སྒོ་ཤེས་རབ་རྒྱ་མཚོ། (གཅན་བཟོད་རྒྱམ་གྱིས་འོས་སྦྱོར་བྱས།)
འདི་ནས་ཡར་བརྩིས་པའི་མི་ལོ་སུམ་བརྒྱའི་ཡར་སྔོན་ཏེ། 1640ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་སོག་པོའི་རྟ་དམག་ཁྲིད་དེ་རྡུལ་འཚུབ་ལང་ལོང་གི་བོད་ལ་སླེབས་ཤིང་། ཉམ་ཆུང་བོད་མི་ཁྲི་སྟོང་གི་མགོ་སྐེ་བྲེགས་པའི་ཁྲག་རྒྱུན་གྱི་གངས་རིའི་ཁ་དོག་དམར་པོ་བསྒྱུར་པས། རི་མཐོ་ས་གཙང་གི་འཇིག་རྟེན་ཆུང་ཆུང་འདིར་རུ། ཕ་མེད་དྭ་ཕྲུག་གི་ངུ་འབོད་ཁྲག་ཆར་འཁོར། བུ་མེད་ཨ་མས་མིག་ཆུད་རང་མལ་བརླན། རོགས་མེད་ཡུག་མོའི་སེམས་རྩ་འཁྱག་པས་བསྡམས།
འོན་ཀྱང་ཚེ་སྲོག་གྲངས་མེད་ཀྱི་དམར་མཆོད་དེ་ལས་གྲུབ་མཐའ་གང་ཞིག་བླ་ན་མེད་པའི་རྒྱལ་ཁ་ཐོབ་སྐད་ཀྱི་སྐྱིད་སྣང་ལས། གཤིན་རྗེ་མི་ཡུལ་དུ་ཐོན་པ་ལྟ་བུའི་ལག་དམར་གྱི་མིང་ལ། ཕྱིས་སུ་འུ་ཚོས་“གུར་ཤྲྰི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་”ཞེས་བཏགས་ཤིང་། གཙང་པའི་སྡེ་སྲིད་ཀྱི་བུ་སྟག་དང་འདྲ་བ་ཞིག་ཡིན་རུང་ཁོང་གིས་ཆམ་ལ་ཕབ་པ་རེད་ཅེས་རི་མོ“སོག་པོ་སྟག་ཁྲིད”མི་རབས་ནས་མི་རབས་བར་སྒོར་འགྲམ་གྱི་རྩིག་ངོས་སུ་བྲིས།
དྲང་མོར་བཤད་ན་གྲུབ་མཐའི་འཐབ་རྩོད་དེ་ནི་ཕྱོགས་གཉིས་ཀའི་འགན་ཁུར་དགོས་པ་ལས་གཅིག་ཁོ་ནའི་ནག་ཉེས་སུ་བགྲང་ན་དོན་དངོས་སུ་མཐུན་པ་མི་སྲིད་དེ། ཤིང་རྟའི་འཁོར་ལོ་བཞིན་འཁོར་བའི་ཧམ་སེམས་ཀྱི་ལོ་རྒྱུས་ནི་གཅིག་གིས་གཅིག་མནན་པའི་འཁོར་བསྐྱོད་འབའ་ཞིག་མ་ཡིན་ནམ།
བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་དགོན་པའི་ལྷ་ཁང་དང་། བླ་མའི་གཟིམས་ཁང་། གྲོང་པའི་ཁྱིམ་གཞིས། མཐའ་ན་མགྲོན་ཁང་དང་ཟ་ཁང་བཅས་ནས་“སོག་པོ་རྟ་ཁྲིད་”ཅེས་པའི་རི་མོ་དེ་མིག་གིས་མཐོང་ཐེངས་རེར། ངའི་ཡིད་ལ་ཉམ་ང་བའི་ལོ་རྒྱུས་ཀྱི་གཟུགས་རིས་གང་མང་ཞིག་གློག་བརྙན་ལྟ་བུར་ཤར་ཡོང་། གྲུབ་མཐའི་ཁེ་དབང་རྩོད་ཁུལ་གྱིས་ཕྱོགས་དང་ཕྱོགས་ནས་གོ་སྐབས་ལ་སྒུག་པའི