མཁོ་སྤྲོད་པ། འབུམ་ཤུལ་བསོད་ནམས་ལྷུན་གྲུབ།
མཆོག་ཏུ་བཀུར་འོས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལྷན་རྒྱས་ཀྱི་ཞབས་དྲུང་དུ།
གུས་ཞུ། འདི་ནས་ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱིས་ཕྱི་ལོ ༢༠༡༥ ཟླ་༡༡ ཚེས་ ༡༦ ཉིན་ཞུ་གཏུག་སྙན་ཞུ་གནས་ཚུལ་༧ དང་། དོགས་འདྲི་༡༨ ཅན་གུས་པས་ཕུལ་བ་བཞིན། དེ་ནས་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ ཉིན་འཁོད་ཀྱི་ཡིག་ལན་གཞུང་འབྲེལ་བརྒྱུད་ལམ་དང་ཐད་ཀར་མྱུར་འཕྲིན་བརྒྱུད་གནང་སོན་བྱུང་བར་བཀའ་དྲིན་ཆེ་ཞུ་བ་ཆབས་ཅིག གསལ་བཤད་ལན་འདེབས་དོན་ཚན་གསུམ་ཅན་འདི་སླར་ཡང་མི་འབུལ་ཐབས་མེད་བྱུང་བར་དགོངས་འགལ་མེད་པ་ཞུ་བ་ཡིན།
དོན་ཚན་དང་པོ། བཅའ་ཁྲིམས། ལེའུ་བརྒྱད་པ། དོན་ཚན་ ༩༧ ༼༣༽ ་་་་་་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར། འོས་བསྡུའི་ལས་དོན་ཡོངས་རྫོགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་གཉིས་བཅས་གསུམ་ཀའི་སྤྱི་མོས་སམ། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང༌། འོས་བསྡུ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་འགོ་འདོམས་སྤྱི་ཁྱབ་འགན་འཛིན་གྱིས་བྱ་རྒྱུ། ཅེས་ལུང་འདྲེན་གནང་འདུག ང་ཚོས་ཀྱང་བཅའ་ཁྲིམས་ཀྱི་འབྲུ་དོན་འདི་ལ་མཐའ་གཅིག་ཏུ་གུས་བཀུར་དང་ངོས་ལེན་ཞུ་བཞིན་ཡོད། ཡིན་ནའང་དོན་ཚན་འདི་ལ་བརྩི་བཀུར་དང་ངོས་ལེན་ཞུ་ཕྱོགས་མཐུན་གྱི་མི་འདུག གང་ཡིན་ཟེར་ན་བཅའ་ཁྲིམས་ཀྱི་དོན་ཚན་འདིའི་དོན་ནི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་རྣམ་པས་འོས་སྒྲིག་ཏུ་མ་གསལ་བ་ཞིག་སྤྱི་མོས་སམ། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུའི་དབང་ཚད་ཡོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་མེད་པ་དེ་ཡིན། དེའི་རྒྱུ་མཚན་ནི་བཅའ་ཁྲིམས། ལེའུ་བརྒྱད་པ། དོན་ཚན་ ༩༧ ༼༤༽ པར་འོས་བསྡུ་ལས་ཁང་གི་འགན་དབང་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ལྟར་ལག་ལེན་བསྟར་རྒྱུ། ཞེས་གསལ་པོ་འཁོད་ཡོད། དེར་བརྟེན་ཞུ་གཏུག་སྙན་ཞུའི་ནང་འཁོད་ལྟར་འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་དུ་ཡང་སྲིད་སྐྱོང་གི་སྔོན་འགྲོ་འོས་ཐོབ་པ་ཞིག་དངོས་གཞི་འོས་གཞི་ནས་དགོངས་པ་མ་ཞུས་ན་། གོང་གསལ་བཅའ་ཁྲིམས་དོན་ཚན་ ༩༧ པའི་ནང་གསེས་དོན་ཚན་ ༦ པ་དང་། འོས་སྒྲིག་དོན་ཚན་ ༦༧ ནང་གསེས་བརྗོད་པ་ ག པའི་རིགས་ཡིན་ན་མ་གཏོགས། དེ་མིན་བཅའ་སྒྲིག་གཉིས་ཀྱི་འབྲུ་དོན་གྱི་ཐོག་ནས་མི་མང་གི་སྔོན་འགྲོ་འོས་ཐོབ་པ་ཞིག་དངོས་གཞི་འོས་གཞིར་ལངས་རྒྱུར་འགོག་དགོས་པའི་རྒྱུ་མཚན་སྣ་གཅིག་མེད་བཞིན། འོས་བསྡུ་ལས་ཁང་ནས་རང་འགུལ་གྱིས་དངོས་གཞི་འོས་གཞིར་སྡོད་རྒྱུར་སྔོན་འགྲོ་འོས་ཐོབ་པ་མི་གཉིས་མ་གཏོགས་གཞན་དག་དགོངས་པ་གཏོང་བའམ། ཡང་ན་དངོས་གཞི་འོས་གཞི་ལ་ལངས་རྒྱུའི་གོ་སྐབས་འཕྲོག་ཆོག་པའི་ཆ་རྐྱེན་ཞིག ཚིག་གཞན་ཞིག་གི་ལམ་ནས་ཞུས་ན་སྲིད་སྐྱོང་སྔོན་འགྲོ་འོས་ཐོབ་གཉིས་པ་དང་གསུམ་པའི་དབར་གྱི་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་ཉུང་བ་ཡིན་མིན་ལ་བལྟས་ནས་དངོས་གཞིའི་འོས་གཞིར་འདོན་དགོས་མིན་ཐག་གཅོད་ཆོག་པའི་ཆ་རྐྱེན་ཞིག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི་གཉིས་ཀྱི་དོན་ཚན་གང་གི་དགོངས་དོན་ཡིན་ཚུལ་གསལ་བཤད་ཡོད་པ་ཞུ་བ་ཡིན། ལར་ནས་ང་ཚོས་ཞུ་གཏུག་སྙན་ཞུའི་གོང་འོག་གང་དུ་ཡང་བཅའ་སྒྲིག་གཉིས་ཀྱི་འབྲུ་དོན་ལག་བསྟར་གནང་རོགས་ཁོ་ན་ཞུས་པ་ལས། འོས་གཞིའི་སྐྱེ་བོ་སུ་ཞིག་གི་ཆེད་དུ་ཁྱེད་རྣམ་པར་ཁྲིམས་སྒྲིག་དང་མི་མཐུན་པ་ཞིག་གནང་རོགས་རྩ་བ་ནས་ཞུས་མེད་པ་དེ་ཡིག་ཐོག་ཏུ་ནན་བརྗོད་ཞུ་བ་ཡིན། དངོས་ཡོད་ཀྱི་བདེན་པ་འདི་ཞུ་གཏུག་སྙན་ཞུ་རང་གིས་དཔང་བརྟག་བྱེད་ཀྱི་ཡོད་ཅེས་ཀྱང་ཞུ་རྒྱུ་ཡིན།
