལགས། རྫོགས་ཆེན་གྱི་རིག་པའི་ཐད་ཕྲན་ལ་ཅུང་ཟད་རེ་ཞུ་རྒྱུ་བདོག་ཀྱང་། དགག་དགོས་ཀྱི་དབང་གིས་དྲྭ་ལམ་ནས་བཤད་འོས་སུ་མ་མཐོང་། བོད་ལ་མཚོན་ན་དུས་རབས་བརྒྱད་པ་ནས་བཟུང་། སྒོམ་རིམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་གི་འཆད་ཉན་གྱི་སྲོལ་དར་ཡོད་པ་ཞིག་རེད། བོད་ཀྱི་གྲུབ་མཐའ་ཕལ་ཆེར་གྱི་ནང་སྤྱོད་འཇུག་འཆད་ཉན་མི་གནང་མཁན་ཞིག་ཧ་ལམ་མེད་ཅེས་བཤད་ན་ཆོག ལྷག་པར་རྙིང་མ་དང་། ས་སྐྱའི་ཕྱོགས་ལ་སྤྱོད་འཇུག་འཆད་ཉན་གྱི་ནུས་ཤུགས་ཆེན་པོ་ཡོད་པ། གྲུབ་མཐའ་དེ་དག་གི་མཁས་གྲུབ་ཚོས་མཛད་པའི་གཞུང་འགྲེལ་ལས་དཔོགས་ཐུབ་པ་ཞིག་རེད། དེར་བརྟེན། ཉིད་ཀྱིས་ཞི་ལྷག་གཉིས་རྗེ་བླ་མར་སྐྱབས་བཅོལ་དགོས་ཚུལ་གསུངས་པ་དེ་དོན་དངོས་དང་མཐུན་པ་ཞིག་མིན། འོན་ཀྱང་འཇམ་མགོན་བླ་མས་ཞི་ལྷག་གི་སྐོར་བསམ་གྱིས་མི་ཁྱབ་པའི་ལུང་རིགས་དང་། དགོངས་ཉམས་ཀྱི་ཐོག་ནས་རྩལ་འདོན་གནང་ཡོད་པ་ནི་བདེན་པ་ཞིག་རེད།
་་་་་་་་་ གུང་ཐང་བསྟན་པའི་སྒྲོན་མས་དེང་དུས་སྒོམ་བཞིན་པའི་རྫོགས་ཆེན་ནི་ཞི་གནས་མཚན་ཉིད་ཚང་བ་ཞིག་ཀྱང་མེད་རབས་བཤད་འདུག གལ་ཏེ་བདེན་ན་ཧ་ཅང་ཕངས་པ་ལ། ། ་་་་་་་་་
་་་་་་་་ བོད་ཀྱི་གྲུབ་མཐའ་ཕལ་ཆེར་གྱི་ནང་སྤྱོད་འཇུག་འཆད་ཉན་མི་གནང་མཁན་ཞིག་ཧ་ལམ་མེད་ཅེས་བཤད་ན་ཆོག ལྷག་པར་རྙིང་མ་དང་། ས་སྐྱའི་ཕྱོགས་ལ་སྤྱོད་འཇུག་འཆད་ཉན་གྱི་ནུས་ཤུགས་ཆེན་པོ་ཡོད་པ། ་་་་་་་་
འོ་ལགས་ལོ། རྔ་བ་རྒྱལ་ཁམས་པ་ལགས་གསལ་བཤད་བྱས་པ་ཐུགས་རྗེ་ཆེ། ཉིད་ཀྱིས་གསུངས་པ་བདེན་ཀི། རྫོགས་ཆེན་གྱི་རིག་པའི་སྐོར་དྲ་ཐོག་ནས་བཤད་ན་ལེགས་པོ་མི་འདུག ངས་ཆོས་རྒྱུད་གཞན་ལ་མེད་པ་འདྲ་ཟེར་དགོས་པའི་རྒྱུ་མཚན་ནི། གོང་གི་མཆན་དྲུག་པ། ༼འདིའི་སྐོར་ཤེས་པར་འདོད་ན་ངས་གསལ་བོ་ཞིག་ཞུ་མི་ཤེས། རྗེའི་ལམ་རིམ་ཆེ་ཆུང་དང་། དྲང་ངེས་ལེགས་བཤད་སྙིང་བོ། ལྷག་མཐོང་ཆེན་མོ་སོགས་གཟིགས་ཐུབ་ན་རབ་དང་། མ་ཐུབ་ཚེ་རྗེ་བླ་མའི་ཞི་ལྷག་གཉིས་ཀྱི་དཀའ་གནད་བསྡུས་བཤད་དང་། རྟེན་འབྲེལ་བསྟོད་པར་ཡང་ཡང་གཟིགས་ན་གསལ་རྒྱུ་རེ་ཡོད་སྲིད།༽ དགེ་ལུགས་མ་གཏོགས་གཞན་མེད་པས་ཡིན། བོད་ཀྱི་ཆོས་རྒྱུད་བོན་དང་བཅས་ཚང་མར་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཡོད་པ་ཤེས་ཡོད་ལ་ཡིད་ཆེའང་ཡོད། དྲ་ཐོག་འདི་ན་རྒྱུན་དུ་ཕེབས་མཁན་ཁྱེད་རྔ་བ་རྒྱལ་ཁམས་པ་དང་། དྲི་མེད་ལྷག་བསམ། ཨེ་མ་ཧོ་སོགས་ལ་ནམ་ཡང་དགའ་བསུ་ཞུ། །
བོན་ལ་རྫོགས་ཆེན་ཡོད་ན་བོན་པོ་པོ་ངོ་མ་ཚོས་་དམར་མཆོད་གཏང་དོན་མི་འདུག་ག རྫོགས་ཆེན་གྱི་གཞུང་གང་གི་ནང་ན་དམར་མཆོད་གཏང་དགོས་ཟེར་ནས་བྷཤད་ཡོད་རེད། དེའི་སྐོར་ལ་བགྲོ་གླེང་བྱེད་ཐུབ་ན་བཟང་།
སྤོབས་པ་ལགས། ཁྱོད་ཀྱིས་ཅུང་ཟད་ཅིག་ཤེས་པ་དེ་ཉམས་ལེན་ལ་སྦྱར་ཐུབ་ཀྱི་མི་འདུག་གམ། རྫོགས་ཆེན་གྱི་བདག་པོ་ངོ་མ་དེ་རྙིང་མ་དང་བོན་པོ་གང་ཡིན་ཀྱང་ཁྱད་པར་སྤུ་རྩེ་ཡང་ཡོད་པ་མ་རེད། གནད་འགག་དེ་ད་ལྟ་རང་ཉམས་སུ་ལེན་བཞིན་པའི་ཆོས་དེ་ཡང་དག་ཅིག་ཡིན་མིན་དང་། གཞན་ལ་ཕན་ཐོགས་མིན་དེ་རེད། ཁྲི་སྲོང་ཡན་གྱི་བོན་ལ་རྫོགས་ཆེན་ཡོད་མེད་དེ་སུ་ཞིག་གིས་ཁ་མཚོན་བཅད་དེ་བཤད་ཐུབ་ཀྱི་མ་རེད། འོན་ཀྱང་ད་ལྟའི་བོད་ཀྱི་བོན་པོ་ཚོས་རྫོགས་ཆེན་ཉམས་སུ་ལེན་ཀྱི་ཡོད་པ་གསལ་་པོ་རེད། ངས་འདི་བཤད་དགོས་པའི་རྒྱུ་མཚན་ནི་ཁྱོད་ལ་ཕན་ཨེ་ཐོགས་སྙམ་པ་ཡིན་མ་གཏོགས་ང་རང་ནི་བོན་པོ་མིན། ཡིན་ཡང་ང་བོན་ལ་འབྲེལ་བ་ཆེ། དེའི་ཕྱིར་ངས་བོན་ལ་ཞིབ་འཇུག་བྱས་མྱོང་། །
སྤོབས་མཐར་ལྷུང་བ་ཁྱོད་ལ་བོན་པོའི་དཔེ་ན་ནས་དམར་མཆོད་ཕུལ་བ་གང་ན་འདུག་གམ།། དེ་ནས་རྫོགས་ཆེན་གྱི་གཞུང་གང་ནས་དམར་མཆོད་བཏང་དགོས་ཟེར་ནས་ཤོད།། སྔ་ཚིག་ཕྱི་འགལ་བྱེད་མི་རུང་མ་གཞི་ནས་ཆུ་ལེན་ནག་མོའི་སྐད་ཆ་ལྟ་བུ་ཁྱོད་ཀྱི་སྐད་ཆར་ཆ་འཇོག་དང་དོ་སྣང་བྱེད་འདོད་མེད།།
