—རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་སའི་ལྷ་མོ་བསྟན་མ་ལ་ཕྱག་འཚལ་ལོ།།
༡ ཇི་ལྟར་སོ་ཀའི་འབྲུག་སྒྲ་བཟང་པོ་ཡིས། །
སྐྱེ་དངོས་མཐའ་དག་གཉིད་ལས་སློང་བ་བཞིན། །
ལྷག་བསམ་སྤྲིན་གྱི་མགྲིན་པ་ལས་སྐྱེས་པའི། །
ལེགས་བཤད་འབྲུག་སྒྲ་དེ་རིང་སྒྲོགས་པར་བྱེད། །
༢ དོག་མོའི་ས་ནི་ཁྱིམ་གཞི་འདྲ་བ་སྟེ། །
ཨ་སྔོན་གནམ་ནི་གོན་རྒྱུའི་གོས་དང་མཚུངས། །
གཙང་མའི་རླུང་དང་ཆུ་བོ་ནགས་ཚལ་སོགས། །
སྤྱི་མཐུན་བསོད་ནམས་དཔལ་ལས་འཁྲུངས་པ་ལགས། །
༣ སྔོན་ཆད་འཛམ་བུ་གླིང་གི་ཡུལ་ཁམས་འདིར། །
ས་གཞི་རྒྱ་ཆེ་ཐོན་ཁུངས་རྣམ་གྲངས་མང་། །
མི་གྲངས་ཉུང་ལ་འཛད་སྤྱོད་འགྲོ་སོང་ཆུང་། །
འཚོ་ཐབས་རང་བྱུང་སྣོད་ཀྱི་བཀོད་པར་འཐུན། །
༤ མ་གཞི་དངོས་པོ་གང་དང་གང་ཡིན་ཡང་། །
གཤིས་དང་མཐུན་པའི་གྲུབ་ལུགས་གནས་སྟངས་སོགས། །
སྲིད་པ་རྒན་པོ་རང་གི་ལུགས་ཤིག་ཡོད། །
དེ་ལས་བརྒལ་ན་མཇུག་འབྲས་ངན་པ་འོང་། །
༥ རྩི་ཤིང་སྐྱེ་དངོས་ཤིག་ལ་ཆ་བཞག་ན། །
ཆུ་དང་བྲལ་ན་གཏན་ནས་མི་སྐྱེ་ཤིང་། །
ཉི་མ་མེད་ན་ལེགས་པར་མི་སྨིན་པས། །
བསིལ་དྲོད་སྙོམ་པའི་ཆ་རྐྱེན་དགོས་པ་ཡིན། །
༦ རི་མཐོ་ས་གཙང་ཁ་བ་ཅན་གྱི་ལྗོངས། །
གངས་རི་མཐོན་པོ་དག་གི་དབུས་སུ་གནས། །
གངས་ཀྱི་རི་བོ་ཇོ་མོ་གླང་མ་སོགས། །
སྲིད་པའི་འཁྱགས་ཀླུང་ཆེན་པོའི་མགོ་ཁུངས་ཡིན།།
༧ ཁ་འབབ་རྣམ་གཞི་རྨ་རྫ་འབྲི་ཆུ་སོགས། །
ཆུ་བོ་ཆེན་པོ་མང་པོ་འདི་ནས་འབབ། །
མདོར་ན་བོད་འདི་འཛམ་གླིང་ཡང་རྩེ་སྟེ། །
གཙང་མའི་རླུང་དང་ཆུ་ཡི་ཕ་ས་ལགས། །
༨ བླ་མའི་ཞལ་ན་ཁོར་ཡུག་སྲུང་སྐྱོབ་མཆིས། །
མཁས་པའི་གྲལ་ན་ཁོར་ཡུག་སྲུང་སྐྱོབ་གླེང་། །
དཔོན་པོའི་འདུ་ར་དམངས་ཀྱི་ཚོང་འདུས་སོགས། །
མདོར་ན་ཚང་མས་ཁོར་ཡུག་སྲུང་སྐྱོབ་གླེང་། །
༩ ཁོར་ཡུག་སྲུང་སྐྱོབ་གོ་ལའི་སྤྱི་ཆུས་ཡིན། །
ཁོར་ཡུག་སྲུང་སྐྱོབ་སྒེར་གྱི་དོན་ཆེན་ཡིན། །
ཁོར་ཡུག་སྲུང་སྐྱོབ་སྐབས་དོན་ལས་འགུལ་ཡིན། །
ཁོར་ཡུག་སྲུང་སྐྱོབ་རང་གཞན་གཉིས་ཕན་ཡིན།