དོན་ཚན་གཉིས་པ། བཀའ་མོལ་དེ་དག་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་མཛད་སྒོ་ཞིག་ཏུ་གསུངས་ན་ཆོག མི་མང་འདུ་འཛོམས་གཞན་ཞིག་ཏུ་གསུངས་ན་ཆོག དེ་ལ་དམིགས་བསལ་གནད་འགག་མི་འདུག དེ་བཞིན་༧གོང་ས་མཆོག་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པ་ལ། རྒྱ་ནག་གཞུང་གི་རྒྱུགས་ཁྱི་དོལ་རྒྱལ་བ་རེ་འགའ་མ་གཏོགས་བོད་མི་མང་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་མ་རེད་ཅེས་བཤད་མཁན་སུ་འདུག ལྷག་པར་སྲིད་སྤྱི་གཉིས་ཀྱི་འོས་མིར་ལངས་པ་སུས་བཤད་འདུག ལར་ནས་༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་གནད་དོན་གང་ཞིག་ལ། རང་གིས་སྐྱོན་དུ་མཐོང་བ་དེ་བརྗོད་མི་ཆོག་པ་བཅའ་སྒྲིག་གི་དོན་ཚན་གང་གི་དགོངས་དོན་ཡིན་ནམ། ལར་ནས་བཀའ་མོལ་དེ་དག་དགོངས་འཆར་ཙམ་རེད་ཟེར་ན། ༼༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་བོད་མིའི་དཀྱིལ་ལ། ང་ཚོར་ལམ་ཀ་བསྟན་མཁན་སུ་ཡོད་རེད། ད་ལྟ་བར་དུ། དཱ་ཧོབ་ཏེ་སྒང་ལ་མི་དེ་འདྲ་དོན་ཡོང་། ཡས་ཡས་ལ་འགྲོ་དགོས་རེད། མས་མས་ལ་འགྲོ་དགོས་རེད་ཟེར། ང་ཚོ་མང་པོ་ཅིག་དེ་འདྲ་ལ་མགོ་འཁོར་ནས་ཕྱིན་པ་ཡིན་ན་ལྐུགས་པ་རེད་བསམ་གྱི། བྱས་ཙང་དགོངས་པ་ཡག་པོ་བཞེས་རོགས་གནང་། སང་ཉིན་འོས་ཤོག་བླུགས་ག་ཕེབས་མཁན་རེད། དགོངས་པ་ཡག་པོ་བཞེས། ༽ ཅེས་པའི་བཀའ་མོལ་འདི་ཚོ་འོས་བསྡུའི་སྐུལ་སློང་དང་དྲིལ་བསྒྲགས་མིན་ན་གང་རེད། མ་ཟད་འོས་སྒྲིག་དོན་ཚན། ༢༤༼༣༽ པ་འགྲེལ་བཤད་དང་བཅས་པ་དང་། དོན་ཚན་༢༤༼༧༽ ་་་་་་་ འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས་པར་གསལ་བ་དང་འགལ་མེད་ཚུལ་ཇི་ལྟར་ཡིན་ནམ། ཡང་ཁྱེད་རྣམ་པས་༼གང་ཟག་བྱེ་བྲག་པ་ཞིག་དམིགས་སུ་བཀར་ནས་མིང་འདོན་གྱིས་རྒྱབ་གཉེར་གསལ་བསྒྲགས་བྱས་པ་ཞིག་མིན་པ་༽ཞེས་གསུངས་འདུག་མོད། དོན་ཚན་འདི་དག་དང་འགལ་བ་ལ་ངེས་པར་མིང་འདོན་བྱེད་དགོས་པ་དང་། ཡང་མིང་འདོན་མ་བྱས་ན་ཁྲིམས་སྒྲིག་དང་འགལ་བ་ཆགས་ཀྱི་མེད་པ་དོན་ཚན་གང་དུ་གསལ་མེད་པ་ཡང་དྲན་གསོ་ཙམ་དུ་ཞུས་པ་ལགས།
གཞན་ཡང་ཁྱེད་རྣམ་པའི་ཡིག་ལན་དུ་འོས་ཤོག་བརྩིས་མེད་བཏང་ཕྱོགས་སྐོར་མང་དུ་གསུངས་འདུག་མོད། གང་ལྟར་ལན་འདེབས་ཐད་ཀར་མེད་ཙང་བསྐྱར་བསྐོར་ཡང་བསྐོར་གྱི་དྲི་བ་གཏོང་མི་དགོས་པར་སྐབས་སྔོན་མའི་སྙན་ཞུའི་ནང་དོན་དེས་འཐུས་པར་བྱས་པ་ཡིན།