་བཙན་འཛུལ་བ་དག་ཉམ་ཆུང་མི་རིགས་འདིའི་ཚེ་སྲོག་གི་གཤེ་མར་བོས་པའི་གླེན་རྟགས་རྣམས་དྲན་འོང་། ལྷག་ཏུ་སོག་པོའི་གྲི་རྩེ་ནས་རྐེ་ཁྲག་བཞུར་བའི་མེས་པོ་དག་དྲན་འོང་། མཐོ་སྒང་གི་ཁྱིམ་གཞིས་ཀྱི་ཆེད་དུ་རང་སྲོག་ས་ལ་བསྟིམས་པའི་ལྷད་མེད་ཀྱི་རྣམ་ཤེས་དག་དྲན་འོང་། “ཤི་ཡང་ཕྱི་མིག་ལྟ་བའི་” འཁྲེང་སེམས་རྨས་མ་དེ་དག་གཟུགས་ཅན་བཞིན་དུ་དྲན་འོང་།
དེ་ལྟར་དྲན་ཐེངས་རེ་རེར། གཉིད་བཅག་ཟས་བརྗེད་ཀྱི་སྐྱོ་བ་ཞིག་གིས་སེམས་གཏིང་དཀྲུགས་པར་བྱེད་དོ། ཆོས་གྲོགས་དང་ཆོས་གྲོགས་བར་གྱི་མི་བསད་ཁྲག་སྦྱོར་མཚོན་པའི་རི་མོ་ཞིག བླ་མེད་མཛེས་རྒྱན་དུ་རློམ་ནས་གཙུག་ལག་ཁང་གི་རྩིག་ངོས་སུ་བྲིས་པའི་རྣམ་པ་འདི། གལ་ཏེ་ཞི་བའི་སྟོན་པ་བཀའ་དྲིན་ཅན་གྱིས་གཟིགས་ན་ཅི་ཞིག་དགོངས་སྲིད། གནས་བརྟན་འོད་སྲུངས་ཆེན་མོ་སོགས་ངེ་དོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཐོང་ན་ཅི་ཞིག་གསུང་སྲིད།
(རྩོམ་ཁུངས། ང་ཚོ་སད་རན།)
སྒོ་ཤེས་རབ་ལགས་ཀྱིས་བརྗེད་མི་རུང་བའི་ཁྲག་གི་ལོ་རྒྱུས་དེར་དཔྱད་ཞིབ་གནང་སྟེ་བྲིས་པར་དགའ་བསུ་ཡོད།། རེད་རེད་ངོ་མ་རེད་ད་དུང་ཕ་ཤུལ་རྒྱུད་འཛིན་པ་ཚོས་རང་གི་ཕ་མྱེས་ཡང་མྱེས་ཀྱི་སྐེ་བྲེགས་མཁན་སྟག་གི་མཆེ་བར་བཅུག་མཁན་སོག་པོ་སྟག་ཁྲིད་ཀྱི་རི་མོ་འཇིགས་སུ་རུང་བ་དེ་ཚོ་འགོ་བླ་མ་མི་དཔོན་ནས་མཇུག་ཐབ་ཚང་ཡན་གྱི་སྒོ་དང་རྩེགས་འདབ་ཏུ་ངོམ་ངོམ་བརྗིད་བརྗིད་བྱས་ཏེ་བྲིས་དང་འབྲི་བ་ནི་ངོ་མ་ཡིད་སྐྱོ་བ་ཞིག་རེད།། བོད་པ་ཟེར་བ་འདི་གླེན་པ་ལུག་འདྲ་བ་ཞིག་རེད་འདུག་བསམ་པ་ཞིག་འདུག རྒྱ་ནག་གོང་མས་ཤེ་བམ་དེ་ཚོ་ད་ལྟའང་ངོམ་ངོམ་འདྲ་བྱེད།། ཨ་ཁ།། སྒོ་ཤེས་རབ་ལགས་ཁྱེད་ནས་སོག་པོ་སྟག་ཁྲིད་ཀྱིས་བྱས་ཉེས་དེ་ཚོའི་ལོ་རྒྱུས་རྒྱས་པ་ཞིག་འབྲི་གནང་རོགས་ཞེས་བསྐུལ་མ་ཞུ་བཞིན་ཡོད།།
ཧ་ཧ་རྒད་མོ་ཤོར་སོང་།
སོག་པོ་རྟ་འཁྲིད་མ་རེད་།
སྟག་རེད་།
ཡང་པའི་རྒྱལ་ཁམས་མ་མཐོང་ནས་།
