འདྲེ་གླེན་པ།
སྤྱི་ཟླ་12/25 ཉིན་ལས་མཚམས་བཞག་རྗེས་ཆུང་མ་དང་༼Indonesia༽ ཨིན་དུ་ནེ་ཤ་ཡའི་་ལས་གྲོགས་ཤིག་དང་མཉམ་ཀོ་རེ་ཡའི་ཟ་ཁང་ཞིག་ཏུ་ཟ་མ་རུ་ཕྱིན། ཉིན་དེར་ཟ་ཁང་དང་ཚོང་ཁང་མང་ཆེ་བའི་སྒོ་གཏན་ཡོད་པ་མ་ཟད་དཔེ་མཛོད་དང་གཞུང་གི་ལས་ཁུངས་སོགས་ཀྱང་སྒོ་གཏན་འདུག་པས་ཟ་མ་ཟོས་རྗེས་ང་ཚོ་རང་རང་གི་གནས་སུ་ལོག ཆུང་མ་ཡང་ལས་ཞུགས་གཉིས་པ་བྱེད་པར་ཕྱིན། བདག་སྔར་ལྟར་ལམ་འགྲམ་དེད་དེ་ནང་དུ་ལོག ནང་དུ་ལོག་པའི་ལམ་བར་དུ་ནམ་རྒྱུན་དང་མི་འདྲ་བར་ལམ་གཡས་གཡོན་ཀུན་ནས་ངོ་ཤེས་མིན་གཉིས་ནས་དབྱིན་སྐད་ཀྱིས་merry Christmas ཞེས་འཚམས་འདྲི་བྱས། ང་ལ་ནི་དམིགས་བསལ་གྱི་བྲོ་བ་ཅི་ཡང་མི་འདུག་མོད་འགྲོ་ལུགས་ལྟར་བྱས་ཏེ་ཕར་ཡང་མི་ཐུག་ཚད་ལ་merry Christmas ཞེས་འཚམས་འདྲི་བྱས་པ་ཡིན།
ཉིན་དེར་ངས་ཨ་རིའི་ནུའི་ཡོག་དང་ནུས་ཇར་སུ་ས་གནས་ཀྱི་གནས་ཚུལ་ཡག་སྡུག་གཉིས་ཆར་བསམ་བློ་བཏང་སྟེ་ནང་དུ་ཡང་ཇི་ལྟར་སླེབས་མིན་མ་ཤེས་པར་ནང་དུ་སླེབས་པ་དང་ནང་དུ་སླེབས་རྗེས་ངོ་དེབ་ཀྱི་གྲོགས་པོ་འགར་དེའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་རོབ་ཙམ་བྱས། དམངས་གཙོ་ནི་ཁས་མི་ལེན། ཁྲིམས་དང་སྒྲིག་གཞི་ཡང་རྩིས་མེད་ཡིན། རྒྱབ་ལྗོངས་སུ་རྒྱལ་བཙོང་བ་མང་པོ་སྟག་འདྲ་གཟིག་འདྲ་བྱས་ཏེ་ལངས། མི་མང་མུན་ནག་སྐོར་ཞིག་གིས་ལག་ཏུ་འོས་ཤོག་རེ་རེ་མེ་མདའ་ལྟར་བཟུང་སྟེ་རྒྱལ་གཅེས་པ་སྐོར་ཞིག་དམར་གསོད་གཏོང་བར་གྲ་སྒྲིག་བྱས།
དོན་དངོས་སུ་དེ་ནི་ཁ་ཆེའི་(Muslim) མོ་སུ་ལམ་འཇིགས་སྐུལ་པ་ལས་ཀྱང་འཇིགས་སུ་རུང་བ་དང་ནག་ཉེས་ཆེ་མོད། བདག་གི་གནམ་ས་གཉིས་ནི་དགྲ་བཅོམ་པའི་ཕ་ས། བྱང་ཆུབ་ཀྱི་གཟིམ་ས། སངས་རྒྱས་ཀྱི་དུར་ས་ཡིན་པས་མི་ལུགས་ཀྱི་གནས་ལུགས་དེ་ལྟར་བཤད་ཡུལ་མེད་པས་སུན་སྣང་གིས་རབ་ཏུ་གཙེས་ཏེ་ཁྱིམ་ནས་ཚོད་ཚོད་དུ་དབུགས་རིང་ཞིག་འཐེན་ནས་ཕྱི་ལ་བུད།
སྒོ་ནས་ཕྱི་ལ་ཐོན་རྗེས་ཉི་མའི་ཕྱེད་ཀ་ཙམ་ཞིག་རི་རྩེར་ཡོལ་ཟིན་འདུག བདག་གི་དབུགས་ལམ་ན་སྐབས་དེར་ཁྲག་རྡོ་ཞིག་འཚང་ཡོད་པའི་སྣང་བ་ཡོད་པས་ང་ལ་ནི་ལྷིང་འཇགས་ཤིག་ཤིན་ཏུ་མཁོ།
སྒོ་འགྲམ་ནས་གཞུང་ལམ་བསྐྱུར་ཏེ་རི་ལམ་བསྙེགས། བདག་ཡོད་སའི་Blue mountain རི་བོ་སྔོན་པོའི་རྩེ་ལ་བུད། རི་རྩེར་བུད་རྗེས་ད་དུང་དབུགས་ལམ་གྱི་ཁྲག་རྡོ་དེ་གཤང་ཐུབ་མེད་པས་སྐད་ཤུགས་མཐོན་པོས་བོད་རང་བཙན་ཞེས་ཐེངས་འགར་བོས། མདུན་གྱི་རི་བོ་དང་ནགས་ཚལ་རེ་རེ་བཙན་པོའི་རལ་གྲི་ཐོགས་པའི་ཆེན་པོ་བོད་ཀྱི་བུ་རབས་ཚ་རྒྱུད་ཡིན་པའི་སྟོང་བསམ་བྱས། །
28/12/2015 ཉིན་ཡི་གེར་ཕབ།
བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ། ལོ་རྒྱུས་ཀྱི་བདེན་པ་རྒྱལ་ལོ། དགྲ་བོའི་གཉའ་གནོན་དང་བཙན་འཛུལ་ལས་རྒྱལ་ལོ།