ཆོས་ཉིད་དབང་མོ་ནས།
—————
ཉེ་ཆར་ཚགས་པར་ཞིག་གི་སྒང་དུ་གུས་མོའི་བཅར་འདྲི་སྤེལ་ཡོད་པ་དེར་རྗེས་སུ་ཡི་རངས་མོད་ཀྱང་། ༼བཅར་འདྲི་འདིར་གསལ།༽ བཅར་འདྲིའི་ཁ་བྱང་དང་ནང་དོན་འགའ་ནི་གུས་མོས་བཅར་འདྲི་བྱེད་སྐབས་ཀྱི་སྐད་ཆ་དང་མི་གཅིག བདག་གི་བོད་སྐད་བཤད་ཚད་དང་ཤེས་ཚད་མ་འདང་བའི་དབང་གིས་སོ། དེ་བས་དེ་རིང་གསལ་བཤད་ཞུ་དགོས་ནི་བོད་ཀྱི་རྩོམ་རིག་ཏེ་བརྩམས་སྒྲུང་དང་སྙན་ངག་གང་ཡིན་རུང་ལྟ་བར་དགའ་བར་མ་ཟད། ད་དུང་གུས་མོས་ཧྥ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་མྱོང་། གུས་མོར་ཡིད་ཆེས་བྱས་པའི་བོད་པའི་སྙན་ངག་པ་དང་རྩོམ་རིག་འབྲི་མཁན་རྣམས་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བོད་པའི་སྙན་ངག་པ་འགའ་ངོ་མ་ཆུ་ཚད་དང་ཤེས་ཚད་གང་ཡིན་རུང་མཐོ་པོ་འདུག དཔེར་ན་ལྗང་བུ་དང་། སྐྱབས་ཆེན་བདེ་གྲོལ། ད་དུང་བདེ་སྐྱིད་སྒྲོལ་མ། འཇུ་སྐལ་བཟང་། ད་དུང་ལོ་གཞོན་གཞོན་གྱི་སྙན་ངག་པ་མཁས་པོ་ཡང་འདུག བོད་ནི་སྙན་ངག་གི་མི་རིགས་ཡིན་ནོ། ཡིན་རུང་ངས་བསམ་པར་བོད་པའི་སྙན་ངག་པ་ཡིན་ཚེ་བོད་ཡིག་གཅིག་པུར་བལྟས་ན་དེང་རབས་ཀྱི་འཛམ་བུ་གླིང་གི་སྙན་ངག་གི་འཕེལ་རིམ་དང་གསར་གཏོད་ལ་གོ་རྟོགས་མེད་པའི་ཉེན་ཁ་ཡོད་པར་སྣང་། དེ་བས་གཙོ་བོ་ཤེས་ཚད་ཇེ་མཐོ་རུ་གཏོང་ཐུབ་ན་བཟང་།
མཐའ་མར་གཞོན་གྲས་ཀྱི་བོད་ཡིག་གི་བརྩམས་སྒྲུང་ཡག་པོ་འབྲི་མཁན་རྩ་བ་ཉིད་ནས་མེད་པའང་མ་རེད། ལྷ་བྱམས་རྒྱལ་ཞུ་བ་ནི་དེང་རབས་ཀྱི་བརྩམས་སྒྲུང་འབྲི་མཁན་ཤིན་ཏུ་མཁས་པོ་དང་སྒྱུ་རྩལ་དང་ལྡན་པའི་རྩོམ་པ་པོ་རེད་བསམ་གྱི་འདུག
བོད་པའི་སྙན་ངག་པ་དང་རྩོམ་པ་པོ་རྣམས་ཁོང་ཁྲོ་ལངས་ངེས་རེད། ཐུགས་ཁག་མི་འདུག གསལ་བཤད་ཐུང་ཐུང་དེར་བལྟས་རྗེས་ཁོང་ཁྲོ་ཞི་བར་གྱུར་ཅིག
ཆོས་ཉིད་དབང་མོ་ནས་གུས་ཕུལ།
ཧཧཧཧཧ་་་་་་དང་པོ་ནས་ས་ལ་ཤུགས་ཆེན་བརྡབ་ཞོར་ད་ཡང་ནང་གསེས་འདྲ་ཕྱེས་ནས་གནམ་ལ་བཏེགས་ཁུལ་འདི་སེམས་པ་ཐང་པོ་མེད་པའི་བྱས་སྟངས་རེད། མ་གཞི་ནས་མི་རིགས་གཞན་གྱིས་རིགས་གཞུང་ལ་གདེངས་ཚད་ལེན་མདོག་བྱས་པ་འདི་ཧམ་པ་ཚར་དྲག་མ་རེད་དམ།