ས་འཐིལ་བློན་པོ་རང་མཐོང་ཆེ་།
ཟེར་བའི་གཏམ་དེ་བདེན་ཡང་བདེན་།
སོག་པོ་སྟག་འཁྲིད་ནི་དང་པོ་ལྕགས་རྟགས་དེ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་།
གཉིས་པ་སྟག་དེ་དཔལ་ཕྱག་ན་རྡོ་རྗེའི་
སྤྲུལ་པ་།
གསུམ་པ་མི་དེ་སྤྱན་རས་གཟིགས་ཀྱི་
སྤྲུལ་པ་།
དེ་གསུམ་ལ་རིག་གསུམ་མགོན་པོའི་
རྣམ་སྤྲུལ་ཟེར་ལེ་རེད་ཨ་རོ་ཤེས་ཨི་ཐི་།
སྒོ་ཤེར་ལ་གོ་ལོགས་ཆེན་པོ་ཐེབས་འདུག སོག་པོ་སྟག་ཁྲིད་ཀྱི་བྱུང་བ་སོག་ཡིག་ཏུ་ཡོད། སྔོན་སོག་པོའི་རྒྱལ་རབས་སུ་བྱོན་པའི་(ཧོར་ཆིར་མེར་རྒན)བྱ་བ་གུ་རུ་པདྨ་འབྱུང་གནས་ཀྱི་སྤྲུལ་བར་གྲགས། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་གྲུབ་པས་ལས་ཅན་རྣམས་ཀྱི་ཕྱིས་སུ་ལན་མང་མཇལ་བའི་ལོ་རྒྱུས་ཡོད། སོག་པོ་སྟག་ཁྲིད་མེར་རྒན་སྐུ་བརྙན་རེད། སྟག་རྣམས་སྐུ་ཡི་མགོན་པོ་སྟག་ཞོན་སོགས་སྲུང་མ་རེད། སྲུང་མ་ཁྱི་བཞིན་འཁྲིད་ནུས་པའི་མཐུ་སྟོབས་མཚོན། ཕན་ཡོན་བར་ཆད་སེལ་བ། མཐུ་བྱད་བཟློག་པ། ནང་གི་གཡང་སྲུང་བ། ཕྱི་ཡི་བགེག་སྐྲོད་པ་སོགས་ཀྱི་དགོས་པ་ཡོད། སོག་པོའི་ལྷ་སྒྲུང་“乞颜”ཟེར་བར་ཡང་འདིའི་ཕན་ཡོན་གླུ་རུ་ལེན་ཚུལ་ཡོད་པས་དཔྱད་པར་མཛོད། །གུ་ཤྲཱི་ཁན་ཡིན་པའི་ལོ་རྒྱུས་ཡོད་ན་སྟོན་དང་། རྒྱུ་མཚན་གཏན་ཚིག་སུ་བཟང་བལྟ་ཆོག །
གཏམ་དཔེའི་ཕྱི་ཞིམ་ནང་སྟག་འདི་འུ་ཚང་ལས་གཞན་སུ་མིན་་་
སྒོ་ཤེར་དང་ཚངས་དབང་དགེ་བསྟན་གཉིས་ཐུག་རྗེས་་་་་སྒོ་ཤེར་གྱིས་སོག་པོའི་སྟག་ཁྲིད་སྐོར་གྱི་རྩོམ་ཡིག་དེ་་་་་ཁོ་རང་ནོར་ཡོད་ཚུལ་བཤད་འདུག་་་་གྲོགས་པོ་ཚོ་་་་
ཚངས་དབང་དགེ་བསྟན་གྱིས་་་་་སྒོ་ཤེར་ལ་་་་རྩོམ་ཡིག་དེ་ནོར་ཡོད་ཚུལ་ཞིབ་པར་བཤད་རྗེས་སུ་་་་་་སྒོ་ཤེར་གྱིས་ཚངས་དབང་ལ་བཀའ་དྲིན་ཞུས་པ་་་་སྒོ་ཤེར་ཁོ་རང་གིས་ལབ་འདུག་་་་་རྒྱུན་ཤེས་དང་ལམ་ལ་ལྟོས་དང་་་་