བོན་དེངས་རབས་པའམ་’བོན་དཀར་’གྱི་བཅོས་བསྒྱུར་མ་ཐེབས་པའི་བལ་བོད་ས་མཚམས་སོགས་སུ་གནས་པའི་བོན་རྣལ་མ་བ་དག་གིས་དམར་མཆོད་འབུལ་བ་དང་། དཔེ་ཆ་མེད་པར་ངག་ཐོག་ནས་འདོན་པ་རིང་པོ་སྐྱོར་སྲོལ་ཡོད་ལུགས་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་ཞིབ་འཇུག་འགྲུལ་བཞུད་སྐབས་སུ་མཇལ་ཚུལ་ཉེ་སྔོན་བོད་ཀྱི་དུས་བབ་སྟེང་གི་བཅར་འདྲི་དེའི་ནང་དུ་གསུངས་འདུག ཁོང་ལྟ་བུ་བོན་གྱི་སྲོལ་ལ་ཞིབ་འཇུག་པ་དང་། བོད་ཀྱི་གདོད་མའི་སྲོལ་རྒྱུན་ཤེས་རིག་ལ་ཞིབ་འཇུག་པ་ཞིག་གིས་གསུངས་པ་ལ་ཆ་འཇོག་དགོས་པར་སེམས།
སྤོབས་པ་ལགས། ངས་བལྟས་ན་ཁྱོད་ཀྱིས་ལོ་རྒྱུས་ཅུང་ཟད་ཅིག་བལྟས་པ་ལས་གསང་སྔགས་ཀྱི་སྐོར་རྒྱུས་མེད་ཚོད་རེད། གསང་སྔགས་ཀྱི་བསྐྱེད་རྫོགས་ལ་བལྟས་ཨེ་མྱོང་། གལ་ཏེ་མྱོང་ན་ཡི་དམ་སྒྲུབ་པའི་རྫས་ལ་ཤ་ཁྲག་ཇི་ལྟར་མཁོ་ཡི་འདུག ཡི་དམ་དང་སྲུང་མའི་སྒྲུབ་གཞུང་སོགས་ཀྱི་ནང་དུ་ཤ་ཁྲག་དམར་གྱི་མཆོད་པ་ཟེར་ནས་མང་བོ་ཡོད་པ་མཐོང་ཨེ་མྱོང་། འདི་རྣམས་བོན་གཞུང་མ་རེད། ངས་ཉེ་ཆར་འཇིགས་བྱེད་ཀྱི་བསྐྱེད་རྫོགས་བཀླགས་པ་ཡིན། སྒྲུབ་རྫས་དེ་དག་བལྟས་ན་ཞེ་སྣང་སྐྱེས་ཀྱི་འདུག
དེང་སང་གི་དམར་མཆོད་ཕུལ་མཁན་ཚོས་དམ་རྫས་འདི་དག་ལོག་པར་སྤྱད་པ་རེད་སྙམ་ནས་ཡིད་མུག་སོང་། སྤོབས་པ་ལགས་ཁྱོད་ཀྱིས་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ལ་ལྟོས་དང་དེ་ནས་ཁྱོད་ལ་བློ་བསྐྱེད་གསར་བ་ཞིག་ཐོན་ངེས་ཡིན། དམར་མཆོད་ཕུལ་མཁན་བོད་ཀྱི་ནང་པ་ཡིན་པར་ཤེས་ཐུབ། །
བོད་དང་བལ་ཡུལ་རྒྱ་གར་སོགས་ན་དམར་མཆོད་ཕུལ་མཁན་ཡོད་པ་འདི་ཚང་མ་གསང་སྔགས་ལོག་པར་སྤྱད་པ་རེད་སྙམ། ཡང་གཅིག་བཤད་ན་གསང་སྔགས་ཀྱི་ཆོས་འདི་ཐུབ་པའི་རང་ལུགས་ཡིན་མིན་ཀྱང་བཤད་དཀའ་བར་སྣང་། ནང་པའི་རྒྱལ་ཁབ་གང་ནའང་བོད་དང་འདྲ་བའི་གསང་སྔགས་མེད་པ་འདི་རྒྱུ་མཚན་ཅི་ཕྱིར་ཡིན། དངོས་གནས་བཤད་ན་གསང་སྔགས་འདིའི་འབྱུང་ཁུངས་བོད་གནའ་བོའི་བོན་ལུགས་ཡིན་སྲིད་པ་རེད། ཡིན་ཡང་གནད་འགག་དེ་འབྱུང་ཁུངས་གང་ཡིན་གཙོ་བོ་མ་རེད། གཙོ་བོ་དེ་གསང་སྔགས་འདི་ཆོས་ལུགས་རྣམ་དག་ཅིག་ཡིན་མི་དང་འདིས་གཞན་ལ་ཕན་ཐོགས་མིན་དེ་རེད། གཞན་ལ་ཕན་ཐོགས་ན་འབྱུང་ཁུངས་སྟེང་འོག་ཕྱོགས་མཚམས་གང་ཡིན་ཀྱང་ཁྱད་པར་ཡོད་པ་མ་རེད་ལ་སངས་རྒྱས་སུས་གསུངས་ཀྱང་ཁྱད་པར་མེད། །
རྒྱ་གར་ནས་དར་བའི་གསང་སྔགས་སམ། གྲུབ་ཆེན་བརྒྱད་བཅུའི་ལུགས་ལ་ནི། ནང་མཆོད་ནང་ལ་རྟ་ཤ་ཁྱི་ཤ་ཁུ་ཁྲག་གཅིན་སོགས་ཡོད་པ་དངོས་བདེན་རེད།
རྫོགས་ཆེན་གྱི་སྐོར་ལ་ཁུངས་དག་དང་རྒྱུ་མཚན་ཡང་དག་རིག་པ་དང་མི་འགལ་བ་བཤད་རྒྱུ་ཡོད་ན་དགག་དགོས་ལ་ཁག་མ་བཞག་ནས་ཤོད་ཅིག་དང་ཀུན་ལ་ཕན་རེ་ཡོད་མ་གཏོགས་དེ་མིན་བཤད་ཡ་མེད་ན་ཡོད་མདོག་གིས་སྤམ་རྫུན་འོག་ཉལ་སྡོད་ན་ཆོ་ཡོད་མ་རེད་རྔ་བ་རྒྱལ་ཁམས་པ་ལགས།
ང་ཚོའི་ཆོ་གའི་ནང་དུ་འདི་འདྲ་ཡོད་པ་རེད། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་བྲག་རི་ཟེར་བ་འདི་དག་དམར་མཆོད་མིན་ན་གང་ཞིག་དམར་མཆོད་དུ་འཇོག །
རྒྱ་གར་ནས་དར་བའི་གསང་སྔགས་སམ། གྲུབ་ཆེན་བརྒྱད་བཅུའི་ལུགས་ལ་ནི། ནང་མཆོད་ནང་ལ་རྟ་ཤ་ཁྱི་ཤ་ཁུ་ཁྲག་གཅིན་སོགས་ཡོད་པ་དངོས་བདེན་རེད།
འོནད་ཀྱང་། འདི་དག་རྣལ་འབྱོར་པ་ཚད་ལྡན་གྱིས་སྤྱད་ན། དམར་མཆོད་ཀྱི་དྲི་མ་ཙམ་ཡང་ཡོད་མ་རེད་དོ།།
མཁར་རྨེའུ་བསམ་གཏན་གྱིས་སྟག་ལྷ་མེ་འབར་ཟེར་ནས་འདོན་མཁན་ཚོས་དམར་མཆོད་གཏོང་གིན་འདུག་ཅེས་བཤད་འདུག་མ་གཏོགས་འཇིགས་བྱེད་ཟེར་ནས་དམར་མཆོད་གཏོང་གིན་འདུག་ཅེས་བཤད་མི་འདུག
མཁར་རྨེའུ་བསམ་གཏན་གྱིས་རྫོགས་ཆེན་གྱི་ཁུངས་གང་ནས་རེད་ཅེས་བཤད་འདུག་གམ་་་་ཡང་དེ་གོ་ཡོད་ཀྱི་མ་རེད
མཁར་རྨེའུ་བཤད་ཚད་ཚང་མ་ཚད་མ་རེད་ཅེས་ཟེར་ན་ཧ་གོ་མ་སོང་། ཡིན་ཡང་ཁོང་ལ་ཞིབ་འཇུག་པའི་མཚན་ཉིད་ཚང་བ་རེད། རྒྱུ་མཚན་ནི་ཁོང་ལ་ཆོད་དད་མེད་པ་དེ་རེད། ཆོས་དད་ཅན་ཞིག་གིས་ཞིབ་འཇུག་བྱས་ན་ཚད་ལྡན་ཞིག་འོང་དཀའ་བར་སྣང་ངོ་། བོན་པོ་ལ་རྫོགས་ཆེན་ཡོད་པ་ཙམ་གྱིས་རྫོགས་ཆེན་གྱི་ཁུངས་བོན་པོ་ཡིན་པའི་ཁྱབ་པ་མེད་ཀི ཁོང་གིས་བཤད་པ་ལྟར་ན་སྤྱིར་གསང་སྔགས་ཀྱི་ཁུངས་བོན་པོ་ཡིན་པའི་ཟོལ་འདྲ་བོ་བཤད་སོང་། རྙིང་མ་དང་བོན་པོའི་རྫོགས་ཆེན་ལ་ཁྱད་པར་མེད་པ་གསལ་པོ་རེད། ཡིན་ཡང་གཅིག་པ་ཡིན་པ་ཙམ་གྱིས་ཕན་ཚུན་ནས་བསྒྱུར་བ་རེད་ཅེས་ཟེར་ན་མི་འཐད་དོ། རྫོགས་ཆེན་གྱི་ལྟ་བ་དེ་སེམས་ཀྱི་གནས་ལུགས་བཤད་ཀྱི་ཡོད་སྟབས་གཅིག་མཚུངས་ཡིན་པ་ཆོད་ཉིད་རེད། །