༡༠ ཉེ་ཆར་ཧྥ་རིན་སི་ཡི་རྒྱལ་ཁབ་སུ། །
འཛམ་གླིང་གནམ་གཤིས་སྐོར་གྱི་ཚོགས་ཆེན་འཚོགས། །
སྟོབས་ཆེན་རྒྱལ་ཁབ་ཚང་མས་ཆ་ཤས་བླངས། །
སེམས་འཚབས་ཆེན་པོས་ཁོར་ཡུག་སྲུང་སྐྱོབ་བཤད། །
༡༡ གངས་རི་ཞུ་ནས་གཡའ་སྔོན་སྒལ་བ་མངོན། །
གཙང་ཆུ་བསྐམས་ནས་གྲམ་རྡོ་ལྷང་ལ་བུད། །
བྱེ་རླུང་འཚུབས་མས་རྩྭ་ཐང་རིམ་གྱིས་ཁེབས། །
ཆར་ཆུ་མི་སྙོམ་དབྱར་དགུན་དྲོ་གྲང་ལྡོག །
༡༢ པེན་ཅིང་གྲོང་ཁྱེར་ལྡི་ལི་གསར་པ་གཉིས། །
སྟོབས་ཆེན་རྒྱལ་ཁབ་ཆེན་གཉིས་ཀྱི་རྒྱལ་ས་ཡིན། །
ཚན་རྩལ་རིག་གནས་ཚད་མཐོར་བསླེབས་ན་ཡང་། །
གཙང་མའི་རླུང་ནི་ཉོས་ཀྱང་མི་ཁུག་གོ །
༡༣ ས་ཡོམ་ཆུ་ལོག་དབྱར་དགུན་གོ་ལྡོག་སོགས། །
རང་བྱུང་འབྱུང་བ་འཁྲུགས་པའི་ཉེན་བརྡ་ཡིས། །
འཛམ་གླིང་ཡོངས་ལ་འཇིགས་སྣང་སྐུལ་བཞིན་ཡོད། །
འདི་ཡི་རྒྱུ་རྐྱེན་ང་ཚོས་བཟོས་པ་ཡིན། །
༡༤ འོ་ན་ཁོར་སྲུང་ཐབས་ལམ་ཅི་ཞིག་ཡོད། །
མི་རེ་ངོ་རེས་ཐུབ་པའི་ལས་དོན་ཏེ། །
ལག་ལེན་དངོས་དང་ཉེ་བ་ཅི་འདྲ་ཡོད། །
ང་ཚོ་ཚང་མས་བསམ་བློ་གཏོང་དགོས་སོ། །
༡༥ སྤྱི་བའི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་དགོས། །
སྒེར་གྱི་ཆེད་དུ་གཙང་སྦྲ་འཕྲོད་བསྟེན་དགོས། །
མ་གཞི་ཁོར་སྲུང་དང་ནི་འཕྲོད་བསྟེན་གཉིས། །
ཕན་ཚུན་གཉིས་ཀ་གཅིག་ལ་གཅིག་རྟེན་ཡིན། །
༡༦ བཙང་མའི་གནས་དང་ཁོར་ཡུག་མ་མཆིས་ན། །
གཙང་སྦྲ་འཕྲོད་སྟེན་ཟེར་བ་ཡོང་ཐབས་མེད། །
གཙང་སྦྲ་འཕྲོད་བསྟེན་ཡག་པོ་མ་ཡོད་ན། །
ལུས་དང་སེམས་ཀྱི་བདེ་ཐང་དེ་བས་མེད། །
༡༧ གཅིག་ལ་གཙང་སྦྲ་འཕྲོད་བསྟེན་མ་མཆིས་ན། །
དེ་ཡི་ཤུགས་རྐྱེན་གཞན་དང་གཞན་ལ་བགོ །
འོ་མའི་ནང་དུ་ཁྲག་ཐིགས་བོ་བ་བཞིན། །
གཞན་གྱི་བདེ་ཐང་ལ་ཡང་གནོད་པ་ཡིན། །
༡༨ དཔེར་ན་དུད་འཐེན་གཅིག་དང་ཐག་ཉེ་ན། །
དུད་འཐེན་མིན་པ་དེ་ཡི་གློ་བར་ཡང་། །
ཤིན་ཏུ་ཚབ་ཆེའི་གནོད་སྐྱོན་ཐེབས་པའི་ཚུལ། །
ཚན་རིག་མཁས་པས་ཡང་ཡང་བཤད་པ་བཞིན། །
༡༩ ཧོང་ཀོང་ཐའེ་ཝན་འཇར་པན་སོགས་ཀྱི་མི། །
ལོ་ཚོད་ལྔ་བཅུ་དྲུག་བཅུར་བསླེབས་པ་ཡང་། །
