ཁ་བའི་ལང་ཚོ།
ཆོས་ཀྱི་ཆོལ་ཁ་ན་ཆང་གི་བསྟན་པ་དར་བའི་དུས་སྐབས་འདིར། སུ་ཞིག་གི་མིག་ཀོང་ན་མཆི་མས་གང་ཞིང་སུ་ཞིག་གི་ལུས་ཕུང་ལ་རྨ་ཡིས་རུམ་ཡང་། ད་དུང་ཅི་མི་སྙམ་པར། ཆང་ཕོར་གྱི་ཁ་ན་སྐྱག་སྦྲང་བཞིན་འཁོར་གྱིན་པ་ནི་ངའི་ཕ་ཡུལ་རེད། མེས་པོ་ཚོའི་མིག་ཀོང་ན་མཆི་མས་གང་ཞིང་། ཁོང་རྣམས་ཀྱི་ཕ་ཁྱིམ་ལ་རྨ་ཡིས་རུམ་དུས་ང་ཚོས་ནི་ཐ་ན་ཨེ་ཚ་གི་དང་། ཡང་ན་ཨེ་ན་གི་ཙམ་ཡང་མ་ཟེར་བར་ཁ་ཐོག་ན་འཁྱེར་བའི་མེས་པོའི་བཀའ་དྲིན་དང་། གཏམ་སྣེ་ན་འཁྱེར་བའི་མེས་པོའི་མཛད་རྗེས་ལས་སེམས་གཏིང་ན་ཉར་བའི་སྒོར་མོའི་བང་ཁ་དང་། ཕྱི་ཚུལ་ནས་མངོན་པའི་རྐུབ་སྟེགས་ཙམ་རང་ལས་ཅི་ཡང་མཐོང་མི་ནུས་ཤིང་བལྟ་མ་ཐུབ་པར་ཆང་ཕོར་གྱི་ཁ་ན་ཡོད་ཚད་པོ་རུབ་ནས་སྡོད་དུས། སུ་ཞིག་གིས་ང་ཚོ་ལ་ལྟད་མོ་བལྟ་འོང་། སུ་ཞིག་གིས་ང་ཚོ་ལ་བཀའ་བཀྱོན་གནང་སྲིད། རྒྱལ་ཁབ་འདིའི་སྔོན་ཐོན་དུ་ཇི་ལྟར་འགྲོ། སྤྱོད་བཟང་གི་རྒྱུད་པ་འདི་ཇི་ལྟར་འཛིན། བུ་ཕྲུག་ཚོའི་མདུན་ལྗོངས་འདི་ཇི་ལྟར་བསྐྲུན། དཔེ་སྟོན་གྱི་བོད་མི་ཞིག་ཇི་ལྟར་བྱ།
སོམས་དང་ཕ་ཡུལ་གྱི་མི་བུ་ཚོ། ལྷག་ཏུ་ཕ་ཡུལ་གྱི་ན་གཞོན་ཚོ། ང་ཕ་ཡུལ་དུ་མ་སོང་ནས་ཡུན་རིང་སོང་། ཕ་ཡུལ་གྱི་གདོང་མདོག་ཁྲ་ཁྲ་རུ་གྱུར་ཞིང་། ལུས་ཕུང་ནས་ཆང་དྲི་འཐུལ་བ་གོ་ཐོས་བྱུང་རྗེས། ཨ་ཁ་་་་་ད་ནི་ཆོས་ཀྱི་ཆོལ་ཁ་ཆང་གི་ཆོལ་ཁར་གྱུར་ཚར་འདུག་ཅེས། སྐྱོ་ཉམས་ཀྱི་སྐད་སྒྲ་ཡང་སྟབས་གཅིག་ཏུ་རྣ་བར་ལྷུང་དུས་ན་ཟུག་ཇི་ཙམ་ཡོད་མིན་ལ་མ་བལྟོས་པར། འདི་ལྟར་མིག་མཐོང་ལག་ཟིན་དུ་གྱུར་པའི་གདོང་མདོག་ངོ་མ་འདི་ནི་སུ་ཞིག་གིས་ལྐུགས་རྟགས་སྔོན་ཐོན་དུ་བརྩི་བའི་བསམ་བློ་དང་། སུ་ཞིག་གིས་རང་ངོ་མ་ཟིན་པའི་ངོ་ཚ་ཞིག་རེད་ཨང་།