རྙིང་མ་དང་བོན་པོའི་རྫོགས་ཆེན་ལ་ཁྱད་པར་མེད་པ་གསལ་པོ་རེད། ཧཧཧ
བོན་ལ་གསང་སྔགས་ཡོད་པ་རེད། དེ་ཐུན་མོངས་མ་ཡིན་པའི་བོན་གྱི་གསང་སྔགས་རེད། ཡིན་ནའང་དུས་ཕྱིས་ཀྱི་གསང་སྔགས་ནང་དུ་རྒྱ་གར་ཨང་གྷོ་རི་བྷ་བྷའི་ལུགས་སྲོལ་ཉག་གེ་ཉག་གེམང་པོ་མཉམ་བསྲེས་བྱས་བཞག་དེ་ཚོ་གང་ནས་བྱུང་བ་ཡིན་ནམ། སུས་ཁྱེར་ཡོང་བ་ཡིན་ནམ། །
ཏྲེ་ཧོར་བྱམས་པ་རིན་ཆེན་ལགས། རྫོགས་ཆེན་ཞེས་པ་འདི་ཁ་ཡོད་ཚད་ཀྱིས་བཤད་རུང་བ་ཞིག་དང་། རྣ་ཡོད་ཚད་ཀྱིས་ཉན་རུང་བའི་ཆོས་ཤིག་མིན། དང་བོ་བླ་མ་ཚད་དང་ལྡན་པ་ཞིག་བསྟེན། བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་དཀའ་སྤྱད་སྒྲིབ་པ་སྦྱངས། མཐའ་མར་གནས་ལུགས་ལ་རྨོངས་པའི་མ་རིག་པ་དག་གིན་དག་གིན་རྫོགས་ཆེན་གྱི་རིག་པ་སེམས་གཏིང་ནས་འཆར་ཡོང་རྒྱུ་ཞིག་ཡོད་པ་རེད། དེ་མིན་ལུང་རིགས་ཀྱི་གླེགས་བམ་བརྒྱ་སྟོང་མང་བོ་བརྩིགས་ཀྱང་། ཆོས་རང་རྒྱུད་དང་འདྲིས་མ་ཐུབ་ན་ཚིག་སྐམ་པོ་ཞིག་ལས་ཅང་མིན།
རྔ་བ་རྒྱལ་ཁམས་པའི་རྩོམ་སྙན་པོ་ཡིན་པར་མ་ཟད་ཉམས་ལེན་ཀྱང་ཡག་པོ་ཡོད་ས་རེད། ཁྱོད་འདྲའི་སྙན་རྩོམ་པ་དྲ་ཐོག་ཏུ་མང་ན་བཟང་གི རྗེས་སུ་ཡི་རང་ཡོད། །
གལ་ཏེ་རྙིངབོན་རྫོགས་ཆེན་གི་ཁྱད་པར་ངེས་པར་དུ་བཞག་དགོས་ན་གཟི་རྫུན་མ་དངགཟི་དག་མ་གཉིས་ལ་དཔེ་གཅིག་བཞག་ནས་བསམ་མནོ་ཐོང།
བོན་པོའི་རྣལ་མ་ཚོས་དམར་མཆོད་གཏོང་གིན་ཡོད་པ་གསལ་པོ་རེད། རྫོགས་ཆེན་ཀྱི་ཁུངས་སུ་ལ་ཐུག་ཡོད་མེད་དེ་རྫོགས་ཆེན་གྱི་ཉམས་ལེན་ལ་དམར་མཆོད་གཏང་དགོས་དང་མི་དགོས་ཤེས་མཁན་ཡོད་ན་ལས་སླ་པོ་གོ་ངེས་རེད།
རྗེ་བླ་མའི་ལུགས་ལ་ཞི་གནས་སྒྲུབ་པ་ལ་མདོ་ལུགས་ལ་སེམས་གནས་དགུ་དགོས་པ་ལས། སྔགས་ལུགས་ལ་དེ་ངེས་པར་སྦྱོར་དགོས་པ་མ་ཡིན། རང་ལམ་དུ་ཞི་གནས་སྒྲུབ་པའི་ཐབས་མང་དུ་ཡོད། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་པ་དེ་རྫོགས་ཆེན་ལ་མདོ་ལུགས་ཞི་གནས་སྒྲུབ་ཐབས་མཚན་ཉིད་པ་མེད་པར་་བཤད་མོད། རྫོགས་ཆེན་གྱི་ལྷ་དང་མི་ཡི་སེམས་འཛིན་སྐོར་ལ་མ་མཇལ་བར་ཟད། སྤྱིར་དགེ་ལྡན་པའི་བླ་མ་རྣམས་ལ་གསུང་འབུམ་ཕྱི་ནང་གཉིས་རེ་ཡོད། སྐབས་རེར་དགོས་པའི་དབང་གིས་གསུང་པ་ཡང་ཡོད། གུང་ཐང་བསྟན་པའི་སྒྲོན་མེ། ཞིང་སྟོན་བསྟན་པ་རྒྱ་མཚོ། ལྷ་མོའི་ཚུལ་ཁྲིམས་ཚང་སོགས་ཀྱི་ཉམས་ལེན་རྫོགས་ཆེན་ཡིན་ཀྱང་། གསང་བ་ཆེན་པོས་གཞན་ལ་ཚིག་གཅིག་མི་གནང་ཟེར་སྲོལ་ཡང་ཡོད། ༡༽རྗེ་བླ་མའི་སྔགས་རིམ་ཆེན་མོར། རིམ་པ་དང་པའི་སྐབས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྲ་རགས་རྣམས་ལ་ཡང་ཡང་ཡིད་ལ་བྱེད་པ་གོམས་པས་གསལ་སྣང་བསྒྲུབ་ན་དེ་ཙམ་གྱི་ཆོག་གི། ཞི་གནས་བསྒྲུབ་མི་དགོས་ཏེ། རིམ་པ་གཉིས་པའི་སྐབས་སུ་རྩ་རླུང་དག་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་གྱི་སེམས་གནས་པའི་ཏིང་ངེ་འཛིན་བརྟན་པོ་སྒྲུབ་པའི་ཐབས་མང་དུ་གསུང་པའི་ཕྱིར་རོ། ། ཞེས་གསུངས་པས། རྫོགས་ཆེན་སྔགས་ལུགས་ཡིན་པས་སེམས་ལམ་བྱེད་སྐབས་རྩ་རླུང་ཐིག་ལེ་སོགས་དང་། ཡེ་ཤེས་ལམ་དུ་བྱེད་པའི་སྐབས་དམིགས་མེད་སྤྲོས་བྲལ་གྱི་ཏིང་ངེ་འཛིན་སྒྲུབ་པའི་ཐབས་མང་ངོ་། །ཞེས་སོགས་མང་པོ་གསུངས། །༢༽གུང་ཐང་བསྟན་པའི་སྒྲོན་མེས་དགེ་རྩེ་སྤྲུལ་སྐུར་ཕུལ་བའི་ཡི་གེར། །སྣང་དང་སྟོང་པ་གཙོར་འཛིན་སེམས་ཀློང་ལས། །ཁྱད་ཞུགས་ཟུང་དུ་འཇུག་པ་མན་ངག་གིས། །འཁྲུལ་རྟོག་རང་སར་དག་ནས་རིག་སྟོང་གི། །ངོ་བོ་གཅེར་མཐོང་ཆོས་སྐུའི་རྒྱལ་ས་ཟིན། །ཞེས་དང་། །འདི་ན་རྟོགས་པའི་ཟིལ་མངར་མ་མྱོང་ཡང་། །ཐུབ་སྟན་པདྨོ་རྣམ་གྲོལ་ཟེ་འབྲུའི་བཅུད། །གཅིག་ཀྱང་གྲུབ་མཐའི་འདབ་འཕྲེང་སྣ་ཚོགས་པར། །དང་པའི་འདྲེན་བྱེད་གཏོད་པའི་ཁུལ་དུ་མཆིས། །ཞེས་སོགས་གསུངས་པའི་དོན་ལ་དགོངས་པར་མཛོད། ། ༣༽རྗེ་བཙུན་ཏཱ་ར་ན་ཐས། རྒྱུད་སྡེ་སོ་སོར་རང་ལམ་གྱི་རྣམ་གྲོལ་སྒྲུབ་པའི་ཐབས་ཆ་ཚང་རེ་ཡོད་པ་གདུལ་བྱའི་ཁམས་དང་དབང་པོའི་བྱེ་བྲག་གི་ཁྱད་པར་གྱིས་གསུངས། དེ་དག་ཐམས་ཅད་རང་ལ་རྒྱུས་ཡོད་པའི་མན་སྙེ་དང་། རྡོར་ཕྲེང་ལ་སོགས་པའི་རིམ་པར་ངེས་པར་བསྟུན་དགོས་ན་ཆོས་ཀྱི་ཕུང་པོ་སྣ་ཚོགས་གསུངས་པའི་འཕྲིན་ལས་མེད་པར་གྱུར། ། (ཚིག་ཅི་བཞིན་མ་དྲན)ཅེས་གསུངས་པས་རྫོགས་ཆེན་ཀྱང་དེ་བཞིན་དུ་བལྟའོ། །༤༽དམ་ཚིག་གི་རྫས་ཤ་ཆང་སོགས། དམ་ཚིག་གི་རྣམ་བཞག་ཚང་མ་ལས་དང་པོ་པ་དང་མཚན་བཅས་ཀྱི་རྣལ་འབྱོར་ལ་སྤྱོད་པའི་གང་ཟག་གི་དོན་དུ་བསྟན། མཆོག་བརྙེས་པའི་རྣལ་འབྱོར་ཆེན་པོ་རྣམས་ཀྱིས་རྫས་བརྟེན་དགོས་པ་འང་འགལ་ཞིང་། རྫས་སོ་སོའི་བྱེད་ལས་མེད་པར་རོ་གཅིག་ཏུ་གྱུར་བ་ལ་རྫས་དགོས་པའང་འགལ་བར་སེམས། འདི་ཁོ་བོའི་རྣམ་རྟོག་གོ། །
སྐུ་ཞབས་སྤོབས་པ་ལགས་ལ་དྲ་ཐོག་ཏུ་ཕེབས་ཚེ་ཆོས་ཀྱི་ཞེན་ཁོག་གི་གཏམ་ཞིག་མ་གཏོགས་གཞན་ཅི་ཡོད། གདོད་མའི་བོན་པོ་ཚོས་རི་དང་ནགས་འཚལ་སོགས་ལ་གནས་པའི་གཞི་བདག་ཚོར་དམར་མཆོད་བྱེད་ཀྱི་ཡོད་པ་བོན་རང་གཞུང་ནས་བཤད་ཀྱིན་འདུག སྟོན་པ་གཤེན་རབ་ཀྱིས་དམར་མཆོད་བྱེད་པའི་ལུགས་དེ་དག་བཀག་སྟེ་དེའི་ཚབ་ཏུ་གཏོ་རིགས་སུམ་བརྒྱ་དྲུག་ཅུ་བསྟན་འདུག བོན་པོ་ཚོས་གདོད་མའི་བོན་གྱིས་དམར་མཆོད་བྱེད་ཀྱི་མེད་ཟེར་གྱིན་མི་འདུག སྟོན་པ་གཤེན་རབ་ཀྱི་རྗེས་འབྲངས་པ་ཚོས་གནས་སྐབས་སུ་ཕན་པའི་ཆེད་དུ་རྒྱུའི་བོན་བཞི་དང་མཐར་ཐུག་ལ་ཕན་པའི་ཆེད་དུ་འབྲས་བུ་བོན་ལྔ་ཟེར་གྱི་ཡོད་པ་འདྲ། རྫོགས་ཆེན་ནི་འབྲས་བུ་བོན་ལྔའི་ཁུངས་་ཡིན་པ་འདྲ། ངས་བལྟས་ན་ཁྲི་སྲོང་ཡན་གྱི་བོན་པོ་ཚོར་རྫོགས་ཆེན་ཡོད་ཟེར་ན་སྤོབས་པས་བློ་ཡུལ་ལ་ཤོང་ཐུབ་ཀྱི་མེད་པ་འདྲ། དོན་དངོས་ཁྲི་སྲོང་ཡན་ལ་རྫོགས་ཆེན་བོད་དུ་དར་ཡོད་ན་དགའ་འོས་པ་ཞིག་རེད། །
ཁྲི་སྲོང་ཡན་ལ་བོད་ལ་རྫོགས་ཆེན་དར་ཡོད་ན་ང་ལ་དགའ་དོན་མེད་ལ་སྡུག་དོན་ཡང་མེད། དེ་ལོ་རྒྱུས་ཀྱི་བྱུང་་ཞིག་རེད། ཡིན་ན་ཡང་། ལོ་རྒྱུས་རྫུན་བཟོ། དོན་དངོས་འཁྱོག་བཤད། མ་རུང་ཁོག་བཅུག་གི་གཏམ་བཤད་ལ་ང་མི་དགའ། རྫོགས་ཆེན་ཟེར་རུང་མ་ཟེར་རུང་སྟོན་པ་ཤཱཀྱ་ཐུབ་པས་དྲན་པ་ཉེར་བཞག་བཞིའི་ནང་ནས་སེམས་དྲན་པ་ཉེར་བཞག་གསུངས་ཉིན་ནས་རྫོགས་ཆེན་སེམས་སྡེ་གསུང་མགོ་ཚུགས་པ་རེད།
སྟོན་པ་གཤེན་རབ་ཟེར་བའི་ལྷ་སྒྲུང་རྟོག་བཏགས་ཀྱི་མི་སྣ་དེས་འདི་གསུངས་དང་དེ་མ་གསུང་གི་རྣམ་བཞག་བྱེད་རིན་མེད་པ་ཐོག་མར་ཤེས་དགོས་ཀྱིན་འདུག
ཆོས་བཟི་སྤོབས་མཐའ་ནམ་ལངས་ཟིན་འདུག མི་འདིའི་རིགས་ལ་དོ་སྣང་དང་ཡ་ལན་བྱེད་རྒྱུ་ཡོད་པ་མ་རེད།། ཁྱི་དང་ཉེ་ན་རྨ།། མར་དང་ཉེ་ན་སྣུམ།། ཟེར་བ་ལྟར་ཁྱི་དང་ཉེ་མི་རུང་བས་རྒྱང་ན་བཞུགས་ན་མཛེས།།
བདེན་པ་བཤད་ན་མི་མི་དགའ། ཟེར་བ་རེད། གཤེན་སྒྲུང་ཞང་སྒྲུང་གིས་བཟི་བསྡད་ཡོད་མཁན་ཚོ་དང་ང་བསྡུར་རྒྱུ་མེད།
རྙིང་བོན་གཉིས་ཀྱི་རྫོགས་ཆེན་རིགས་ཅིག་ལ། ཡི་དམ་གྱི་ལྷ་དང་བླ་མའི་དབང་མ་གནང་བར་རྫོགས་ཆེན་གྱི་རྟོགས་པ་འཁྲུངས་ཡ་ཅིག་ཡོད་དམ་མེད། འདི་དངོས་གནས་ངའི་སེམས་གཏིང་གི་དྲི་བ་ཡིན། ལན་ཅིག་རེ་ནས་དྲིབའོ། སུ་ལ་ཡང་ཟུར་དང་།མ་དད་ནས་དྲི་བ་མིན་ནོ།།
ཀརྡོ་ལགས། གང་ཟག་ལས་འཕྲོ་ཅན་ཡོད་པ་རེད། དེ་མིན་རྫོགས་ཆེན་གྱི་ལྟ་བ་དེ་དབུ་མའི་ལྟ་བ་བཞིན་དཔྱད་པ་བཏང་ནས་རྟོགས་རྒྱུ་ཞིག་མ་ལགས། རྫོགས་ཆེན་གྱི་ལྟ་བ་རྟོགས་པར་ཡི་དམ་གྱི་ལྷ་ལའང་བརྟེན་མི་དགོས། འོན་ཀྱང་བླ་མའི་བྱིན་རླབས་ལ་ངེས་པར་བརྟེན་དགོས་སོ། །
་་་་་་་་་ རྫོགས་ཆེན་གྱི་ལྟ་བ་རྟོགས་པར་ཡི་དམ་གྱི་ལྷ་ལའང་བརྟེན་མི་དགོས། འོན་ཀྱང་བླ་མའི་བྱིན་རླབས་ལ་ངེས་པར་བརྟེན་དགོས་སོ། ། ་་་་་་་་་
ལན་ལ་ཐུགས་རྗེ་ཆེ་ཞེས་གྲངས་མེད་ཞུའོ།།
དེ་འདྲ་ཡིན་ན། ད་ནས་ང་ཡང་རྫོགས་ཆེན་གྱི་བླ་མ་ཞིག་འཚོལ་བར་འགྲོའོ།། །།དབང་དང་ཡི་དམ་གྱི་གཟུང་སྔགས་འདིས། ང་འདུལ་ཁག་སེ་འདུག
ཀརྡོ་ལགས། ཁྱེད་བཀའ་རྒྱུད་པ་མ་ཡིན་ནམ། གལ་ཏེ་ཡིན་ན་ཕྱག་རྒྱ་ཆེན་པོ་ལས་ལྷག་གཅིག་ག་ལ་དགོས། །
ང་བསོད་སྐམ་བཀའ་བརྒྱུད་པ་ཡང་མིན། དགེ་ལུགས་པ་ཡང་མིན། རྙིམ་མ་པ་དང་ས་སྐྱ་པ་ཡང་མིན། ད་ལྟ་རིས་མེད་རིས་མེད་ཟེར་ནས། ངུ་བགྱིན་བསྡད་ཡོད།
འོནད་ཀྱང་། ཆོས་བརྒྱུད་བཞི་གའི་བླ་མ་ཚད་ལྡན་འགའ་ཡང་། བསྟེན་མྱོང་བས་བསོད་ནམས་ཆེན་པོ་ཅིག་ཀྱང་ཡིན་སྙམ་ནས་དགའ་བ་ཡང་སྒོམ་བཞིན་ཡོད་ལགས།