ཕར་ལ་བལྟས་ན་སུམ་ཅུ་བཞི་བཅུ་ཙམ། །
བརྒྱད་ཅུ་རང་མགོ་ཐོན་པ་ཧ་ཅང་མང་། །
༢༠ བོད་ཀྱི་མི་རྣམས་རྒས་པར་བསླ་བ་ཡང་། །
གནམ་གཤིས་གྲང་དང་ཆ་རྐྱེན་ཞན་པ་སོགས། །
ཕྱི་ཡི་རྒྱུ་རྐྱེན་གཞན་ཡང་ཡོད་མོད་ཀྱི། །
གཙོ་བོ་སྒེར་གྱི་འཕྲོད་བསྟེན་ཞན་པས་ཡིན། །
༢༡ འཕྲོད་བསྟེན་སྐོར་གྱི་རྒྱུན་ཤེས་སློབ་སྦྱོང་གྱིས། །
གཙང་སྦྲའི་ཕྱོགས་ཀྱི་ལག་ལེན་གོམས་འདྲིས་གནོངས། །
ལུགས་གཉིས་ཕུགས་བསམ་ཅན་གྱི་མི་རྣམས་ལ། །
ལུས་ཀྱི་བདེ་ཐང་མ་རྩ་ཆེ་ཤོས་ཡིན། །
༢༢ མི་ཡི་ལུས་འདི་འོ་གཤིགས་འཕྲུལ་ཆས་འདྲ། །
ཉིན་རེ་བཞིན་དུ་གཙང་འཁྲུད་ལེགས་སྒྲིག་དགོས། །
ལུས་ཀྱི་རྟེན་འབྲེལ་ཕྲ་རགས་གང་ཡིན་ཡང་། །
མདུང་ཁྱིམ་བཞིན་དུ་གཅིག་ལ་གཅིག་རྟེན་ཡིན། །
༢༣ ཆུ་ཡིས་སྣུམ་གྱི་ཚབ་བྱེད་མི་སྲིད་ལྟར། །
དུག་ལྡན་ཟས་ཀྱིས་ལུས་ཟུངས་འཚོ་མི་སྲིད། །
རྫས་འགྱུར་ཟས་ངན་ཆུ་དང་འདྲ་བ་སྟེ། །
ལུས་ཀྱི་རླངས་འཁོར་འཕྲོ་བརླགས་བྱེད་པ་ཡིན། །
༢༤ ཉིན་རེ་ཐ་མག་རྐང་བཅུ་འཐེན་པའི་མིས། །
གལ་ཏེ་ཕྱེད་ཙམ་ཉུང་འཕྲི་བྱེད་ཐུབ་ན། །
ཞག་པོ་སུམ་བརྒྱ་དྲུག་ཅུ་རྩ་ལྔའི་རིང་། །
དུད་རྐང་གཅིག་སྟོང་བདུན་རྒྱ་ལྔ་བཅུས་ཉུང་། །
༢༥ དེ་ཡི་ཚོད་ཀྱི་རང་གི་ལུས་པོ་དང་། །
ཁོར་ཡུག་འབག་གཙོགས་ཉུང་དུ་བཏང་བ་སྟེ། །
དེ་འདྲ་གཅིག་ནས་བཅུ་སོགས་གྲངས་འཕེལ་ན། །
དངོས་ཡོད་གྲུབ་འབྲས་ཧ་ཅང་ཆེན་པོ་ཡིན། །
༢༦ ལོ་གཅིག་སྔོན་ལ་འཇར་པན་ས་ཆ་རུ། །
མི་མང་ཁྲི་ཚོ་འགའ་ཡི་འདུ་འཛོམས་ཤིག །
མི་ཚོགས་གྲོལ་ཚེ་ཚོགས་ཁང་ཕྱི་ནང་ནས། །
གད་སྙིག་ཤོག་ལུད་ཙམ་ཡང་མི་འདུག་ཟེར། །
༢༧ དེ་ཡི་རྒྱུ་མཚན་མི་རེ་ངོ་རེ་ནས། །
དགེ་འདུན་རང་སྒྲིག་བ་རྔ་རང་ལྕག་གིས། །
སོ་སོའི་གད་སྙིགས་སོ་སོས་བསྡུས་པས་རེད། །
དེ་ལ་རྒྱལ་སྤྱིའི་གསར་འགོད་པས་ཀྱང་བསྔགས། །
༢༨ རི་རྒྱ་ཀླུང་རྒྱས་ཁོར་ཡུག་སྲུང་བ་དང་། །
ལམ་འཕྲང་བསལ་དང་ཤིང་འཛུགས་ནགས་འདེབས་སོགས། །
བོད་ལ་སྔར་ནས་དར་བའི་ཁོར་སྲུང་སྟེ། །
རྒྱུན་འཛིན་དར་སྤེལ་འོས་པའི་སྲོལ་བཟང་ཡིན། །
༢༩ གཞུང་ལམ་གློག་སྡོང་གློག་སྐུད་སྤྱི་གླིང་སོགས། །
