ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་དྲེགས་པའི་ཚོགས།།
ཁ་བའི་ཡུལ་འདི་སྐྱོང་ལ་དམ་བཅའ་བརྟན།།
དགའ་གདོང་གནས་ཆུང་མ་ཅིག་སྲིད་གསུམ་རྒྱལ།།
ངོ་མཚར་ཆེ་བའི་བསྟན་སྲུང་རྒྱ་མཚོའི་ཚོགས།།
བཅོལ་བའི་འཕྲིན་ལས་རྣམ་བཞི་བསྒྲུབ་པ་ལ།།
མཆོག་གསུམ་བདེན་པས་གདོང་གྲོགས་མཛད་པར་ཤོག །
ཇ་ཆང་འདོད་ཡོན་ལྔ་ཡི་མཆོད་པ་འདྲེན།།
ཉི་ཟླ་བཞིན་དུ་གྲོགས་དང་འཕྲིན་ལས་བསྩོལ།།
བསྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་སོགས།།
ཐོག་མཐའ་མེད་ནས་བོད་འབངས་སྐྱོང་ལ་རེམ།།
དུས་རབས་ཉེར་གཅིག་འཛམ་གླིང་མི་རིགས་འདྲེས།།
ནམ་ཞིག་མི་རིགས་སྐད་ཡིག་རིག་གཞུང་བཅས།།
དཔེ་གསར་དངོས་པོའི་འཛམ་གླིང་རིག་གཞུང་བསླུས།།
ཕ་མེས་རིག་གཞུང་སྐད་ཡིག་ཡལ་བའི་དུས།།
བོང་བ་གསེར་དང་ནོར་མཁན་བསོད་ཟད་མང་།།
མ་འོངས་ལུང་བསྟན་ལས་འཕྲོ་ཅན་ལ་གཏད།།
བརྩེ་སེམས་དད་པ་བློ་ཡི་བྱེད་ལས་རག །
ཚ་གདུང་སེལ་བའི་སྨན་མཆོག་དམ་ཆོས་ཙམ།།
ཛ་དྲག་བྱས་ནས་ཉམས་སུ་མ་བླངས་ན།།
ཝ་སྤྱང་དམར་པོའི་ལུས་རྟེན་ཇི་བཞིན་རྫོགས།།
ཞི་བདེའི་རྩ་བ་བྱང་སེམས་སྟོང་ཉིད་ལམ།།
བཟང་ངན་ཡོངས་རྫོགས་འཛིན་མེད་རང་སར་ཞོག །
འུར་གཏམ་སྤེལ་ནས་དམ་ཆོས་འགྲུབ་པར་དཀའ།།
ཡ་རབས་ངོ་ཚས་ལྷ་ཆོས་ཚུལ་བཞིན་སྲུངས།།
རེ་དཱོགས་བློ་ཡི་འཆར་སྒོ་སྟོང་པ་ཉིད།།
ལམ་དང་འབྲས་བུའི་རྣམ་བཞག་དགག་སྒྲུབ་བརྒྱུད།།
ཤེས་བྱའི་གནས་ལུགས་རིག་པའི་རྒྱ་ལས་སྒྲུབས།།
ས་ལམ་འབྲས་བུ་ཕར་ཕྱིན་ཉམས་ལེན་སྲུངས།།
ཧེ་རུ་ཀ་ཡི་དགོངས་པར་མཐུན་འདོད་ན།།
ཨ་གསར་ཆོས་ལུགས་མ་འདྲེས་གནད་དུ་དཀྲོལ།།
དཀར་ཕྱོགས་སྐྱོང་ན་ནག་ཕྱོགས་ཡལ། །
ཁ་བ་བབས་ན་ཚ་རེག་ཡལ། །
དགའ་གདོང་གནས་ཆུང་ཆོས་སྐྱོང་ཚོས། །
ང་ཚོའི་བསྟན་སྲིད་སྲ་བརྟན་སྲུངས། །
དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་།
ཁ་བའི་ཡུལ་གྱི་ནག་ཕྱོགས་ཀུན་།
གར་སོང་ཆ་མེད་སྡུལ་དུ་སློག་།
ང་མཚར་གནས་འདིར་བཤེགས་སོ་གསོལ་།