དོན་ངོ་མ་ག་རེ་ལབ་རྩིས་ཡོད་པ་ཡིན་ནམ། ང་ནི་ངོ་མ་མགོ་ཐོམ་སོང་། ཧཧཧ་་་་་་་
སྐྱོན་ཕྲན་བུ་ཡོང་བར་སྐྱོན་མེད་པར་ཡར་རྒྱས་འགྲོ་ངེས་རེད།
སྙན་ངག་གཅིག་པོ་བྲིས་ནས་ཕན་ཐོགས་དེ་ཙམ་མེད།། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་ཞིབ་འཇུག་དགོས་པ་འདུག ལྷག་པར་དུ་བོད་ཀྱི་སྣོད་བཅུད་སོགས་ལ་ཞིབ་འཇུག་ཕྲ་བ་ནས་དགོས་པ་འདུག མི་རིགས་གཞན་ཚོས་སོ་སོའི་རྒྱལ་ཁམས་སུ་ཡོད་པའི་འབུ་གྲོག་མའི་ཡན་ཆད་ནས་ཞིབ་འཇུག་བྱས་ཡོད།། བོད་ཀྱི་གཡག་གི་ལོ་རྒྱུས་བྱུང་རབས་ཙམ་ལའང་ད་ལྟ་བོད་པས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་པའི་རྩོམ་གང་ཡང་མ་མཐོང།། བོད་ཀྱི་ལོ་རྒྱུས་ནི་ཆོས་འབྱུང་ཙམ་དང་བླ་མའི་རྣམ་ཐར་ཙམ་ཞིག་རེད།། དེ་ཡང་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་དང་བླ་མ་གཙིགས་ཆེ་རབས་བཤད་པ་ལས་ཕྱོགས་ཡོངས་ཀྱི་བོད་ཀྱི་ལོ་རྒྱུས་ལྟ་གྲུབ་མཚོན་ཐུབ་པ་ཞིག་མེད།། གལ་ཏེ་དེ་ལྟར་བྲིས་ཁུལ་བྱས་ཀྱང་དེ་དག་ཐམས་ཅད་ཀྱི་འབྱུང་ཁུངས་མི་རིགས་གཞན་ལ་གཏུག་པ་ལས་རང་ཉིད་ཀྱིས་རྣམ་དཔྱོད་ལས་བྱུང་བའི་ལོ་རྒྱུས་ཞིག་ཤིན་ཏུ་དཀའ།། དེང་སང་ནི་བོད་མི་རིགས་འདི་བྱམས་བརྩེ་ཅན་གྱི་མི་རིགས་ཤིག་ཡིན་ཅེས་ངོམ་བཟོ་བྱེད་ཀྱིན་ཡོད་མོད།། དེ་ཡང་དཔལ་ཎ་ལཎ྄ཊ་ལས་བྱུང་རབས་དང་བོད་པ་ནི་རྒྱ་དཀར་ནག་གི་དགེ་ཕྲུག་བཟང་པོ་ཞིག་ཡིན་ཅེས་བཤད་ཀྱིན་འདུག ཆབ་སྲིད་རིག་པའི་ཐོག་ནས་བཤད་ན་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་དང་བོད་མི་རིགས་ཀྱི་ཐུན་མོང་མིན་པའི་སྐད་ཡིག་དང་རིག་གཞུང་ཡོད་ཅེས་རྒྱལ་ཁབ་རང་བཙན་པ་ཞིག་བསྒྲུབ་པའི་ཆ་རྐྱེན་མེད་པར་བྱས་པ་རེད།། འོན་ཀྱང་ངས་འདི་ལྟར་བཤད་ན་དེ་ནི་ལོག་ལྟ་དང་ལྟ་ལོག་དང་ངོ་ལོག་པ་རེད་ཅེས་ཤོད་ངེས་རེད།།