དོན་ཚན་གསུམ་པ། དཔར་རིས་དེ་དག་་་་་་་དེ་ལྟར་བེད་སྤྱོད་མི་ཆོག་ཅེས་པའི་གཙོ་གནད་ནི་རང་ཉིད་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྒྱབ་ལྗོངས་ལ་གསར་དུ་གོང་གསལ་པར་རིས་དེ་དག་བེད་སྤྱོད་མི་ཆོག་པ་ལས། རང་གི་མི་ཚེའི་བྱུང་བའི་ནང་ལས་དོན་སྐབས་དང་ལས་དོན་སྒྲུབ་ཡུལ་སོགས་སུ་པར་རིས་དེ་དག་ཡོད་པ་ཙམ་ལ་གོ་བ་མིན། ཅེས་ཁྱེད་རྣམ་པས་ཁ་གསལ་འགྲེལ་བཤད་གནང་བ་བཞིན་སྲིད་སྐྱོང་འོས་མིར་ལངས་པ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་རང་གི་མི་ཚེའི་བྱུང་བའི་ནང་ལས་དོན་སྐབས་དང་ལས་དོན་སྒྲུབ་ཡུལ་སོགས་སུ་པར་རིས་དེ་དག་འདུག་ཟེར་བ་མིན་པར། འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྒྱབ་ལྗོངས་ལ་གསར་དུ་གོང་གསལ་པར་རིས་དེ་དག་བེད་སྤྱོད་མི་ཆོག་ཅེས་གསལ་བའི་འབྲུ་དོན་འདི་གཞི་ལ་བཞག་ནས་ཞུ་གཏུག་བྱས་པ་ཞིག་ཡིན། དེ་ཡང་ཁོང་གིས་སྲིད་སྐྱོང་འོས་བསྡུའི་དྲིལ་བསྒྲགས་ཆེད་དམིགས་བསལ་གཏམ་བཤད་གོ་སྒྲིག་ཞུས་པའི་སྐབས། མདུན་ལྕོག་བོད་ཀྱི་རྒྱལ་དར་རང་འབྱར་མ་ཡིན་པ་ཞིག་གི་ཐོག རས་གཞི་དཀར་པོ་དཀར་གཙང་ཞིག་གཡོགས། མདུན་ལྕོག་ཐོག་གཡོགས་པའི་རས་གཞི་དཀར་པོ་དེའི་ཐོག་གསར་དུ་བོད་ཀྱི་རྒྱལ་དར་བཙུགས་ནས། བོད་ཀྱི་རྒྱལ་དར་འོས་བསྡུ་དྲིལ་བསྒྲགས་ཀྱི་གཏམ་བཤད་སྐབས་སུ་བེད་སྤྱོད་བཏང་ཡོད་པ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་བརྙན་གསར་འགྱུར་ནས་གཟིགས་ཐུབ་ཀྱི་འདུག་ཞུས་པ་ཡིན། དྲ་ཐག་ཡང་ཕུལ་བ་ཡིན། དེར་བརྟེན། སྲིད་སྐྱོང་འོས་མིར་ལངས་པ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྲིད་སྐྱོང་སྔོན་འགྲོའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་དང་། ཁོང་ཉིད་འོས་འཕེན་པ་ཞིག་ཡིན་པའི་ཆ་ནས་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་པའི་ཐོབ་ཐང་འཕྲོག་གི་རེད་དང་མ་རེད་དྲི་བ་ཞུས་པར་ཐད་ཀར་ཁ་གསལ་ཡིག་ལན་གང་ཡང་མི་གནང་དོན་ཅི་ཡིན་ནམ།