གཞུང་གི་རྒྱུ་དངོས་ཡོ་ཆས་གང་ཡིན་ཡང་། །
རང་གི་རྒྱུ་དང་འདྲ་བར་གཅེས་སྤྲས་དགོས། །
འདི་ཡིས་རང་གཞན་གཉིས་ལ་ཕན་པ་ཡིན། །
༣༠ ཁོར་ཡུག་སྲུང་སྐྱོབ་ཟེར་བ་ལག་ལེན་ཡིན། །
ལག་ལེན་སྔོན་ལ་དགོས་པ་བསམ་བློ་ཡིན། །
ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ནི། །
དེ་ཡི་ཕྱོགས་ལ་སློབ་སྦྱོང་བྱས་ལས་འབྱུང་། །
༣༡ ཁོར་ཡུག་སྲུང་སྐྱོབ་ཕྱོགས་ལ་དོ་སྣང་བྱོས། །
དེ་ནི་ཁོར་སྲུང་གོམ་པ་དང་པོ་ཡིན། །
དེ་ནས་ཁོར་ཡུག་གོ་རྟོགས་ཆེ་རུ་གཏོང་། །
དེ་ནི་ཁོར་སྲུང་གོམ་པ་གཉིས་པ་ཡིན། །
༣༢ དེ་ནས་དངོས་སུ་ཁོར་ཡུག་སྲུང་སྐྱོབ་བྱེད། །
གང་ཐུབ་ཅི་ཐུབ་གང་ནུས་ཅི་ནུས་ཀྱིས། །
ལྗང་མདོག་ཅན་གྱི་ཁོར་ཡུག་བསྐྲུན་པ་དང་། །
བདེ་ཐང་ཅན་གྱི་རྟེན་གཞི་འཛུགས་པར་བྱེད། །
༣༣ ཁ་བཏགས་ཚབ་ཏུ་གོས་ཆེན་ཐག་མགོ་འདྲུད། །
རླངས་འཁོར་ཕྱི་ལ་ཟ་འོག་དགུ་བརྩེགས་བཀོན། །
མི་གཅིག་སྔུན་ལ་ཟས་རིགས་སྣ་དགུ་བཤམས། །
འདི་དག་མི་དགོས་ས་ལ་མང་བ་ཡིན། །
༣༤ རིན་ཐང་ལྡན་པའི་རྒྱན་ཆ་བཏགས་ཀྱང་ཆོག །
ཁ་ལ་ཞིམ་པའི་བཟའ་བཏུང་རོལ་ཡང་རུང་། །
གྲངས་ཚད་མ་འགྲན་སྤུས་ཚད་འཚོལ་སྙེགས་བྱོས། །
འདི་ནི་དེང་གི་ཡ་རབས་འཚོ་བ་ལགས། །
༣༥ ལྗོན་ཤིང་མང་ན་ཆར་ཆུ་མོད་པ་ཡིན། །
ལྗོན་ཤིང་མང་ན་མཁའ་རླུང་གཙང་བ་ཡིན། །
ལྗོན་ཤིང་མང་ན་དྲོ་གྲང་སྙོམས་པ་ཡིན། །
ལྗོན་ཤིང་མང་ན་བྱེ་རླུང་འགོག་པ་ཡིན། །
༣༦ མདོར་ན་ལྗོན་ཤིང་ཡིད་བཞིན་ནོར་བུ་བཞིན། །
མི་རྣམས་ཀུན་གྱི་རེ་བ་བསྐོང་བ་སྟེ། །
སྟོན་པའི་མཛད་པ་བཅུ་གཉིས་ཕལ་མོ་ཆེ། །
ལྗོན་ཤིང་དྲུང་དུ་བསྟན་པ་དེ་ལྟར་ལགས། །
༣༧ སྟོན་པས་ཐོག་མར་རྩྭ་ཡི་ཕོན་པོ་བླངས། །
དེ་ནས་ཤིང་དབང་དྲུང་དུ་ཏིང་འཛིན་བསྒོམས། །
སླར་ཡང་པདྨའི་གདན་ལ་ཆོས་འཁོར་བསྐོར། །
ཐུབ་པ་དེ་ལྟར་རང་བྱུང་ཁམས་ལ་དགྱེས། །
༣༨ རང་བྱུང་ཆེན་པོའི་མཛེས་པའི་ཞལ་རིས་ཀྱིས། །
ཡིད་མི་འཕྲོག་པའི་སྐྱེ་བོ་སུ་ཡང་མེད། །
རང་བཞིན་ཉིད་ཀྱིས་ཆགས་པའི་མཛེས་པ་དག །