ད་ལྟ་ས་གནས་གཞོན་ནུས་དབུས་གཞོན་ནུའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་འོག་འགྲོ་གི་མིན་ཞེས་དབུས་གཞོན་ནུའི་ཁོངས་ནས་ལོགས་སུ་ཐོན་པ་སོགས་གཞོན་ནུའི་སྒྲིག་འཛུགས་ལ་གུས་བརྩི་མེད་པར་རང་སྣང་གང་དྲན་བྱས་དང་བྱེད་མུས་རེད། དེའི་སྐོར་ཡག་ཉེས་ཀྱི་བསམ་ཚུལ་ཞུ་འདོད་མེད།
ངའི་སེམས་ཁྲེལ་ནི། ད་བར་༧གོང་ས་མཆོག་ལ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་བརྒལ་བས་ཡིད་འཆེས་བློས་འགེལ་ཞུས་དང་ཞུ་བཞིན་དང་། དེ་བཞིན་ད་ལྟའི་སྲིད་སྐྱོང་གི་དབུ་འཁྲིད་འོག་བཀའ་ཤག་ལ་བོད་མི་བརྒྱ་ཆ་མཐོ་པོས་གདེངས་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཙང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་འོག་འགྲོ་གི་མིན་ཞེས་ཟུར་ཐོན་བྱས་པའི་གནས་ཚུལ་བྱུང་མེད་པ་ལྟ་བུ་རེད། མ་འོངས་པ་ན་དེ་འདྲའི་གནས་ཚུལ་མི་ཡོང་བའི་ཆེད་དུ་ད་ལྟ་ནས་བཅའ་ཁྲིམས་ནང་ཁ་གསལ་འགོད་རྒྱུ་སོགས་མཛད་གཙོ་རྣམ་པས་དགོངས་བཞེད་གནང་རྒྱུ་གལ་ཆེན་མ་རེད་པས། གཞིས་བྱེས་མཉམ་འཛོམས་འབྱུང་ན་སྐད་ཆ་དེ་ཚོ་རྫོགས་པ་རེད།
རི་མོ་འབྲི་སྲོལ་གྱི་ལོ་རྒྱུས་རྒྱབ་ལྗོངས་གཅིག་ནི་རྙིང་མ་པའི་ལོ་རྒྱུས་ནང་ན་རྗེ་འབངས་ཉེར་ལྔ་ཟེར་བའི་ཡ་གྱལ་སོག་པོ་ལྷ་དཔལ་ཟེར་ཞིག་གིས་སྟག་གི་གཉའ་ལྤགས་ལ་བཟུང་ནས་ཁྱི་བཞིན་ཁྲིད་པའི་གྲུབ་རྟགས་བསྟན་པ་རེད་ཟེར་སྲོལ་ཡོད་པ་ལ་ཡང་འབྲེལ་བ་འདུག་བསམ། མདོར་ན་སྒོ་ཤེར་ཟེར་བ་དེས་ནོར་འདུག་བསམ་བྱུང་། གུ་ཤྲི་ཁང་བོད་ལ་བཀའ་དྲིན་ཆེན་པོ་རེད། གུ་ཤྲི་ཁན་མེད་ན་ད་ལྟ་བོད་ཟེར་བ་ཞིག་ཀྱང་ལུས་ཡོད་རྒྱུ་མ་རེད་བསམ་གི།
སོག་པོ་སྟག་ཁྲིད་ཀྱི་མཚོན་དོན་གྱི་སྐོར་ལ་བཤད་ཚུལ་འདྲ་མིན་ཡོད་ས་རེད། དྲ་རྒྱ་ཞིག་ན་འདི་འདྲར་བྲིས་འདུག
(དབུས་སོག་མཉམ་འབྲེལ་གྱིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་པ།