མཐའ་དོན་ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱིས་དེ་གར་ཕུལ་བའི་ཞུ་གཏུག་སྙན་ཞུ་གནས་ཚུལ་ ༧ དང་། དོགས་འདྲི་ ༡༨ ཞུས་པ་དེ་དག་ནི་བཅའ་ཁྲིམས་དང་འོས་སྒྲིག་ཁག་གི་གོ་བ་མ་ལོན་པ། དབུས་འོས་བསྡུ་ལས་ཁང་ལ་མིང་ཆད་བཟོ་འདོད། ཡང་ན་མང་ཚོགས་ལ་མགོ་འཐོམ་དུ་འཇུག་པ། སྤྱི་ཚོགས་ཟང་ཟིང་དང་དགྲ་དགའ་གཉེན་སྡུག་གི་གཞི་རུ་གྱུར་བ། བཅའ་ཁྲིམས་དང་འོས་སྒྲིག་གིས་འགན་དབང་བཀུར་བའི་འོས་བསྡུའི་ལམ་སྟོན་དང་ཐག་གཅོད་དེ་དག་དྲང་བདེན་མེད་ཚུལ་གྱིས་གཞི་མེད་སྙོན་འཛུགས་ཡིན་པ་བཅས་མདོར་ན་ང་ཚོར་ཉེས་ཞྭ་རིམ་པ་དྲུག་ལྡན་ཞིག་གཡོགས་འདུག འོན་ཀྱང་ང་ཚོས་འདི་ནི་བུ་ལ་མ་ལྟར་བརྩེ་བའི་༧གོང་ས་མཆོག་གིས་གསོལ་བསྩལ་མང་གཙོའི་འོག་གཉོམ་ལག་རྒྱས་པའི་བདེ་སྡུག་ཞུ་སའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁང་ཞིག་གི་རང་མདོག་མིན་པའི་རེ་བ་བྱེད་ཀྱི་ཡོད་པས། ང་ཚོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་ཡིད་ཆེས་བློ་གཏད་ཀྱིས། ཐེངས་འདིའི་འོས་བསྡུ་འདི་བཞིན་བཅའ་ཁྲིམས་དང་། འོས་བསྡུ་སྒྲིག་གཞི་གཞིར་བཟུང་ཁྲིམས་མཐུན་དང་། དྲང་བདེན་གྱི་ཐག་གཅོད་ཅིག་སྲིད་སྤྱི་གཉིས་ཀྱི་དངོས་གཞི་འོས་གཞི་གཏན་འབེབས་མ་བྱས་གོང་དུ་བྱེད་དགོས་པའི་དགོས་འདུན་འདོན་པ་ཡིན་ལ། ཁྲིམས་སྒྲིག་འདི་གཉིས་སུ་མ་གསལ་བའི་གང་ཟག་གིས་དབང་བསྒྱུར་བའི་ལས་དོན་གནང་ཕྱོགས་ཤིག་བྱུང་བ་ཡིན་ན། དེ་ནི་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་སྲ་བརྟན་དང་། རྒྱུན་གནས། གོང་འཕེལ། བོད་མིའི་ཆིག་སྒྲིལ་བཅས་ཡོང་བའི་གཞི་རྟེན་ཁྲིམས་ཀྱིས་དབང་བསྒྱུར་བའི་བཙན་བྱོལ་བོད་མིའི་མང་གཙོའི་རྩ་དོན་ལ་གཏོར་བརླག་གཏོང་བ་ཞིག་ཡིན་པའི་ངོས་འཛིན་མུ་མཐུད་བྱེད་བཞིན་ཡོད་པར་མ་ཟད། ང་ཚོས་བཙན་བྱོལ་བོད་མིའི་མང་གཙོའི་ཁྲིམས་སྒྲིག་འདི་དག་ཆབ་སྲིད་ལངས་ཕྱོགས་གང་རུང་ཞིག་གི་ལག་ཆར་མི་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་ལ། སྡུག་ས་ནས་ཞུས་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མི་ཚོར་མང་གཙོ་གནང་ཟིན་ན་ཡང་། ཁྲིམས་སྒྲིག་གཞི་ལ་བཞག་པའི་མང་གཙོ་ལག་བསྟར་མ་བྱུང་བའི་གནས་བབ་འོག བཙན་བྱོལ་བོད་མིའི་མང་གཙོ་རྩོད་ལེན་བསྐྱར་དུ་བྱེད་མི་དགོས་པའི་འགན་ཁུར་གནང་རོགས་ཞུ་བའི་རེ་འདུན་མཚོན་ཆེད། ཁྱེད་རྣམ་པའི་ལན་འདེབས་དོན་ཚན་གསུམ་ལ་བཅའ་སྒྲིག་དཔང་པོར་བཞག་པའི་ལན་འདེབས་མདོར་བསྡུས་འདི་ཕུལ་བ་ཡིན།