གཏོར་བརླགས་བྱེད་པའི་ཐོབ་ཐང་མི་ལ་མེད། །
༣༩ ས་འདི་སྐྱེ་འགྲོ་ཚང་མའི་སྤྱི་ནོར་ཏེ། །
བུ་རབས་ཚ་རྒྱུད་དག་གི་རྟེན་ས་ཡིན། །
མགྲོན་པོ་ཞོགས་པ་ལངས་ཏེ་འགྲོ་ན་ཡང་། །
མགྲོན་ཁང་མེ་ལ་སྦོར་བ་ཅང་སྲིད་དམ། །
༤༠ གཏེར་ཁ་ཚོད་མེད་རྔོགས་འདོན་བྱེད་པ་དང་། །
ལྗོན་ཤིང་ཚད་མེད་གཅོད་འབྲེག་བྱེད་པ་དང་། །
རི་དྭགས་ཚད་མེད་བརྔོན་གསོད་བྱེད་པ་སོགས། །
རང་གིས་སྤོངས་ཤིང་གཞན་ལ་བཀག་འགོག་དགོས། །
༤༡ ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྤྱི་ཆིངས་དང་། །
རྒྱལ་ཁབ་རིམ་པའི་འབྲེལ་ཡོད་གཏན་འབེབ་སོགས། །
གལ་ཆེའི་སྲོལ་ཡིག་ཁག་ལ་སློབ་སྦྱོང་བྱོས། །
ཁྲིམས་དང་མཐུན་པའི་ཁེ་དབང་བརྩོན་ལེན་དགོས། །
༤༢ རང་རེའི་མི་རྣམས་ཡིག་རྨོངས་མང་བ་དང་། །
ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་མི་ཤེས་པས། །
ལས་བྱེད་ཚོང་བ་ཁྱི་སྤྱང་ལག་སྦྲེལ་གྱིས། །
ཁྲིམས་འགལ་ལས་ཀ་བྱེད་མཁན་མང་པོ་ཡོད། །
༤༣ དེ་སོགས་ཡུལ་དང་དུས་ལ་མི་འཚམས་ཤིང་། །
རྒྱལ་ཁབ་རང་གི་ཁྲིམས་དང་འགལ་བའི་རིགས། །
ང་ཚོས་ཤེས་ནས་ཐེར་འདོན་མ་བྱས་ན། །
ངན་པ་ལངས་ཤོར་ཧམ་པ་ཚོད་མེད་ཡིན། །
༤༤ དབྱར་རྩྭ་བརྐོ་དང་སྨན་ལྡུམ་འཐུ་བ་སོགས། །
མ་བྱས་ཐབས་མེད་ངལ་རྩོལ་དགོས་ན་ཡང་། །
ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྩ་དོན་དང་། །
མི་འགལ་སྙོམས་སྒྲིག་བྱེད་པར་དོ་སྣང་དགོས། །
༤༥ མཚོ་གཏེར་སྦ་དང་ཇོ་དར་སྒྲོན་པ་སོགས། །
ངོ་བོའི་ཆ་ནས་དགེ་ལས་ཡིན་ན་ཡང་། །
རྣམ་པའི་ཆ་ནས་ཁོར་སྲུང་རྩ་དོན་དང་། །
མི་འགལ་སྤུས་ཚད་ལོངས་པ་ཅིས་ཀྱང་དགོས། །
༤༦ དེ་བཞིན་ཉ་དང་དུད་འགྲོའི་སྲོག་བླུ་ཡང་། །
སྐྱེ་ཁམས་ཁོར་ཡུག་རང་གི་གནས་སྟངས་བཞིན། །
ཆེད་ལས་མཁས་པའི་ལམ་སྟོན་ཐོབ་བྱས་ཏེ། །
མཐའ་གཉིས་སྤངས་པའི་ལེགས་སྒྲིག་ངེས་པར་འོས། །
༤༧ འགྱིགས་རིགས་རུལ་དཀའི་རས་དང་ཁ་རྒྱུན་སོགས། །
གྲངས་ཀ་སྟོང་དར་ལོངས་པའི་དར་ཅོག་ལས། །
ཁོར་ཡུག་འབག་གཙོགས་ཆུང་ཞིང་གཙང་བ་ཡི། །
སྤུས་ལྡན་རས་ཀྱིས་བརྒྱ་དར་འདེབས་པ་བཟང་། །