བོད་མི་རིགས་ཀྱི་བྱུང་རིམ་དང་འབྲེལ་བའི་་ལོ་རྒྱུས་ཚད་ལྡན་ཡོད་པ་དེ་ནི་བོན་ལུགས་རང་རེད། བོན་ལུགས་མེད་ན་བོད་པ་ཟེར་བ་དེ་བྱ་གྲོ་རླུང་ཁྱེར་ལྟ་བུར་འགྱུར་ཉེས་པས་དུས་ཀུན་ཏུ་ཡིད་གཟབ་བྱོས། །
བོན་པོ་ཟེར་བ་འདི་དང་སྤོབས་པ་མཐའ་ཡས་གཉིས་ལ་གྲུབ་མཐའི་ཆགས་སྡང་མ་གཏོགས་གཞན་གང་ཡང་བཤད་ཡ་མི་འདུག ཁྱེད་རྣམ་གཉིས་ལ་གྲུབ་མཐའི་ཞེན་ཁོག་ཆེ་དྲག་འདུག་པས་སྐྱེ་བ་ཕྱི་མ་ངན་སོང་མ་གཏོགས་མེད་ཀི། ད་ཅི་དྲག ང་ལ་ཐབས་ཤེས་གང་ཡང་མི་འདུག ད་ཁྱེད་གཉིས་དམྱལ་བའི་ཡུལ་དུ་སོང་དང་ག་དུས་འགྱོད་པ་སྐྱེ་ན་དེ་དུས་ང་ཁྱོད་གཉིས་སྐྱབས་ཀི་ཡོང་། ང་མ་བརྗེད་པར་གྱིས། གསོལ་བ་སྙིང་ནས་ཐོབ། ང་ནི་སྐྱེ་བ་ཕྱི་མ་དག་པའི་ཞིང་དུ་འགྲོ་ཐག་ཆོད་ཡིན། །
སྤོབས་པ་མཐའ་ཡས་མཆོག་ནས་བོན་ལ་ཟུར་ཟ་བྱས་པ་ཁག་མེད། རྒྱུ་མཚན་ནི་ ཆོས་ལ་ཡོད་ཚད་བོན་པོར་ཚོར་འདུག འདི་ནི་སྐྱོན་ཆ་ཆེན་པོ་ཞིག་རེད། བོན་པོ་ཚོས་རྫོགས་ཆེན་གཅིག་པུ་ཉམས་སུ་བླངས་ནས་བསྡད་ན་དེ་འདྲ་འཕྱ་སྨོད་བྱེད་མི་སྲིད། བོན་པོ་ཚོར་རྫོགས་ཆེན་ཡོད་པའི་ཁར་དཔལ་ན་ལན་དྲ་ནས་བརྒྱུད་པའི་གཞུང་བཀའ་བོད་ལྔའང་ཡོད། མེ་ཏྲི་བ་ནས་བརྒྱུད་པའི་ཕྱག་ཆེན་ཡང་ཡོད། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་ཐལ་རང་གི་ལྟ་བའང་ཡོད། འཕགས་པ་ཐོགས་མེད་ནས་བརྒྱུད་པའི་སེམས་ཙམ་པའང་ཡོད། ད་ཆོས་ལ་ཡོད་ཚད་བོན་ལ་སྣང་བའི་སྐྱོན་གྱིས་གང་ཟག་འགས་བློ་ཡུལ་དུ་ཤོང་གི་མེད། བོན་པོ་ཚོར་མཚོན་ན་རང་ལ་གང་ཡོད་པ་དེ་ཉམས་སུ་བླངས་ནས་འདུག་རྒྱུ་ཅིས་ཀྱང་གལ་ཆེ་བར་སྣང་ངོ་། དེ་མིན་རྐུ་རྒྱུ་མང་དྲག་ན་མ་བརྐུ་བའི་དངོས་པོའང་རྐུ་རྫས་སུ་ཁས་ལེན་མི་བྱེད་ཀ་མེད་རེད། །
ཆང་བཟི་དག་ལ་མཆོད་པ་འབུལ།། ཕྲག་དོག་མིག་ལ་མཛེར་མ་རྒྱོབ།
http://tibet.people.com.cn/15557057.html
དྲི་མེད་ལྷག་བསམ་སང་གིས། བླ་བྲང་གི་མཁས་ཆེན་དག་གི་ཁྲོད་རྫོགས་ཆེན་ཤིན་ཏུ་གསང་བའི་ཚུལ་དུ་ཉམས་སུ་ལེན་མཁན་ཡོད་པར་གསུངས་པ་ངོ་མཚར་ཆེ། ལྷག་པར་ཁྲི་ཆེན་གུང་ཐང་སང་རྫོགས་ཆེན་ཉམས་བཞེས་གནང་མཁན་ཞིག་ཡིན་ཚུལ་གསུངས་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་འདྲ། རྒྱུ་མཚན་ནི། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་དང་། ཁྲི་གུང་ཐང་བ་གཉིས་ཀྱིས་གདན་ས་བརྗེ་བོ་གནང་ཡོད་ཚུལ་ཞིག་བཤད་རྒྱུན་འདུག རྫོགས་སྤྲུལ་བཞི་བ་མི་འགྱུར་ནམ་མཁའི་རྡོར་རྗེས་ལུང་བསྟན་ལྟར་ན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་དེ་བཞིན་གྲུབ་པའི་སྐྱེས་མཆོག་ཆེན་པོ་རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་ཡང་སྲིད་དུ་གསུངས་ཡོད་ཀྱང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་དགོངས་ངོར་གུང་ཐང་བསྟན་པའི་སྒྲོན་མེའི་ཡང་སྲིད་དུ་གྲུབ་པས། ཁྲི་ཆེན་གུང་སང་གི་སྤྲུལ་སྐུར་ཡང་གདེངས་འཇོག་གནང་སྲོལ་འདུག གལ་སྲིད་དེ་བདེན་པའི་དབང་དུ་བྱས་ན། སྐྱེས་པུ་དམ་དེ་གཉིས་དགག་དགོས་མང་བོ་ཞིག་ལ་བརྟེན་ནས་ཁྲི་ཁ་བསྒྱུར་བ་ཞིག་ཡིན་ལས་ཆེ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ་ནི་རྫོགས་ཆེན་དཔལ་སྤྲུལ་གྱི་སློབ་མ་གཙོ་གྲས་ཤིག་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་བོའི་སྐུ་ཚེ་སྟོད་སྨད་བར་གསུམ་གྱི་སློབ་མ་གཙོ་བོ་གསུམ་གྱི་ནང་ཚན་ཞིག་ཀྱང་ཡིན་འདུག་ཁར། རྡི་ཚ་དགོན་གྱི་བླ་མ་འགྱ་བ་ཨ་ལགས་སོགས་ལས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་གཙོ་བོར་བྱས་པའི་དགེ་ལུགས་གཞུང་ཆེན་ཕལ་ཆེར་ལ་ཐུགས་སྦྱོང་གནང་སྟེ། གསར་རྙིང་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཆེན་པོ་ཞིག་ཡིན་འདུག དར་གྱི་སྙན་མོ་དགོན་གྱི་སྤྲུལ་སྐུ་གསུང་རབ་རྒྱ་མཚོ་སང་གིས། བཀའ་ཆོས་གནང་སྐབས་ཡང་ཡང་གསུང་འཕྲོས་ཤིག་ཏུ། ཞྭ་སེར་སེར་སང་ལ་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་གསུང་རྩོམ་གྱི་སྙན་ཅིག་མེད། ཞྭ་དམར་དམར་སང་ལ་རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་རྩོམ་གྱི་སྙན་ཞིག་མེད་ཅེས་གསུང་གི་ཡོད་ཚུལ་ཞིག་གོ་མྱོང་། ༧གོང་ས་མཆོག་དང་། དགེ་ལུགས་ཀྱི་མཁས་གྲུབ་མང་བོ་ཞིག་གིས་ཀྱང་། རྡོ་གྲུབ་ཀྱི་རྫོགས་ཆེན་ཆོས་སྐོར་བརྩད་གཅོད་གནང་གིན་ཡོད་པ་ངས་ཧ་གོ་གི་ཡོད། དགེ་ཕྱོགས་ཀྱི་མཁས་པ་ཚོས་ལྟ་སྟངས་ཤིག་ལ་རྡོ་གྲུབ་རྫོགས་ཆེན་སྐོར་དེ་རྫོགས་ཆེན་གསར་མ་ཞེས་རྗོད་ཀྱིན་ཡོད་པ་འདྲ། ངའི་དྭོགས་པ་ནི། གོང་དུ་ཉིད་ཀྱིས་གསུངས་པ་ལྟར། ཁྲི་ཆེན་གུང་ཐང་པ་བསམ་བཞིན་རྫོགས་ཆེན་ཉམས་བཞེས་ཀྱི་དོན་དུ་རྡོ་གྲུབ་ཀྱི་ཁྲི་ཁར་ཕེབས་པ་ཞིག་ཨེ་ཡིན་ནམ་སྙམ།