དང་པོ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ཡོངས་ལ་དབང་སྒྱུར་བྱས་པའི་སྐོར་ལ། གོང་དུ་བཤད་པ་ལྟར་སོག་པོ་གུ་ཤྲི་ཧན་གྱིས་དང་པོ་མདོ་ཁམས་ཀྱི་ས་ཆ་མང་པོ་དབང་དུ་བསྡུས། དེ་ནས་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་ལྐོག་ཏུ་གདན་འདྲེན་ཞུས་པ་ལྟར་དབུས་སུ་སླེབས་པ་དང༌། དབུས་སོག་མཉམ་འབྲེལ་གྱི་དམག་གིས་གཙང་ཕྱོགས་ལ་ཕར་རྒོལ་བྱས་ཏེ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་1642ལོར་གཙང་པ་རྒྱལ་པོའི་སྲིད་དབང་དངོས་སུ་འཕྲོག་ཐུབ་པ་བྱུང་བ་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། སོག་པོ་གུ་ཤྲི་ཧན་ལྷན་རྒྱས་ཀྱིས་འབྲས་སྤུངས་བླ་བྲང་འོག་མའི་བླ་མ་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་འབྲས་སྤུངས་ནས་གཞིས་ཀར་རྩེར་གདན་དྲངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་རྒྱལ་དབང་ལྔ་པ་ཆེན་པོ་མངའ་གསོལ་བའི་མཛད་སྒོ་གྲུབ་པ་དང༌། སྐབས་དེར་ཁོང་གི་ཐུགས་ཧ་ཅང་དགྱེས་ཡོད་པའི་སྐོར་རྣམ་ཐར་《དུ་ཀཱུ་ལ་》དེབ་ཀ་བའི་ནང༌། རྩེར་ཕྱིན་པའི་ཐོག་མར་ཚོམས་ཆེན་དུ་བོད་སོག་གྲངས་མེད་ཚོགས་པའི་དབུས་གྲལ་གྱི་ཚེ། གོང་མ་སེ་ཆེན་གྱིས་འཕགས་པ་རིན་པོ་ཆེར་འབུལ་ཆེན་གསུམ་དུ་མཛད་པའི་ཕྱི་མ་མ་སྐྱེས་དགྲའི་རྟེན་སྐལ་རྒྱལ་བ་ཉི་མའི་གཉེན་གྱི་འཕེལ་གདུང་རྒྱལ་ཁ་རྩེར་བཞུགས་པའི་གྲགས་པ་ཅན་དེ། ཡོངས་གྲགས་འཕགས་པ་རིན་པོ་ཆེས་ཡེ་ཤེས་པ་མངོན་སུམ་བཅུག་པའི་ཁྲུས་ལོང་མ་ཎི་མའམ། ལུགས་གཅིག་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་གསལ་མེ་ལོང་ཆོས་དབང་རིན་པོ་ཆེའི་གཏེར་བྱོན། རིན་སྤུངས་ངག་དབང་འཇིག་རྟེན་དབང་ཕྱུག་གིས་ཞལ་བཀོད་མའི་རིགས་ལྡན་ཡོལ་བ་ཁྱད་མཚར་གྱིས་སྣ་དྲངས། ནང་རྟེན། བླ་སྐུ། ལི་མ། རྒྱ་ནག་མས་མཚོན་པའི་རྟེན་མཆོད་མང་པོ་དང༌། གཞིས་ཀ་བསམ་འགྲུབ་རྩེས་ཐོག་དྲངས་བོད་ཁྲི་སྐོར་བཅུ་གསུམ་ཡོངས་སུ་རྫོགས་པ་འབུལ་བ་ཡིན་ཞེས་དྲིལ་བསྒྲགས། ཞེས་དང༌། ཡང་དེ་ཉིད་ལས། སྐྱེ་བོ་གཞན་དུ་རང་གིས་ཕར་ཕན་བཏགས་པའི་དྲིན་ལན་གཞལ་དགོས་པ་བཞིན