༤༨ མདོར་ན་དེ་སོགས་སྤང་བླང་ཕྲ་རགས་རིགས། །
བཤད་ན་བཤད་རྒྱུ་མང་པོ་འདུག་ན་ཡང་། །
གནས་སྐབས་དེ་འདྲ་ཞིག་གིས་ཆོག་པ་བྱེད། །
ལྷག་མ་སོ་སོས་དཔྱད་ནས་ལག་ལེན་མཛོད། །
༤༩ ཚིག་གི་སྦྱོར་བ་ཤིན་ཏུ་སྟབས་བདེ་ཞིང་། །
ངེས་པའི་གོ་རིམ་ཏན་ཏན་མ་བྱུང་ཡང་། །
ཕན་པའི་བསམ་པས་བྲིས་པའི་ཚིགས་བཅད་འདིས། །
ཁྱེད་ལ་ཅུང་ཟད་ཕན་པར་ལ་ཐང་མེད། །
༥༠ འདི་བྲིས་དགེ་བ་ཅུང་ཟད་བསགས་པ་ཡི། །
རྣམ་པར་དཀར་བའི་འབྲས་བུ་མཆིས་པ་དེས། །
རིན་ཆེན་བདུན་གྱིས་མཛེས་པའི་འཛམ་བུ་གླིང་། །
རྫོགས་ལྡན་དུས་བཞིན་བདེ་དགས་འཚོ་བར་ཤོག །
ཅེས་པ་འདི་ནི། དྲ་གྲོགས་ཤིག་གི་སྐུལ་ངོར། སྤྱི་ལོ་༢༠༡༥ཟླ་༡༢ཚེས་༢༦ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷེ་ཏའི་ཡུལ་གྱི་སའི་ཆར་གནས་པ། གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོའི་གླིང་ནས་སྦྱར་བའོ། །
དེང་སང་བླ་སྤྲུལ་འདིའི་རིགས་ཁོར་ཡུག་སྲུང་སྐྱོབས་ཟེར་ནས་འུར་ལངས་ཡོང་གི་འདུག་གང་ཤེས།། དགོས་པའི་ཉམས་ལེན་མི་གནང་མི་དགོས་པའི་ཁོར་ཡུག་དང་ཚན་རིག་ཟེར་ནས་བྱ་དགའ་ཞིག་ཐོབ་ཐབས་མིན་ནམ།། གང་ཤེས་སྔར་མ་གྲགས་པའི་གཏམ་མང་པོ་ཡོང་གི་འདུག དུད་འགྲོའི་སྲུང་སྐྱོབས་ཀྱི་ཚོགས་པ་ཟེར་ནས་་་རང་ཉིད་དུད་འགྲོའི་ཤ་ཟ་པགས་པ་གྱོན་ནས་ཕྱི་ལ་ཐོན་ཐུབ་པ་འདི་ངོ་མ་གང་ཤེས།། མི་ཟེར་མཁན་འདི་ཅི་བགྱིད་འདི་བགྱིད་མི་འདུག
ཁོར་ཡུག་སྲུང་སྐྱོབ་དཔལ་འབྱོར་འདུ་འགོད་མིན་།
ཚ་དྲོད་འཕར་ཚད་དཔལ་འབྱོར་འདུ་འགོད་མིན་།
འཇིག་རྟེན་མི་དང་འཇིག་རྟེན་ས་གཞི་འདི་།
འབྱུང་བ་ལྔ་ལ་བརྟེན་ནས་འཚོ་བཞིན་གནས་།
ས་ཆུ་མེ་རླུང་ནམ་མཁའ་འཁྲུགས་པའི་ཚེ་།
འཇིག་རྟེན་མི་ལ་ན་རྒྱུ་ཚ་རྒྱུ་མང་།
འཇིག་རྟེན་ས་གཞིར་གནོད་འཚེ་ས་ཡོམ་སོགས་།
ཐམས་བཅས་བྱེད་པོ་འབྱུང་བ་འཁྲུགས་པའི་ལན་།
འཁོར་ཡུག་སྦག་རྩོག་ཚ་དྲོད་འཕར་ཚོད་སོགས་།
དཔལ་འབྱོར་འདུ་འགོད་མཁས་པའི་མགོ་སྐོར་ཙམ་།
འཇིག་རྟེན་འཕོ་འགྱུར་འབྱུང་བའི་དབང་འོག་གནས་།