འགན་འཁྲི་ཡི་བསམ་བློ་རྨང་ནས་དོར་ཞིང་། ལྷག་བསམ་གྱི་དྲི་མ་ཀུན་ནས་ཡལ་བའི་①ཞི་མི་གཡག་སྙིང་”དག་ནི་ང་ཚོའི་དགེ་མཚན་ཁོ་ན་ལས་གཞན་ཅི། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞེས་སྐྱབས་འགྲོའི་སྤང་བླང་མི་ཤེས་མཁན་ནི་ང་ཚོ་ཡིན་ལ། བུ་ཕྲུག་གསོ་བའི་ཕ་མ་ཡིན་ཞེས་འགན་འཁྲི་མེད་མཁན་དེ་ཡང་ང་ཚོ་རེད། མ་འོངས་ཕ་ཡུལ་བདག་པོ་ཡིན་ཞེས་ཤེས་ཡོན་དང་འགན་ཁུར་མེད་མཁན་དེ་ཡང་ང་ཚོ་རེད།
ཆང་དམ་ཁ་ལ་ཀེར་ཞིང་བུ་ཕྲུག་ལ་སློབ་སྟོན་བྱེད་མཁན་ཚོས་གསོན་དང་། ཆང་ཁང་དང་ནང་མ་ཁང་མགོ་ལ་གྱོན་ཞིང་ཁྱིམ་ཚང་གི་བདེ་སྐྱིད་བརླགས་མཁན་ཚོས་ཉོན་དང་། ཆང་རག་དང་དུ་བ་ལ་ཚོད་འཛིན་མེད་ཅིང་ཕུགས་བསམ་རླུང་ལ་བསྐུར་མཁན་ཚོས་སོམས་དང་།
ཨ་ཅེས་ཁྱོ་ག་འདེད་ཅིང་ཁྱོ་གས་ཨ་ཅེ་འདེད་དགོས་ཐུག་པའི་རྩ་བ་ངོ་མ་དེ་ཅི་ཞིག་ལ་ཐུག་སོང་ཨང་།
ཆང་མ་འཐུང་གོང་གི་བདེ་ཐང་དེ་ཆང་འཐུང་བའི་རྗེས་སུ་གཤིན་པོར་གྱུར་པའི་རྩ་བ་ངོ་མ་དེ་ཅི་ཞིག་ལ་ཐུག་སོང་ཨང་།
ཆང་མ་འཐུང་གོང་གི་མི་ཡག་དེ་ཆང་འཐུང་བའི་རྗེས་སུ་སྨྱོན་པར་གྱུར་པའི་རྩ་བ་ངོ་མ་དེ་ཅི་ཞིག་ལ་ཐུག་སོང་ཨང་།
ཆང་མ་འཐུང་སྔོན་གྱི་འཆམ་མཐུན་དེ་ཆང་འཐུང་བའི་རྗེས་སུ་ཁྲག་དྲི་དྲོ་བའི་རྩ་བ་ངོ་མ་དེ་ཅི་ཞིག་ལ་ཐུག་སོང་ཨང་།
རིག་གནས་ཀྱི་ཕ་ས་ནས་རིག་གནས་ཀྱི་ངོ་གདོང་མི་མངོན་ཞིང་ཆང་དྲི་དང་ཆང་ཕོར་མངོན་ཡོང་བའི་གནད་དོན་འདི་སུ་ཞིག་གིས་ཐག་གཅོད་མ་ཐུབ་པའི་གནད་དོན་རེད།
