ཤར་ཕྱོགས་ཁུག་རྟ།
༄།། ཕ་ཡུལ་བོད་ནས་འབྱོར་བའི་འཕྲིན་ཡིག་ཅེས་པའི་གཞས་ཤིག་ལ་ཉན་པ།
དེ་རིང་གཟའ་ཉི་མར་༧གོང་ས་ཆེན་པོའི་ཞལ་སྔ་ནས་ཀྱི་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཁྲིད་བསྩལ་བ་དྲྭ་ལམ་ནས་ཞུས་གྲུབ་རྗེས། འཆར་ཅན་ཆུ་ཚོད་ལྟར་གྱི་དཔེ་ཀློག་ལྷོད་ལྷོད་ཅིག་མགོ་འཛུགས་དགོས་བསམ་པའི་མུར། གྲོགས་པོ་ཞིག་གིས་ཁ་པར་སླེབས། ཁོང་གིས་ངེད་ལ་ངོ་དེབ་ཁ་ཕྱེས་དང་གཞས་ཤིག་གི་དྲྭ་སྐུད་བསྐུར་ཡོད། གཟིགས་རོགས་གནོང་ཟེར། ངས་ཅི་རེད། དམིགས་བསལ་ཞིག་ཡིན་ནམ་ཞེས་དྲིས། གྲོགས་པོས་མ་རེད་མ་རེད། དང་པོར་གཟིགས་དང་ཟེར། དཔེ་ཀློག་གི་ཆུ་ཚོད་རྫོགས་མཚམས་གླིང་བསྐོར་དུ་ཕྱིན། ཕྱིར་ནང་དུ་འབྱོར་མ་ཐག་ངོ་དེབ་ནང་བསྐུར་བའི་གཞས་འདི་ལ་བལྟས། གཞས་འདིའི་མིང་ལ་༼ཕ་ཡུལ་བོད་ནས་འབྱོར་བའི་འཕྲིན་ཡིག་༽ཟེར་ཞིང་། གཞས་པའི་མིང་ལ་བློ་བཟང་ཚེ་བརྟན་འབོད།
གཞས་པ་ཕོ་གསར་བློ་བཟང་ཚེ་བརྟན་གྱི་སྐད་སྙན་པ་མ་ཟད། གཞས་འདིའི་གཞས་གདངས་དང་རམ་འདེགས་རོལ་མོ་རྣམས་ཀྱང་དེ་བས་སྙན། ཁོང་གི་བོད་སྐད་ཀྱི་གདངས་དག་ཅིང་། གཞས་ཚིག་གི་ནང་དོན་ལྟར་ཉམས་འགྱུར་ཡང་མ་ཞན་མ་མང་བ་ཞིག་འདུག་པས། གཞས་ཆ་ཚང་ལ་མ་ཉན་རང་ཉན་ཆགས་སོང་།
https://www.youtube.com/watch?v=XSIEKG75laA
བློ་བཟང་ཚེ་བརྟན་གྱི་མཐའ་འཁོར་དུ་རོལ་མོའི་རམ་འདེགས་ཀྱི་བརྙན་ལེན་ཆེད་ཉམས་འགྱུར་སྟོན་པའི་བུ་མོ་ཆུང་ཆུང་དེ་དག་ཀྱང་ཤ་ཚ་ལ་སྙིང་རྗེ་བ་རྐྱང་རེད། ཁོང་ཚོའི་བཅོས་མ་མིན་པའི་ཉམས་འགྱུར་དོད་སྟངས་དེས་ངའི་སེམས་སུ་ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་ང་ཚོ་བོད་ཀྱི་མི་རབས་གསར་པའི་གཅེས་ཕྲུག་ཚོར་ཤ་ཚ་སྔར་མེད་ཅིག་སྐྱེས། བཙན་འཛུལ་དང་དུས་འགྱུར་གྱིས་ཕ་ཡུལ་བོད