་ཡིན་ན་ཟོར་ཅུང་ཟད་ཡང༌། དེ་མིན་རྒྱལ་པོའི་ཐུགས་བརྩེ་གཏད་ལུགས་ལ་དཔགས་ན་འདི་སྣང་གི་གེགས་སེལ་རྟིང་མའི་ཡར་འདྲེན་ཡོང་བའི་གདེང་གང་ཡང་མེད་པས་དྲིན་ལན་བསྐལ་པར་ཡང་གཞལ་དཀའ་བའི་ཁུར་ལྕི་བར་གདའ། འདི་རིགས་དམ་ཆོས་སྒྲུབ་པའི་གྲོགས་སུ་ནི་ག་ལ་འགྲོ། འོན་ཏེ་བོད་འདིར་མགོ་ཆིངས་ཤིག་ཡོད་ན་དུས་ཀྱང་བདེ་ཞིང༌། ས་བཀའ་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང༌། ཞེས་སོགས་གསལ་བ་དེས་ན་རྒྱལ་དབང་ལྔ་པ་ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོའི་ཁྲི་ལ་འཁོད་པའི་སྐབས་སུ་ཐུགས་ཤིན་ཏུ་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་དང༌། སོག་པོ་གུ་ཤྲི་ཧན་ནི་ཁོང་ལ་བཀའ་དྲིན་གཞལ་བ་དཀའ་བའི་གྲོགས་པོ་ཞིག་ཡིན་པ་དང༌། སྙིང་ཐག་པ་ནས་དགའ་ཞེན་བརྩི་བཀུར་བྱེད་ཡུལ་ཞིག་ཡིན་པར་ངོས་འཛིན་གནང་འདུག སྐབས་དེར་ཕྱག་མཛོད་བསོད་ནམས་རབ་བརྟན་སྡེ་སྲིད་ཀྱི་གོ་གནས་ལ་བསྐོ་བཞག་མཛད། ཕྱི་ནང་གི་སྲིད་ཀྱི་ལས་དོན་མཐའ་དག་གི་འགན་གཙོ་བོ་ཁུར་དགོས་པའི་བཀའ་ལུང་གནང༌། སྔར་གྱི་ཏཱ་ལའི་བླ་མའི་གཟིམ་ཆུང་ཡོད་སའི་ཕོ་བྲང་གི་མིང་སོར་བཞག་གིས་དགའ་ལྡན་ཕོ་བྲང་པ་ཞེས་པའི་སྲིད་དབང་གསར་དུ་བཙུགས་པའི་དྲིལ་བསྒྲགས། ལོ་འདིའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་གཞིས་རྩེ་ནས་ཆིབས་ཁ་བསྒྱུར་ཏེ་ས་གནས་འགའ་ཞིག་ལ་སྐོར་ཞིབ་གནང༌། ཟླ་ཤས་ཀྱི་རྗེས་སུ་ལྷ་སར་ཕྱིར་ཕེབས། ཆོས་སྲིད་ལུགས་གཉིས་ཀྱིས་བོད་ཁམས་སྐྱོང་བའི་འཕྲིན་ལས་ཀྱི་དབུ་བརྙེས། སྐབས་དེར་འབྲས་སྤུངས་བླ་བྲང་གོང་མའི་བླ་མ་གྲགས་པ་རྒྱལ་མཚན་དང་བླ་བྲང་འོག་མའི་བླ་མ་ཏཱ་ལའི་བླ་མ་གཉིས་འགལ་བར་ཆགས་མཐར་བླ་བྲང་འོག་མའི་ངན་ཇུས་ཀྱིས་འབྲས་སྤུངས་གྲགས་པ་རྒྱལ་མཚན་བཀྲོངས། དེའི་སྨོན་ལམ་ལོག་པའི་སྟབས་ཀྱིས་དོལ་གྱི་ཆུ་མིག་ཏུ་འདྲེའི་སྐྱེ་བ་བླངས་པའི་བཤད་སྲོལ་དེ་བྱུང༌། གང་ལྟར་ཡང་བླ་མ་གོང་འོག་གཉིས་པོ་འགལ་བ་ཡོད་པ་ངེས་ཏེརྒྱལ་བ་ལྔ་པའི་རྣམ་ཐར་《དུ་ཀཱུ་ལའི་》ནང་དུ། བླ་མ་གྲགས་པ་རྒྱལ་མཚན་སྙུང་བབས་ལྗིད་སྐབས་རྒྱལ་བ་ལྔ་པ་འཚམས་འདྲི་བར་ཕེབས་པར་དགོངས་ཀྱང་དམ་གྲིབ་ལ་དོགས་ནས་མ་ཕྱིན་ཚུལ་གསལ་བའི་ཕྱིར་རོ། །)