ཕ་མ་ཚོ། བུ་ཕྲུག་ཚོར་འགྲེལ་བཤད་ཇི་ལྟར་བྱེད། སློབ་གསོ་ཇི་ལྟར་སྤྲོད། ན་གཞོན་ཚོ། ཕ་ཡུལ་ཇི་ལྟར་སྐྱོང་། རིག་གཞུང་ཇི་ལྟར་འཛིན། ཆང་གིས་བཟི་སོང་བའི་ངའི་ཕ་ཡུལ་ཡ་་་་་་་་་་་་་་། ཁྱོད་ལ་ཉམས་པ་མེད་པའི་གཟི་བརྗིད་དང་། འགྲན་ཟླ་མེད་པའི་རིག་གཞུང་ཡོད་པ་ཤིན་ཏུ་བདེན་ཡང་། ཁྱེད་ཀྱི་པང་ཁ་ན་འཚར་བཞིན་པའི་ཆང་རྐྱལ་དག་གིས་ངོ་མ་ཚ་བའི་ཞབས་འདྲེན་དང་བྱ་སྤྱོད་ཁྲོད་ནས། ཆང་དྲི་སྣོམ་ལ་དགའ་ཞིང་ནམ་ཉིན་མེད་པར་ཆང་ཕོར་གྱི་ཁ་ན་ཤི་འཐམ་རོ་འཐམ་བྱེད་ཀྱིན་པའི་ཚ་བོ་དག་གིས་ག་ལེར་བརླགས་འགྲོ་བ་ལ་ཤིན་ཏུ་ནས་སྐྲག་གི་་་་་་་་་་ང་ངོ་མ་སྐྲག་གི་་་་་་་་་
མདོར་ན་ཆང་གིས་བཟི་སོང་བའི་ཡོད་ཚད་པོ། དེང་གི་གནས་བབས་སུ་ཧ་ཅང་གི་ཉེན་ཁའི་རང་བཞིན་དང་འཇིགས་རུང་གི་ངོ་གདོང་ལས་མ་འདས་པས། ཕ་ཡུལ་དབུས་གཙང་ཆང་གི་ཆོལ་ཁར་མི་འགྱུར་བའི་སྨོན་ལམ་ཡང་ཡང་འདེབས་སོ།། །།
2015/11/28—-12/8 ཉིན་མཇུག་གྲུབ།
དབུས་གཙང་ཆང་གི་ཆོལ་ཁ། མདོ་སྟོད་གྲི་ཡི་ཆོལ་ཁ། མདོ་སྨད་སྨྱོ་བའི་ཆོལ་ཁ་ཨེ།
ཆང་གིས་མ་བཟིས་པ་ནི་མཆོག་ཡིན་གྱི། །
བཟི་ནས་རྙོག་གླེང་བཟོ་བ་ངོ་ཚའི་རྒྱུ། །
ཆང་གིས་བཟི་ན་བཟི་དགོས་ཆོད་པའི་ཐོག །
སྒེར་དང་སྤྱི་ལ་ཕན་པའི་བཟི་སྐད་འདོན། །
དགེ་ལུགས་པས་།
ཆང་ནི་ཉེས་པ་ཀུན་གྱི་གཙོ་བོ་ཡིན་།
རྩ་སྟེང་ཟིལ་པ་ཙམ་ཡང་སྤང་བར་བྱ།
སྙིངམ་པས་།
ཆང་ནི་དམ་ཚིག་ཀུན་གྱི་རྩ་བ་ཡིན་།
ཨམ་ཆོག་ཞུམ་པར་བྱས་ནས་མཐུང་བར་བྱ་།
ལེགས་ཉེས་དང་གོ་རྟོགས་སོ་སོའི་དཔྱོད་རོགས་།
མཆོད་དང་མཆོད་དང་མཆོད་ཆང་བསིལ་མ་མཆོད་།
ཨ་མ་ཆང་མའི་རུམ་ནང་མཆོད་ཆང་བསིལ་མ་མཆོད་།
ཨ་མ་ཆང་མའི་འདོད་ཆགས་གསེལ་ཞིང་མཆོད་ཆང་ཐུང་།