དེ་ཕྱིར་མི་མང་མགོ་སྐོར་མ་གཏོང་རོགས་།
གོང་ས་ཏཱ་ལའི་བླ་མ་སྨྲོས་མེད་ཐོག རྒྱ་དབང་འབྲུག་པ་དང་།་རྫོང་གསར་མཁྱེན་བརྩེ། མཁན་པོ་བསོད་དར་རྒྱས་སོགས་ཀྱིས་འཛམ་གླིང་སྣོད་བཅུད་ལ་ཕན་བདེ་རྒྱ་ཆེར་བསྐྲུན་པས་སྲིད་ན་མཐོ་བའི་གཟེངས་རྟགས་མང་པོ་བཞེས་པར་བརྟེན། དེ་རིང་ཁར་སང་འདི་ན་ཡང་ནང་པ་སངས་རྒྱས་པའི་བླ་མ་སྤྲུལ་སྐུ་ཚོར་གཟེངས་རྟགས་ཐོབ་པའི་སེམས་ཁྲལ་བྱེད་མཁན་རེ་ཟུང་འདུག མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི།།དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།ཅེས་པ་དེ་དྲན་སོང་།
འདི་གཅིག་གཟིགས་རོགས།
http://mp.weixin.qq.com/s?__biz=MzIxMjA2Mzk5Nw==&mid=403497799&idx=5&sn=830c8e0c9a44ee12d987532e61da44f7&scene=2&srcid=1230ttOz9nOqpfjHgqlpWstR&from=timeline&isappinstalled=0#wechat_redirect
གཟེངས་རྟགས་ལ་བརྔམ་ནས་འཁོར་
ཡུག་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་ཡོད་ན་ཀུན་སློང་ཡང་དག་མ་རེད་ནོར་བ་རེད་ཐུགས་རྗེའི་གཟིགས་།
ཉེ་ཆར་རྒྱུད་སྨད་དུ་༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་དྲན་མཛད་སྒོའི་ཉིན། “གང་ལྟར། ཁྱེད་རང་ཚོས་སྔོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་བསམ་བློ་འཁོར་གྱི་མེད་ནའང་། ཞི་བདེའི་གཟེངས་རྟགས་ཤིག་ཐོབ་ན་བསམས་ནས་ཨུ་ཚུགས་བརྒྱབ་ཤོག་ཨ་”ཅེས་བཀའ་ཕེབས་པ་ལྟར། ཁོར་ཡུག་སྲུང་སྐྱོབ་ལའང་དེ་དེ་བཞིན་རེད། ཤུགས་བརྒྱབ་ཤོག་ཨ།
རྫ་ཚེ་རིང་བཀྲ་ཤིས་འདི་ན་དངོས་ནས་མི་མཐུན་ལམ་དང་རིས་མེད་མཁས་བཙུན་གཉིས་ལྡན་ཞིག་ཡོད་པ་སྨོས་མེད་རེད། སྤོབས་པ་མཐའ་ཡས་ཀྱིས་ཞལ་ཤར་དང་གླུད་ནུབ་ལ་གཡུགས་འདུག ངོ་མ་བཤད་ན་བོད་མིའི་སྐྱབས་མགོན་དང་བླ་མ་ཞིག་གི་ངོས་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ན་བོད་ལ་རང་དབང་ཞི་བདེ་ཡོད་པ་ཁས་ལེན་ཚར་བ་རེད། རྒྱ་མི་ལ་བདེན་ཁ་སྟེར་ཚར་བ་རེད། གཟེངས་རྟགས་བཞེས་མཁན་དང་མི་བཞེས་སྣང་མེད་གཏོང་བ་དག་ལ་བལྟས་ན་ངོམ་ཆོག་པ་ཞིག་ཅི་དྲན་མ་སོང་།ཚོང་ལས་རང་རེད།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལེགས་པར་བྲིས་གནང་འདུག་དེའི་སྐོར་ནས་གང་ཡང་གླེང་རྒྱུ་མེད། །
