དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་ཨ་བྷི་ཥིཉྩ་ཡེ།
༡༽ སྙིང་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས།།
མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས།།
མཐུ་སྟོབས་ནུས་ལྡན་ཕྱག་ན་རྡོ་རྗེ་མཆོག།
རིགས་གསུམ་ཀུན་འདུས་ཛམ་གླིང་གེ་སར་རྒྱལ།།
༢༽ གངས་རིས་ཕྲེང་བས་བསྐོར་བས་བསིལ་ལྗོངས་སུ།།
གངས་དཀར་གཙང་ཆབ་ཛམ་གླིང་འཛིན་མའི་སྲོག།
སྙིང་ཁམས་གསོ་བའི་བདུད་རྩིའི་ཆུ་ཀླུང་རྣམས།།
འཇིག་རྟེན་ཁམས་སུ་ཡུན་རིང་བབས་གྱུར་ཅིག།
༣༽ གོ་ལའི་གཞི་ཁྱིམ་མི་འཐོར་འཛིན་པ་བྱེད།།
རྩི་ཤིང་ནགས་ཚལ་རྒྱས་པའི་སྲོག་རྒྱུ་བྱེད།།
ལུས་ཁམས་ལང་ཚོ་དར་བའི་འཚོ་ཐབས་བྱེད།།
གངས་ཅན་གཙང་བོ་གླིང་འདིར་མེད་ཐབས་མེད།།
༤༽ དཔྱིད་ཀའི་སོ་ནམས་དབངཐང་ཆུ་ཡིས་སྟེར།།
དབྱར་གྱི་སྐྱེ་དངོས་བཀྲ་མདངས་ཆུ་ཡིས་སྦྱིན།།
སྟོན་གྱི་འབྲུ་དྲུག་སྙིང་པོ་ཆུ་ཡིས་སྤེལ།།
གངས་ཆུ་མེད་ན་གླིང་འདིར་འཇིག་པར་ངེས།།
༥༽ ས་གཡོ་ནད་མུག་འབྱུང་བ་རྒུད་པ་ཀུན།།
གངས་ཆབ་གཙང་མ་མེད་ནས་ཉམས་པ་ཡིན།།
སྲོག་ལྡན་སྐྱེ་བོ་འཚོ་བའི་ཆུ་གཙང་ལ།།
བདག་སྐྱོང་ཡང་དག་གནང་རོགས་ཆ་ཡི་ན།།
༦༽ མདོ་དབུས་མཐོ་སྒང་མཆིས་པའི་འཁྱགས་ཀླུང་དང་།།
རྨ་རྫ་འབྲི་གཙང་རྒྱུད་པའི་ཆུ་ཀླུང་རྣམས།།
ཛམ་གླིང་འཚོ་བའི་སྙིང་ཁྲག་དྭངས་བཅུང་ཉིད།།
ཤེས་བཞིན་བཀག་འགོག་མ་བྱེད་ཆ་ཡི་ན།།
༧༽ ཁ་འབབ་ཆུ་དང་མདོ་དབུས་ཁམས་གཙང་ལ།།
གད་སྙིགས་གཡུགས་དང་ཆུ་བཀག་གློག་ཆས་བསྐོར།།
རང་བཞིན་འཁོར་ཡུག་གནོད་པའི་ལས་ངན་འདི།།
མཚམས་འཇོག་ད་ལྟ་མཛོད་ཅིག་ཆ་ཡི་ན།།
༨༽ ཕྱི་ན་གངས་དཀར་གཙང་ཆབ་གནས་བཟང་ལགས།།
ནང་ན་སངས་རྒྱས་བསྟན་པའི་རྒྱུད་འཛིན་མཆིས།།
གསང་བ་ཛམ་གླིང་ཞི་བདེའི་གདན་ས་མཆོག།
གངས་ལྗོངས་རྩ་མེད་མ་གཏོང་ཆ་ཡི་ན།།
༩༽ སྒོར་ལ་སྲེད་ནས་གཏེར་མཛོད་ཞིང་ཁམས་བརླག།
མདུན་ལམ་དབེན་ནས་ཛམ་གླིང་སྲོག་རྒྱུན་གཅོད།།
གོ་ལ་ཐ་ཕུང་སྦྱོར་བའི་དམར་ཕྱོགས་ཚོགས།།
ཡང་དག་མིག་བཟང་ཐོབ་པའི་སྨོན་ལམ་འདེབས།།
༡༠༽ ཞེ་དགུ་གློག་སྒྲོན་ཆུ་མཛོད་བསྐྲུན་པ་ན།།
སྲོག་ལྡན་མི་འཚོ་ཁྱིམ་མཚེས་རྒྱལ་ཁབ་གནོད།།
རིམ་གྱིས་གོ་ལ་འཇིག་ཅིང་གླིང་འདི་སྟོང་།།