་ཀྱི་གནམ་ས་ལོག་པའི་དབང་གིས། ཁོང་ཚོ་རྣམས་དབང་མེད་ཕྱི་རྒྱལ་མི་ཡི་ལུང་པར་སྐྱེ་དགོས་བྱུང་ནའང་། ཁོང་ཚོས་ང་ཡི་ཕ་ཡུལ་བོད། ང་ཡི་སྤུན་མཆེད་བོད་མི་ཞེས་དུང་དུངས་སྐད་ཀྱི་གདངས་དང་། གཙང་མའི་ལང་ཚོའི་ཉམས་འགྱུར་བཅས་ཀྱིས་རང་གི་ཕ་ཡུལ་གཞས་ལ་ལེན་པ་འདི་ལ་བལྟས་ཀྱིན་བལྟས་ཀྱིན་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་མི་སྐྱེ་མཁན་སུ་ཞིག་ཡོད་ཨང་།
གཅིག་བྱས་ན་ཁོང་ཚོའི་སྤོ་རྨོ་རྣམས་བཙན་འཛུལ་ནང་གཤེགས་ཟིན། ཕ་མ་ཚོས་ཀྱང་རྒྱ་མིའི་མེ་སྒྱོགས་དང་མེ་མདའི་ཁ་བར་ནས་བྲོས་མགོ་ཐོན་པའི་སྒྲུང་ཡང་གསུང་ཡོད་སྲིད། གཞས་འདིའི་ནང་ད་དུང་ང་ཚོའི་ཕ་ཡུལ་དུ། ༧གོང་ས་མཆོག་དང་ང་ཚོར་ཕེབས་སྒུག་བྱས་ནས་བསྡད་འདུག ང་ཚོ་ཕ་ཡུལ་དུ་ཡོང་གི་ཡོད་ཅེས་སེམས་རྩ་སྒུལ་བའི་རེ་འདུན་དེ་སྙན་པོའི་དབྱངས་དང་སྨོན་པའི་གར་གྱིས་སྟོན་སྐབས། ཁྱེད་ཚོ་ནམ་ཞིག་ཕ་ཡུལ་དུ་ལོག་འགྲོ་སྐབས། ཡང་ན་ཕ་ཡུལ་དུ་ག་དུས་ལོག་ཐུབ་པའི་དུས་ཚོད་ང་ཚོས་ཤོད་ནུས་བྲལ་ཡང་། ཁྱོད་ཚོ་བོད་ལ་འབྱོར་དུས། ཁྱོད་ཚོ་བོད་མི་གཞན་ཞིག་མ་རེད། བོད་མི་ངོ་མ་རྐྱང་རེད། བོད་ཀྱི་གཅེས་ཕྲུག་རྐྱང་རེད། བོད་ཀྱི་བདེ་སྡུག་གི་ལོ་རྒྱུས་ཀྱིས་སྐྱེ་བའི་གཅེས་ཕྲུག་རྐྱང་རྐྱང་རེད་ཅེས། ཕ་ཡུལ་བོད་ཀྱི་དོན་དམ་པའི་བདག་པོ་ཚོས་སྤོབས་པ་ཆེན་པོས་གསུང་སྟེ། བསྟོད་བསྔགས་གནང་ཞོར་ཤི་གསོན་འཕྲད་པ་ལྟ་བུའི་མཇལ་འཛོམས་ཤིག་བྱུང་ཆེད། ངས་ལོ་ན་ཆུང་ཆུང་མེ་ཏོག་ཁྱེད་ཚོར་ཅི་ཞིག་བྱེད་དགོས་མིན་ཡང་ཡིད་ལ་མ་འཁོར་བར། ཁྱེད་ཚོའི་སེམས་གཞས་འདི་ལ་ཡང་བསྐྱར་ཐེངས་གཅིག་ཉན་པ་ཡིན། གཅེས་ཕྲུག་ཤ་ཚ་མོ་ཚོ།།
༢༠༡༥། ༡༢། ༢༠། དགོང་མོར་ཤར་ཕྱོགས་ཁུག་རྟས་བྱེས་ཀྱི་རྒྱལ་ས་ངྷ་རམ་ཤཱ་ལའི་རང་ཤག་ཏུ་ཤར་མར་བགྱིས།།