རྒྱུད་སྡེ་བཞི་བོ་གང་དུའང་ལྷའི་རྣལ་འབྱོར་སྒོམ་པ་ལས་ལོགས་སུ་ཞི་གནས་སྒྲུབ་ཚུལ་གསུང་མེད་པ་འདྲ། བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་ཚེ་ལུས་སེམས་ཤིན་སྦྱངས་ཐོབ་པས་ཞི་གནས་མཚན་ཉིད་པ་གྲུབ་ཅིང་། ལྷ་སྐུ་དང་ཕྱག་མཚན་སྤྲོ་བསྡུ་སོགས་ལ་དམིགས་པའི་ལྷག་མཐོང་ཡང་འབྱུང་བར་གསུངས་པས། ཞི་ལྷག་ཟུང་འབྲེལ་ཁྱད་པར་ཅན་ཐོབ་ཡོད་པར་བཤད། བསྐྱེད་རིམ་ནི་ཞི་གནས་དང་། རྫོགས་རིམ་ནི་ལྷག་མཐོང་དུ་བྱས་ན་རུང་བར་སྣང་ངོ་།།
རྩོམ་ཡིག་འདིའི་ཞབས་ནས་བདག་གིས་མཆན་ཆུང་རྡོག་བུ་གསུམ་རང་བྲིས་ཡོད། མཆན་ཆུང་རྡོག་ལྡེ་གསུམ་པོའི་ནང་དུ། བན་དེའི་མིང་ནས་ཀྱང་སྨྲས་མེད་ལ། ཤཱཀྱའི་མཚན་ནས་ཀྱང་དྲངས་མེད། དེ་བཞིན་གུ་རུའི་གསང་མཚན་ནས་ཀྱང་གླེང་མེད་དོ། དེ་འདྲ་ཡིན་དུས། ཁྱོད་ཀྱིས་བོན་པོ་ཟེར་བ་འདི་དང་གཉིས་ལ་གྲུབ་མཐའི་ཆགས་སྡང་མ་གཏོགས་གཞན་གང་ཡང་བཤད་ཡ་མི་འདུག་ཟེར་བ་ནི་གཞི་མེད་སྐྱོན་འཛུགས་ཁོ་ནར་ཟད། གཞན་ཁྱེད་ཚོས་གཤེན་རབ་དང་བོན་པོའི་མཚན་ནས་དྲངས་ནས་ནང་རྟགས་ག་ཚོད་ཕྱིར་བསྟན་མི་འདུག་གམ། དེ་ཚོ་བན་ར་བཟི་བ་ཚོས་ག་ལ་མཐོང། ངས་ད་བར་བོན་པོའི་དཔེ་ཆ་ཁུངས་ལྡན་དང་བོན་པོའི་བླ་མ་ཆེ་ཁག་དེ་ཚོས་བན་དེའི་ཆོས་བསྣུབ་དགོས་རབས་དང་གཏོར་དགོས་རབས་དེ་ལ་སྐྱབས་སུ་འགྲོ་མ་ཉན་རབ་གསུངས་པ་ཞིག་རྩ་བ་ཉིད་ནས་མ་མཐོང་། ང་ཁོང་ཚོའི་རྗེས་སུ་འབྲངས་མཁན་ཞིག་ཡིན། ཁྱེད་ཚོ་བན་དེའི་བླ་མ་ཆེ་ཁག་དེ་ཚོས་བོན་པོའི་ཆོས་ལ་གཞི་མེད་སྐྱོན་འཛུགས་ག་ཚོད་ཅིག་བྱས་མི་འདུག་གམ། བོན་དང་བན་གྱི་བླ་མའི་དགོངས་དབྱིངས་རྒྱ་ཆེ་ཆུང་ལ་གནམ་སའི་ཁྱད་པར་ཤོར་ཚར་འདུག་གོ། །
ཁྱེད་རྣམ་པ་ཚོ་ཕེབས་ནས་བགྲོ་གླེང་མང་བོ་གནང་བར་བཀའ་དྲིན་ཆེ་ཞུ། མཆན་པ་འདི་དག་གི་ནང་དུ་རྒྱུད་ཀྱི་དབང་ལུང་མན་ངག་སྣ་རེ་མ་ཐོབ་པ་ཞིག་ནི་ཕལ་ཆེར་ཡོད་རྒྱུ་མ་རེད། ཐུགས་སྣང་གནང་འོས་པ་ཞིག་ནི་དབང་ལུང་ཐོབ་རྗེས་དམ་ཚིག་ལ་དོ་སྣང་མ་གནངས་ན་དེ་ལས་ཅུང་ཆེ་བ་ཞིག་མེད། གཤམ་གསལ་རྩ་སྟོང་དང་དམ་སྡོམ་སྐོར་གཟིགས་རོགས་གནང་།
༄༅། རྩ་ལྟུང་བཅུ་བཞིའི་བཤགས་པ་བཞུགས་སོ། །
རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པ་ཏི། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱགས་འཚལ་ལོ། །ཀུན་ནས་དངས་བས་བླ་མ་ཡི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །རྒྱུད་ནས་གསུངས་བཞིན་བཤད་པར་བྱ། །གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་པ་དང་པོར་བཤད། །དང་པོ་ཕོག་པ་མཐོལ་ལོ་བཤགས། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །གཉིས་པ་ཕོག་པ་མཐོལ་ལོ་བཤགས། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །གསུམ་པ་ཕོག་པ་མཐོལ་ལོ་བཤགས། །སེམས་ཅན་རྣམས་ལ་བྱམས་པ་སྤང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །བཞི་པ་ཕོག་པ་མཐོལ་ལོ་བཤགས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤང་པ་ནི་ལྔ་པ་ཡིན། །ལྔ་པ་ཕོག་པ་མཐོལ་ལོ་བཤགས། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །དྲུག་པ་ཕོག་པ་མཐོལ་ལོ་བཤགས། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །བདུན་པ་ཕོག་པ་མཐོལ་ལོ་བཤགས། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །བརྒྱད་པ་ཕོག་པ་མཐོལ་ལོ་བཤགས། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །དགུ་པ་ཕོག་པ་མཐོལ་ལོ་