ད་དུང་འདི་འདྲ་ཞིག་ཀྱང་འདུག
(སོག་པོ་སྟག་ཁྲིད་དང་འབྲེལ་བའི་ལོ་རྒྱུས་དངོས་ཀྱི་གནས་ཚུལ།
དོ་སྣང་བྱེད་མཁན་གྱི་ལན།
༡ ངོ་མ་བཤད་ན་སོག་པོས་བོད་དབང་དུ་བསྒྱུར་སྐབས་བོད་པའི་བླ་གྲྭ་སྤྲེལ་ལད་ལ་བྱང་བ་ཚོས་སོག་པོར་ངོ་དགའ་འཁྲབ་ཆེད་དགོན་པའི་རྩིག་ལྡེབས་ལ་འདི་བྲིས་ཡོད་པ་ཐག་ཆོད།
༢ སོག་པོ་སྟག་ཁྲིད། རིག་གསུམ་མགོན་པོ་མཚོན་བྱེད་ནི་མ་ཡིན། དེ་ནི་བསོད་ནམས་རབ་བརྟན་གྱིས་གཙང་པ་རྒྱལ་པོར་འཁོན་ལན་སློག་ཆེད་དང་གྲུབ་མཐའ་འགལ་ཟླ་བར་འཁོན་འཛིན་དུ་བསོད་ནམས་རབ་བརྟན་གྱིས་སོག་དམག་བོད་ལ་དྲངས་ཏེ་གཙང་པོ་རྒྱལ་པོ་སྟག་འདྲ་བ་དེ་ཡང་ཆམ་ལ་ཕབ་ཏེ་བོད་མི་ཁྲི་ཚོ་མང་པོ་ཁྲག་ལ་བསྒྱུར་བའི་བོད་ནང་ཁུལ་དུ་ནང་དམེ་བྱས་པའི་ལོ་རྒྱུས་ཀྱི་མཚོན་དོན་ཞིག་རེད།
བོད་ཀྱི་ལོ་རྒྱུས་དེབ་ཐེར་ཀུན་གསལ་མེ་ལོང་ནང་གསལ་པོ་འཁོད་ཡོད།
༣ སོག་པོ་སྟག་འཁྲིད་ཞེས་པ་ནི་བཀའ་རྒྱུད་བའི་གྲུབ་མཐའ་དང་དགེ་ལུགས་པའི་བར་གྱི་དམག་ཁྲུག་གི་ལོ་རྒྱུས་རེད། དགེ་ལུགས་པས་སོག་པོའི་ཤུགས་ལ་བསྟེན་ནས་གཙང་པ་སྡེ་སྲིད་ཞེས་པའི་དམག་དཔོན་ཞིག་བཟུང་བའི་ལོ་རྒྱུས་རེད། ཕྱིས་སུ་ཆོས་ལུགས་པས་ཁྱོག་བཤད་བྱས་པ་རེད།
)
གཞན་ཡང་བཤད་ཚུལ་མི་འདྲ་བ་འགའ་རེ་འདུག་མོད། མང་ཆེ་བའི་དོན་གཅིག་པ་རེད་འདུག
སོག་པོ་སྟག་ཁྲིད་གྱི་མཚོན་དོན་སྐོར་ལ་དུང་དཀར་རིན་པོ་ཆེ་ཚང་དང་། མཁས་དབང་ཐུབ་བསྟན་ཕུན་ཚོགས་སོགས་མཁས་པ་མང་པོས་དགོངས་ཚུལ་གསུངས་ཡོད་ས་རེད། མ་གཞི་སོག་པོ་སྟག་ཁྲིད་ཀྱི་རི་མོའི་མཚོན་དོན་སྐོར་ལ་རི་མོ་འདི་དུས་ནམ་ཞིག་ལ་དར་བ་ནས་འཚོལ་དགོས་ཀྱི་འདུག་སྙམ། དེ་མི་ཡར་ཡར་ཞིག་ལ་བསམ་བློ་བཏང་ནའང་མཆོན་དོན་དུ་ཨེ་འགྲོ་སྙམ།