དེ་སྔོན་དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་ཞུ་གཏུག་སྙན་ཞུ་གནས་ཚུལ་ ༧ དང་། དོགས་འདྲི་ ༡༨ ། ཅན་གྱི་དོ་བདག་མི་གྲངས་ ༥༢ ཐུན་མོང་དང་། སླར་མང་ཚོགས་ནས་དོ་ཁུར་གྱིས་མཉམ་ཞུགས་གནང་བ་བཅས་ཁྱོན་མི་གྲངས་ ༢༠༧ ཐུན་མོང་ནས་གུས་འདུད་བཅས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༢ ཚེས་ ༢༡ ལ།
ངོ་བཤུས། ཆེས་མཐོའི་ཁྲིམས་ཞིབ་ཁང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས།
བཀའ་ཤག
འབྲེལ་བ་ཞུ་ཡུལ་ཁ་བྱང་།
Woser Dhoktsatsang
Oberdorf 28 4314 Zeiningen Switzerland
Mail: woser8@gmail.com, bhumshul@gmail.com
Cell +41 76 683 89 48
མཚན་རྟགས་བཀོད་པའི་ཡི་གེ་དག་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས།
(signatures)
ཡག་མོ་གསལ་བཤད་བཟོས་འདུག་ཀྱང་ཤོ་ཟུར་སོགས་དགའ་ལྡན་ཕོ་བྲང་གི་བཀའ་ལས་བརྒལ་ཕོད་ཀྱི་མ་རེད་གདའ། དྲང་བདེན་ཅིག་གི་ལམ་ཁ་ཡོད་མ་རེད་དོ།།
ད་ནི་འོས་བསྡུ་ལས་ཁུངས་སུ་ཇི་ཙམ་ཞུས་ཀྱང་ཕན་ཐུབ་ཡོང་གི་མ་རེད། འོས་བསྡུ་ལས་ཁུངས་ཀྱི་ལས་བྱེད་རྣམས་སྒེར་སྤྱོད་དང་། དངུལ་གྱིས་རག་བཟི་ཚར་རེད་དོ།
ད་ངོ་མ་བློ་ཕམ་རང་རེད་རྡ
བདེ་སྡུག་རེད་།
ཞུ་གཏུག་རེད་།
བདེ་སྡུག་ཞུ་ས་འོས་བསྡུ་ལས་ཁང་རེད་།
ཞུ་གཏུག་བྱེད་ས་ཆེས་མཐོའི་ཁྲིམས་ཁང་རེད་
གནས་ཚུལ་འདི་རེགས་དེ་རྒྱ་ལ་དགོས་པ་བོད་ལ་མི་དགོས་པ་བོད་སྤྱི་ལ་ཕན་པ་གང་ཡང་མེད་
འོས་བསྡུའི་འགན་འཛིན་རྣམ་པས་མི་དམངས་ཀྱི་རེ་འདུན་ལ་ཉན་འཇོག་མ་བྱས་ན་ཁོ་པ་ཚོ་ཁྲིམས་སར་སྐྱེལ་རྒྱུ་ལས་བྱེད་ཐབས་གཞན་ཡོད་ནི་མ་རེད། སྲིད་སྤྱིའི་དངོས་གཞིའི་འོས་བསྡུ་མ་སླེབས་གོང་དུ་འགན་འཛིན་རྣམ་པ་ཁྲིམ་སར་སྐྱེལ་དགོས། དེ་ནས་གནས་ཚུལ་འགའ་མཐོང་ཡོང་གི་རེད།