བཤགས། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །བཅུ་པ་ཕོག་པ་མཐོལ་ལོ་བཤགས། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །བཅུ་གཅིག་ཕོག་པ་མཐོལ་ལོ་བཤགས། །སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །བཅུ་གཉིས་ཕོག་པ་མཐོལ་ལོ་བཤགས། །དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པ། །བཅུ་གསུམ་ཕོག་པ་མཐོལ་ལོ་བཤགས། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །བཅུ་བཞི་ཕོག་པ་མཐོལ་ལོ་བཤགས། །སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་ཟིན་པར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡི་མཆོད་བྱས་ནས། །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་པར་བྱ། ཞེས་སོ། སློབ་དཔོན་ཨ་བྷ་ཡས་མཛད་པའོ། །
རྔ་བ་རྒྱལ་ཁམས་པ་ལེགས། དེ་ལ་མཆོག་གཟིགས་དུ་མས་བྱམས་མགོན་ཞབས་ཀྱི་ཐུགས་རྗེའི་རོལ་བར་བསྔགས་པར་གུས་པ་ཡིད་ཆེས་ཡོད། དྲ་ཐོག་འདིར་ཆོས་ལུགས་སྣ་ཚོགས། ལྟ་བ་འདྲ་མིན། དབང་ཐོབ་ཡོད་མེད་ཀུན་ཡོད་པར་སྣང་བས། དམ་ཚིག་གི་སྐོར་ནི་གསང་བ་གལ་ཆེ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་དམ་སྡོམ་གྱི་སྐོར་གླེང་བྱ་མ་ཡིན་ལ། གསང་སྒོ་འཆལ་བའི་ཉེས་པ་ཆེ་ཤོས་གཅིག་ནི་དམ་མེད་ལ་དམ་ཚིག་བསྒྲགས་པ་ལེགས། ཁྱད་པར་རྩ་ལྟུང་བཅུ་བཞི་པོ། ནུས་པ་ཐོབ་དང་མ་ཐོབ་པས་རིམ་གྱིས་འཇུག་པ་ལས། ཐམས་ཅད་ཀུན་གྱིས་སྲུང་བར་མི་ནུས་པས། བགྲོ་གླེང་ལས་ལོགས་སུ་དགར་ན་ཅི་མ་རུང་། ཞེས་སྨོན་པའོ། །
༼དཔལ་ན་ལན་དྲ་ནས་བརྒྱུད་པའི་གཞུང་བཀའ་བོད་ལྔའང་ཡོད།༽ གཞུང་བཀའ་པོད་ལྔ་ཟེར་བ་ཞིག་ཡོད་ན་དེ་ན་ལན་དྲ་རང་ནས་བརྒྱུད་པ་ཞིག་ཡིན་པའི་ངེས་པ་ཨ་ཡོད་ན་བོན་གྱི་གཞུང་ཆེན་རེ་ལ་ཁུངས་ཐུབ་ཀྱི་བྱུང་རིམ་རེ་ཡོད་པ་རེད། ༼མེ་ཏྲི་བ་ནས་བརྒྱུད་པའི་ཕྱག་ཆེན་ཡང་ཡོད།༽ བོན་གྱི་ཕྱག་རྒྱ་ཆེན་པོ་ཟེར་བ་ཞིག་ཨ་ཡོད་ན་འདྲ་བ་ཙམ་ནི་ཡོད་ཆོག།༼མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་ཐལ་རང་གི་ལྟ་བའང་ཡོད།༽ ཐལ་རང་གི་ལྟ་བའི་ཕྱོགས་འདྲ་བ་བཤད་པ་ཡོད་སྲིད་ཀྱང་དེ་དག་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་ཞིག་ཡིན་དགོས་ཀྱི་ཨ་ཡོད་ན། ༼འཕགས་པ་ཐོགས་མེད་ནས་བརྒྱུད་པའི་སེམས་ཙམ་པའང་ཡོད།༽ སེམས་ཙམ་པའི་གྲུབ་མཐའི་ཕྱོགས་འདྲ་བ་བཤད་པ་ཡོད་ཀྱང་དེ་ཚོ་འཕགས་པ་ཐོགས་མེད་ནས་བརྒྱུད་པ་རང་ཡིན་མི་དགོས།
སྤྱིར་སྟངས་བོན་དཔེའི་ནང་དུ། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཟེར་ནས་གྲུབ་མཐའ་གཏན་པ་ཕབས་པ་ཞིག་ཨ་ཡོད་ན། ཡིན་ནའང་ཁྱེད་རང་ཚོའི་ལུང་བསྟན་ཡིན་ཟེར་བའི་ལུང་ཚིག་་་མ་འོངས་པ་བསྟན་པ་བྱང་ནས་བྱང་དུ་དར་བར་འགྱུར་རོ་་་ཞེས་པའི་ལུང་དེའི་མཚན་ཉིད་ནི་་་གཡུང་དྲུང་བོན་་་ཁོ་ན་ལ་ཚང་འདུག་མ་གཏོགས། ད་ཡོད་བོད་བརྒྱུད་ནང་བསྟན་ཟེར་བ་འདི་ནི་ལྷོ་སྦེང་གྷལ་ཕྱོགས་ནས་བྱང་དུ་དར་བ་ཞིག་རེད་འདུག་མ་གཏོགས་བྱང་ནས་བྱང་དུ་བར་བ་ཞིག་ནི་མིན་ནོ། །
༧ གོང་ས་མཆོག་ལ་མཇལ་ཁ་ཞིག་གི་སྐབས་སུ། རྡོ་གྲུབ་བསྟན་པའི་ཉི་མའི་རྫོགས་ཆེན་ལ་བལྟས་ནས་ཁོ་བོར་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་༧གོང་ས་མཆོག་ནས་དངོས་སུ་ཕྲན་ལ་གསུངས་པ་ལགས། །
དྲི་མེད་ལྷག་བསམ་ལགས་དགོངས་དག་ཁྱེད་བདེན། ངས་རྩ་སྟོང་དྲུག་པ་དེ་ཀུན་ཀྱིས་མཐོང་ན་ཕན་ཐོགས་རེ་ཨེ་ཡོང་སྙམ་པས་བྲིས་ཤོར་སོང་། ཉིད་ཀྱིས་གསུངས་པ་ལྟར་དྲྭ་མཆན་དེ་ཕྱིན་འཐེན་ཞུས་ཡོད། ང་ལ་ནི་ལུང་དང་རྟོགས་པའི་ཡོན་ཏན་རང་གི་སེམས་ནང་གདེང་ཐོབ་པ་ཞིག་ཅིའང་མེད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས་དེ་ངས་གསལ་བོར་ཧ་གོ ཤེས་ཡོན་ལ་དོ་སྣང་ཕྲན་ཙམ་ཡོད་པ་དང་། དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས། འཁོར་བ་ལ་ངེས་འབྱུང་སྤུ་སི་མ་རེ་སྐྱེ་བཞིན་པ་དེ་བགས་ཆགས་བཟང་བོ་རེ་ཨེ་ཡིན་བསམ། ཉོན་མོངས་དུག་གསུམ་གྱིས་རང་སེམས་ལྕགས་སྒྲོག་བཞིན་དུ་བསྡམས་ཡོད་པ་ཡང་ཡང་ཚོར་གྱིན་ཡོད། ཁྱེད་ཀྱིས་གོང་གི་མཆན་དེ་མཐོང་རྗེས། ཕྲན་སྔོན་མ་ཞིག་ལ་ཕ་ཡུལ་དུ་སོང་སྐབས། ངའི་གནས་ཀྱི་བླ་མར་ཁྱེད་ཀྱི་སྐུ་པར་དེ་གོང་ས་མཆོག་གི་དབུ་ཐོག་བཞག་ནས་བསམ་གྱིས་མི་ཁྱབ་པ་ཞེས་ཐེངས་འགར་གསུངས་སོང་བ་གོ་ཚུལ་བཤད་པས། ཁོང་གིས་ཧཧ། ༧རྒྱལ་བ་རིན་པོ་ཆེ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་གཟིགས་ངོར། མ་དག་པ་ཞིག་ཡོད་ནི་མ་རེད། དེ་ལ་ཁྱོད་ཧ་ལས་རྒྱུ་ཅི་ཡོད། ཅེས་གསུངས་པ་དེ་ཡིད་ལ་དྲན་དུ་བཅུགས།
