དུག་ཚེར་མ།
འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས་ཞེས་བྱ་བ་བཞུགས་སོ།།
ཨོཾསྭསྟི།
ཚེ་དཔག་མེད་དང་གཙུག་གཏོར་རྣམ་རྒྱལ་དང་།།
སྒྲོལ་དཀར་ཡིད་བཞིན་སོགས་པའི་ཚེ་ལྷ་ཡིས།།
དཔལ་ལྡན་བླ་མ་དམ་པའི་ཚེ་བསྲིངས་ནས།།
འཆི་མེད་རྟག་པ་དམ་པའི་ཤིས་པར་སྩོལ།།
གང་སྐུ་རིགས་གསུམ་གཅིག་འདུས་སེམས་དཔའ་ཆེ།།
སྙིགས་ལྔའི་འགྲོ་ལ་བརྩེ་བས་སྲིད་བཟུང་བའི།།
ཚུལ་བསྟན་གངས་རིའི་ལྷ་སྐལ་ཞི་བདེའི་མགོན།།
འཛམ་གླིང་ཤར་ནུབ་མགོན་སྐྱབས་བརྟན་བཞུགས་གསོལ།།
གངས་རི་རྭ་བའི་སྤོ་ཡི་སྟག་འཚེར་དུ།།
ངོ་མཚར་མཚན་བཅས་ཤར་བའི་ཉིན་བྱེད་མཆོག།
ཕྱོགས་བྲལ་ཤར་ནུབ་དགུང་ལ་འཚེར་བ་ལས།།
དད་ཅན་པད་ཚལ་སྨིན་མཛད་བརྟན་བཞུགས་གསོལ།།
ཆུང་ནས་གཞུང་ལུགས་ཀུན་ལ་བྱང་ཆུབ་ནས།།
ཆོས་སྲིད་ལུགས་གཉིས་བདག་པོར་གསོལ་བཏབ་པས།།
དགྱེས་བརྩེས་ཞལ་བཞེས་གནང་ནས་གངས་ཅན་པའི།།
ཟླ་མེད་མགོན་སྐྱབས་གཅིག་ངེས་བརྟན་བཞུགས་གསོལ།།
རྟེན་འབྱུང་འདོམས་མཁས་ཐུབ་པའི་རྒྱལ་ཚབ་ཀྱིས།།
གླིང་འདིའི་འགྲོ་བའི་སྡུག་བསྔལ་སེལ་ཐབས་ལ།།
ཆོས་སྲིད་གཉིས་འདས་ཉེར་མཁོ་ཐུན་མིན་ལམ།།
ཕན་པའི་བཟང་སྤྱོད་སྲོལ་གཏོད་བརྟན་བཞུགས་གསོལ།།
འགྲོ་སྤྱིའི་དྲི་བྲལ་སྙིང་གི་པད་མོ་ཡི།།
སྤྱིར་ཕན་འདབ་བརྒྱད་བཞད་པའི་ཉིན་བྱེད་མཆོག།།
ལྷ་ལམ་ཡངས་པའི་རྒྱུ་བ་མ་འགག་པར།།
ལྷམ་མེར་ལྷང་ངེ་ཤར་བར་བརྟན་བཞུགས་གསོལ།།
འཛུམ་ཞལ་རྟག་ཏུ་མཇལ་ཙམ་འགྲོ་བ་ཡི།།
སེམས་ངོར་ལྟ་སྤྱོད་འཚེ་མེད་རྟེན་བྱུང་ཟུང་།།
འགོག་མེད་ཤར་བའི་དྲན་རྟེན་ཐུབ་མཆོག་གི།
རྒྱལ་ཚབ་ཡིད་བཞིན་ནོར་བུ་བརྟན་བཞུགས་གསོལ།།
དེ་ལྟར་ལྷག་བསམ་དག་པས་སྨོན་པ་ལས།།
བསྟན་འགྲོའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་དུ།།
བརྟན་པའི་དོན་ཀུན་མཆོག་གསུམ་བྱིན་རླབས་དང་།།
རྟེན་འབྲེལ་བསླུ་མེད་བདེན་པས་འགྲུབ་གྱུར་ཅིག །
ཅེས་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས་ཞེས་བྱ་བ་འདི་ཉིད་ནི་༧མགོན་པོ་མཆོག་བདག་སོགས་གདུལ་བྱའི་དོན་དུ་སྐུ་འཚོ་ཞིང་བཞུགས་ནས་བགྲང་བྱ་བརྒྱད་བཅུར་བཞད་པའི་དུས་བཟང་དང་། འཛམ་གླིང་སྤྱི་ཡོངས་ནས་༧མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་ཟབ་རྒྱས་གནང་བ་ལ་རྗེས་སུ་ཡིད་རང་འབྲེལ། གུས་པས་ཀྱང་བཀའ་དྲིན་འཁོར་མེད་ཡིད་ལ་དྲན་བཞིན་བྲིས་པ་དགེའོ།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེ་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
༸གོང་ས་ཡིན་བཞིན་ནོར་བུ་མཆོག །
་
སོ་ལྔའི་ལོ་ལ་སྟག་ཚེར་འཁྲུངས། །
ཆུང་དུས་ལྷ་མོ་དོན་གྲུབ་བཏགས། །
ཆོས་མིང་བསྟན་འཛིན་རྒྱ་མཚོར་གསོལ །
ཀུན་གྱིས་ཏྰ་ལའི་བླ་མར་སྒྲོགས། །
་
བཞེད་འདོད་གྲུབ་ཅིང་ཡུན་བརྟན་ཤོག །