སྣོད་བཅུད་གནོད་འཚེ་མ་བྱེད་ཆ་ཡི་ན།།
༡༡༽ གངས་ཅན་བསྟན་སྲིད་མི་ཟད་རྒྱ་མཚོ་ལ།།
གངས་ལྗོངས་རིག་གཙང་རྒྱུ་བ་རྒྱུན་མི་ཆད།།
གངས་དཀར་བསོད་ནམས་རླུང་རྟའི་སྤྲིན་ཆེན་པོས།།
ཛམ་གླིང་སྨིན་གྲོལ་བདུད་རྩི་འཕེལ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་དབང་ཕྱོགས་རྫོགས་པ་དང་པོར་རྒྱ་ནག་གསར་འགྱུར་ཁག་ཏུ་འབྲི་ཆུ་དང་ཟླ་ཆུ་དང་རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་རྒྱུད་དངོས་དང་ཆུ་ལག་ཐོག སྤྱིའི་གློག་འདོན་ཚད་ཝ་སྟོང་ཚན་ཁྲི་ཚོ་ ༣༥༨༥ ཟིན་པའི་སྐས་རིམ་ཆུ་ཤུགས་གློག་ཁང་༤༩འཛུགས་རྒྱུའི་འཆར་འགོད་ཡོད་པར་ཤེས་པའི་མོད་ལ་འཇིག་རྟེན་འདི་འཚོ་ཐབས་བྲལ་བའི་ལས་ངན་ལ་མཚམས་འཇོག་ཆེད་དུ་གང་དྲན་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་དཔལ་དགྱེས་པ་རྡོ་རྗེས་ཚིགས་སུ་བཅད་པས་གངས་ཅན་སྣོད་བཅུད་ལ་ཕན་བདེས་ཐབས་སུ་བགྱིས་པར་དགེའོ།། །།
ཆུ་མཛོད་བཟོ་བ་དང་ཆུ་གློག་འཕྲུལ་ཆས་འཛུགས་པ་སོགས་ཡུལ་སྡེར་ཕན་པའི་ཆ་རྐྱེན་དུ་འགྱུར་སྲིད་ན་ཡང་། གཙང་པོའི་རྒྱུ་ལམ་འགག་ན་གཙང་པོའི་རྒྱུད་ཀྱི་སྐྱེ་ཁམས་སྣོད་བཅུད་ལ་གནོད་སྐྱོན་ཆེན་པོ་ཐེབས་ནས་འབྱུང་བ་ཆ་མི་སྙོམས་པའི་དཀའ་ངལ་འབྱུང་ཚུལ་གྱི་སྙན་ཞུ་རིང་པོ་ཞིག་བྲིས་པ་མཐོང་སོང་། དོན་གནད་འདི་རིགས་ངོ་མ་སེམས་ཁྲལ་བྱ་འོས་པ་རེད་བསམ་བྱུང་། དཔལ་དགྱེས་པས་སྙན་ཚིག་གི་ལམ་དུ་དྲངས་པའི་ལེགས་རྩོམ་བྲིས་པར་ཐུགས་རྗེ་ཆེ་ཞུ་བ་ལགས།
ཨེ་མ་ཧོ་ཡག་གི ཡིན་ན་ཡང་ཡིག་ནོར་མང་གི ཛམ་གླིང་མ་རེད་འཛམ་གླིང་རེད། ཆུ་ཀླུང་མ་རེད་ཆུ་ཀློང་རེད། དྭངས་བཅུང་མ་རེད་དྭངས་བཅུད་རེད། འཁོར་ཡུག་མ་རེད་ཁོར་ཡུག་རེད། ཆ་ཡི་ན་ལ་གོ་རྒྱུ་མེད།
པདྨ་ལགས།
འཛམ་གླིང་མ་རེད་ཛམ་གླིང་རེད། ཆུ་ཀློང་མ་རེད་ཆུ་ཀླུང་རེད། རྒྱ་གར་ལེགསས་སྦྱར་སྐད་དུ། ཛམྦུ་དྭིབ། ཅེས་འཁོད་ཡོད། ཆུ་ཀློང་ཟེར་ན་ཆུའི་དཀྱིལ་ལ་ཤེར། ཆུ་ཀླུང་ཟེར་ན་ཆུ་བོའི་རྒྱུན་ནམ་གཙང་པོ་ལ་ཟེར། སྨད་མ་ཤེས་ན་བསྟོད་པར་འགྲོ བསྟོད་མ་ཤེས་ན་སྨད་པར་འགྲོ་བ་དེ་དྲན་ཡང་ཡང་དྲན་པར་གྱིས་ཤིག འདི་སྤྱི་ལོ་ཉི་སྟོང་བཅུ་དྲུག་གི་ལོ་གསར་གྱི་འཚམས་འདྲི་དང་པོའི་ལེགས་སྐྱེས་སུ་བཞེས་གྲོགས་མཛོད་ཅིགུ