རྟ་བདུན་དབང་བོ་ལགས། ཁྱེད་ཀྱིས་སྔོན་མ་ཞིག་ལ་ཁ་བརྡའི་ཐོག་སྒོམ་གྱི་སྐོར་ཞིག་འབྲི་འདུན་ཡོད་ཅེས་གསུངས་པ་ཞིག་དྲན། དེ་རྗེས་ནས་གོ་རྒྱུ་ཅིའང་མེད་པར་ཆགས་སོང་། ཉམས་མྱོང་དང་འབྲེལ་བའི་སྒོམ་གྱི་སྐོར་རེ་འབྲི་ཐུབ་ན་ཧྲ་གི་ཡ།
་་་་་་་་་་ བསྐྱེད་རིམ་ནི་ཞི་གནས་དང་། རྫོགས་རིམ་ནི་ལྷག་མཐོང་དུ་བྱས་ན་རུང་བར་སྣང་ངོ་།། ་་་་་་་་ ཟེར།
་་་་་་་་ བསྐྱེད་རིམ་ནི་ཞི་གནས་དང་། རྫོགས་རིམ་ནི་ལྷག་མཐོང་དུ་བྱས་ན་རུང་བར་སྣང་ངོ་།།་་་་་་ཟེར།
རྔ་བ་རྒྱལ་ཁམས་པར་ཐུགས་རྗེ་ཆེ་ཞུ། ཕྲན་རང་སྔོན་ཆད་བག་ལེད་པར་གྱུར་པའི་རྩ་ལྟུང་སྐོར་བཤད་ཅིང་ཡི་གེར་སྤེལ་བ་ལས། རྡོ་རྗེ་འཛིན་པ་དུས་མས་སུན་དབྱུང་བའི་རང་བྱུང་ཉག་གཅིག་ནང་ལུགས་ཡི་གེར་བཀོད་པ་ལས་གཞན་དུ་མེད་པས། སླར་ཡང་མོས་པ་དང་དག་སྣང་བརྒྱུད་མར་སྦྱོང་བར་དགའ་འོ། ། ཕྱག་ན་པདྨོ། ཨ་འཛོམས་འབྲུག་སྤྲུལ་དང་། དྲི་མེད་ཡབ་སྲས། རྔ་བའི་རྡོག་གྲུབ་སོགས་ཀྱི་ཡེ་ཤེས་ལོང་ལ་གསལ་བའི་དོན་རྣམས་ལ་གཅིག་ཏུ་འདུན་པའི་བློས་མོས་པའི་རྟེན་ཕུར་བརྟན། ཉིད་ལ་རྔ་བའི་རྡོག་གྲུབ་དང་། རྫོགས་ཆེན་རས་པ་དམ་ཚིག་རྡོ་རྗེ་སོགས་ཀྱི་རྣམ་ཐར་རེ་ཡོད་ན་དྲ་ཐོག་ཏུ་བཀོད་ན་དོན་ཆེ། སྐུ་ཚེ་རིང་། །
ཁྲི་ཆེན་གུང་ཐང་ཚང་བསམ་བཞིན་རྫོགས་ཆེན་དང་གུ་རུའི་བསྟན་པ་སྐྱོང་ཕྱིར་༧རྡོ་གྲུབ་ཀྱི་ཁྲི་ཁར་ཕེབས་ཚུལ་དང་། རྡོ་གྲུབ་ཆེན་རྗེའི་རིང་ལུགས་སྤེལ་ཕྱིར་གུང་ཐང་གི་ཁྲི་ཁར་ཕེབས་ཚུལ་འདི། གུང་ཐང་དྲུག་པ་མཆོག་གི་ཞལ་ནས་གསུངས་པའི་སྒྲ་དངོས་གོ་མྱོང་།
ངས་མཆན་ལྔ་བཅུ་རྗེས་སུ་མཐོང་ཐུབ་ཀྱི་མི་འདུག ལྷག་མ་དགུ་ལ་ལྟ་ཐུབ་ཀྱི་མི་འདུག ག་རེ་ཡིན་ན། །
སྤྱིར་ཞི་གནས་མཚན་ཉིད་ཚང་བ་ཕྱི་རོལ་པ་ལ་ཡང་ཡོད་རེད། ཞི་ལྷག་གཉིས་ཕྱི་ནང་ཐུན་མོང་བའི་ཆོས་ཞིག་རེད། ཞི་གནས་ཐོབ་པའི་གང་ཟག་ཡིན་ན། སྐྱབས་འགྲོ་ཡོད་པའི་ཁྱབ་པ་མེད་པས་རེད།
ཡང་། ཐེག་དམན་པས་ཐར་པ་ཐོབ་ཡོད་པས། ཞི་ལྷག་ཚད་ལྡན་ཡོད་པ་རྩོད་མེད་རེད། འོནད་ཀྱང་། སྔར་གྱི་གྲུབ་ཆེན་དང་། མི་ལ་རས་པ་ལྟ་བུའི་གསང་སྔགས་རྣལ་འབྱོར་པ་གཅིག་གི་བརྒྱུད་ལ། ཞི་གནས་དང་ལྷག་ཐོབ་སྟངས་གཉིས་པོ་དེ་དམིགས་བསལ་ཅིག་ཡིན་པ་འདྲ། འདི་ནི་དྭོགས་སློང་ཙམ་ཡིན་ནོ།།
བསྐྱེད་རིམ་སྐབས་ལ་ཞི་གནས་ཙམ་མ་ཟད། ལྷག་མཐོང་ཡང་ཐོབ་ཡོད་ཆོག་པ་རེད། དེས་ན། ཞི་གནས་བསྐྱེད་རིམ་དང་། ལྷག་མཐོང་རྫོགས་རིམ་རེད་ཅེས་སྦྱར་ན་ཅུང་མི་འགྲིགས་སྙམ་མོ།།
སེམས་གནས་དགུ་ནི། མདོའི་དབང་དུ་བྱས་པ་དང་། གསང་སྔགས་ཀྱི་སྐབས་སུ་ཞི་གནས་བདེ་ཉམས་ཆེན་པོའི་སྒོ་ནས། ཞི་གནས་ཐོབ་ཐབས་སྣེ་མང་ཡོད་པ་འདྲ།
དྲི་མེད་ལྷག་བསམ་ལགས། རྡོ་གྲུབ་ཆེན་གྱི་ཐུགས་སྲས་རྡོ་རྗེའི་གདུང་བཞིའི་ནང་ཚན། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་དང་། འཇིགས་མེད་སྐལ་བཟང་རྡོ་རྗེ་བཅས་ཕུད། རུས་པ་དམ་ཚིག་རྡོར་རྗེ་དང། རྫོགས་ཆེན་དགེ་མང་རྒྱལ་སྲས་རིག་པའི་རྡོ་རྗེ། གཉིས་ཀྱི་རྣམ་ཐར་མཇལ་མ་མྱོང་ལགས། རྔ་ཡུལ་ན་བདུད་འདུལ་གྲུབ་ཆེན་དང། རྡོག་གྲུབ། དཔལ་སྤུངས་བླ་མ་སོགས། སྔ་འགྱུར་སང་དང་འབྲེལ་ལམ་ཡོད་པའི་བླ་མ་འགའ་རེ་བཞུགས། དེ་ལས་བདུད་འདུལ་སྤྲུལ་སྐུ་ད་ལྟ་སྐུ་འཚོ། རྡོག་གྲུབ་ཀྱི་སྐོར་ཁ་གསལ་ཞིག་ཞུ་རྒྱུ་མེད། རྩད་གཅོད་གཏོང་གི་ཡིན། དཔལ་སྤུངས་བླ་མ་སྐུ་གཤེགས་ཟིན།
སྒོམ་ཆེན་པ་ཞིག་གི་བཟོ་ལྟ་འདུག
ཞི་ལྷག་སྐོར་གསུང་གླེང་གནང་ན་ལེགས་པོ་འདུག་སྟེ་བོད་འདི་ཚོ་ཆོས་ལུགས་ཀྱི་ཀླད་སྐྱོན་ཆེན་པོ་ཡོད་པའི་རྐྱེན་གྱིས་ཆོས་ལུགས་རྙོག་གླེང་ནང་ལ་ཞི་ལྷག་འགྲེལ་གནང་བ་ཤ་ཚ། ད་དུང་ཡ་ཡ།