ཕྱི་སྣོད་འཇིགས་རྟེན་གྱི་ཁོར་ཡུག་དང་ནང་བཅུད་སེམས་ཅན་གྱི་ཁོར་ཡུག་གཉིས་སུ་དབྱེ་ན་ཆོག་པར་སྙམ། ཡིན་ནའང་་་ཁོར་ཡུག་་་ཅེས་པའི་མིང་ཚིག་འདིའི་ཁྱབ་རྒྱ་ཆེ་ལོད་ག་ཙམ་ཞིག་ཡིན་ཤོད་མི་ཤེས། དེང་སང་འཛམ་གླིང་གི་དཔོན་ཆེན་ཚོས་སྒྲོག་བཞིན་པ་འདི་ནི་་་རང་འབྱུང་ཁམས་་་སྲུང་སྐྱོབ་ལྟ་བུ་རྒྱ་ཆེ་ས་ཞིག་ནས་གླེང་བཞིན་ལྟ་བུར་སྣང།
རང་བཞིན་རྣལ་མར་དུ་གནས་པ་རྣམས་གནས་སུ་མི་འཇུག་པར། བཅོས་བསྒྱུར་གཏོང་ཡ་ལ་ཧ་ཅང་ཐུགས་བརྙེས་པོ་ཡོད་པའི་ལྟ་གྲུབ་ཅིག་གིས། རང་མལ་དུ་ཇི་ལྟར་གནས་པ་བཞིན་གནས་སུ་འཇུག་པའི་ཁོར་ཡུག་སྲུང་སྐྱོབ་ཅེས་པ་དེ་ག་འདྲ་ཞིག་བྱ་བར་རྔམ་པ་ཡིན་ནམ། རང་རང་གི་གཞི་རྩའི་ལངས་ཕྱོགས་ཀྱི་བསམ་བློའི་ཐོག་ནས་སྐད་ཆ་ཤོད་དགོས་པ་རེད། འཇིགས་རྟེན་བདེ་ཞིང་སྐྱིད་པའི་ཁོར་ཡུག་སྲུང་སྐྱོབ་ཅེས་པ་དེ། སྡོང་པོ་དང་གཙང་ཆུ་དང་མེ་ཏོག་ལྟ་བུའི་དངོས་པོ་གཅིག་པུར་སྲུང་སྐྱོབ་བྱེད་པ་ལ་གོ་བ་ག་ལ་ཡིན། རང་ཉིད་ད་ལྟར་ལངས་སའི་རྐང་པ་དེ། གཞི་དང་རྩ་བ་ནས་སྔོན་བཀག་གསར་བཟོས་བྱས་པའི་ལམ་ལུགས་ཅིག་གི་ཐོག་ཏུ་ལངས་ཡོད་དུས། སེམས་ཁམས་གནས་ལུགས་ཀྱི་ཐོག་ནས་སྐད་ཆ་བཤད་ན། འགྲོ་བ་སེམས་ཅན་ཀུན་གྱི་རང་རང་གི་ཕ་མེས་ཡང་མེས་ནས་མ་བཅོས་པའི་འཚོ་གནས་འདི་དང་། འདིར་གདོད་མ་ནས་རང་བཞིན་རང་མལ་དུ་གནས་པའི་སྐྱེ་འགྲོ་སུ་དང་གང་ལའང་དོ་ཕོག་མེད་པར། ཁྱེད་ཚོས་ཁོར་ཡུག་སྲུང་སྐྱོབ་ཅེས་པ་དེ་སྔོན་ཅི་ལྟར་བྱས་པ་དང་མ་འོངས་པར་ཇི་ལྟར་བྱ་འདོད་པ་ཡིན་ནམ། །
རྒྱ་མིས་གང་སར་དྭངས་བའི་གཙང་ཆུ་བཀག་ནས་འཕྲུལ་གློག་བཟོས་པ་དང་བོད་པས་ཅི་དགར་མཐོ་བའི་རི་མགོ་བཏུབས་ནས་སྐུ་འདྲ་བཞེངས་པ་གཉིས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་ནས་ཁྱད་པར་གང་ཡོད་དམ། །
བསམ་འཆར་ཙམ་ཡིན་ནོ། །