བཙན་བྱོལ་གཞུང་གིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་འགྲོ་གྲོན་གཏོང་བ་ཆེས་ཉུང་ཉུང་རེད་་་བཏང་བ་དེ་ཡང་རྒྱ་གར་གྱི་རིག་གཞུང་ལ་ཕན་པའི་ཞིབ་འཇུག་ལས་བོད་རང་གི་ལོ་རྒྱུས་ལ་ཕན་པའི་ཞིབ་འཇུག་ཅིག་མ་རེད།། དགོས་པའི་བོད་ཀྱི་སྣོད་བཅུད་ཀྱི་ཞིབ་འཇུག་ལ་འགྲོ་གྲོན་མི་གཏོང་བར་མི་དགོས་པའི་ཇོ་ནང་དང་བཙུན་མའི་དགེ་སློང་ལ་ཞིབ་འཇུག་བྱེད་ཀྱི་ཡིན་ཟེར་ནས་དུས་ཚོད་དང་དངུལ་ཆུ་ཟོས་སུ་གཏོང་བཞིན་ཡོད།། དེ་ཚོ་ནི་ཆོས་བྱེད་མི་སྣའི་ལས་འགན་ཞིག་ལས་སྲིད་གཞུང་ཞིག་གིས་ལས་ཀ་མ་རེད།།
སྙན་ངག་ལ་དངས་འདོད་ཡོད་ཁུལ་འདྲ་ཞིག་འདུག། སྙན་ངག་ལ་དགའ་མཁན་རིགས་ནི་རྟོག་བཟོའམ་དངོས་ཡོད་དང་མི་འཚུངས་པའི་སྟོད་སྟོད་སྨོད་སྨོད་ལ་དགའ་མཁན་དག་རེད། བོད་ཀྱི་རྩོམ་རིག་གི་མ་རྩ་ནི་སྙན་ངག་དང་སྒྲུང་རྩོམ་ཙམ་གྱི་ཚོད་རྒྱབ་པ་ནི་བོད་ཀྱི་རྩོམ་རིག་གི་གཞི་རྩ་མ་ཤེས་པས་རྟགས་རེད། བོད་ཀྱི་རིག་གནས་མིན་པའི་རིགས་ཡར་རྒྱས་དང་གསར་གཏོད་ཡོད་པར་བཞིན་བོད་པ་ཡང་དེ་ཡོད་པར་ཤེས་པ་གྱིས། འཛམ་བུ་གླིང་གི་མི་རྣམས་ཀྱི་བྱ་སྤྱོད་འགྱུར་འགྲོ་བཞིན་ཡོད་ན་བོད་པ་ཚོ་ཡང་ལོས་འགྱུར། དེང་སྐབས་བོད་པར་ཕྱིའི་ལུགས་ཀྱི་རྩོམ་རིག་དང་སློབ་གསོའི་སྐོར་ཁྱེད་ལས་མང་བ་སེམས་ཚོར་ཡོད་རེད་དང་།
ཆོས་ཉིད་དབང་མོ་ལགས། དྲི་བ་དྲིས་ལན་དེ་ཧ་ཅང་ཡག་པོར་མཐོང་སོང་། དེའི་ནང་གི་ཚིག་འགྲོས་གཅིག་འདི་ལ་གསལ་བཤད་བྱེད་དགོས་པ་ཞིག་མ་རེད་དོན་དངོས་དང་ཧ་ཅང་མཐུན་པ་མ་ཟད་བོད་པའི་སྙན་ངག་པ་ཚོར་ཤ་ཚ་ལྷག་བསམ་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན་པ་ཞིག་རེད།
འདི་ཕྱི་རྒྱལ་མི་རིགས་ཚོས་གཤིས་ཀ་ཞིག་རེད། ཁོ་ཚོར་གནས་ཚུལ་ཆུང་ཆུང་ཞིག་གིས་ཀྱང་ཕོག་ཐུག་བཟོ་ཆོག་ཆོག་ཡོད། བོད་པ་ཚོ་དེ་འདྲ་མིན་པར་གནས་ཚུལ་ཆ་ངེ་ཆུང་ངེ་རིགས་ལ་བདག་པོ་རྒྱག་མཁན་ཡོད་པ་མ་རེད། སྤྱིར་བཏང་ང་རང་གིས་བལྟས་མཁས་དབང་ཁོང་གིས་གསུང་པ་ཚང་མ་ཧ་ཅང་དོན་ལ་གནས་པ་དང་གནད་དུ་འཁེལ་བའི་བསམ་བློ་གཏོང་དགོས་པའི་བསླབ་བྱ་རྐྱང་རྐྱང་རེད་བསམ་སོང་།
་་་་་་ ད་དུང་ལོ་གཞོན་གཞོན་གྱི་སྙན་ངག་པ་མཁས་པོ་ཡང་འདུག བོད་ནི་སྙན་ངག་གི་མི་རིགས་ཡིན་ནོ། ་་་་་