—–ཀླུ་སྨྱོན།
ལོ་གསར་འདི་ལ་ཞོགས་པ་རེ་རེ་ཉི་མ་གཅིག་གི་ཆ་ཤས་ཏེ། །
ལོ་གསར་འདི་ལ་རྡོ་རྗེ་གདན་དུ་ཤྰཀྱ་ཐུབ་པ་རྗེས་དྲན་ཏེ། །
བླ་ཆེན་དག་གིས་ཕྱག་གཅིག་འཚལ་ཡང་གོས་ཆེན་ས་ལ་མི་འདིང་བར། །
ཐོད་ལྤགས་དེ་དག་ས་དང་རྡོ་ལ་གཏུགས་པ་ཙམ་ལ་འཇིགས་མི་བྱ། །
བླ་ཆེན་རེ་རེས་ཕྱག་མ་བཟུང་ནས་ཁྱི་ལུད་རྟ་སྦང་འཕྱག་པ་དང་། །
མཁན་ཆེན་རེ་རེས་རྒྱུགས་པ་བཟུང་ནས་གསང་སྤྱོད་གཙང་མ་བཟོ་བར་བྱ། །
ང་ཆེ་ང་བཙན་གང་ན་སུ་ཡོད་གཉོམ་ཆུང་དག་གི་གཡོག་ཏུ་རྒྱུགས། །
དེ་དག་རེ་རེ་ཚོགས་བསག་སྒྲིབ་སྦྱོང་ཁྱད་པར་དཀོར་སྦྱོང་ཡིན་པར་སྒོམས། །
སྐུ་ངོ་དག་གིས་གཞུང་ལས་ཁང་གི་སྒོ་དང་སྒེའུ་ཁུང་གཙང་མ་བཟོས། །
དགེ་རྒན་ཆེན་མོས་སློབ་མ་དག་གི་ཨོང་མགོའི་སྐྱག་པ་བཀྲུ་བ་དང་། །
སློབ་སྤྱི་མ་ལུས་ཁུག་མ་བཟུང་ནས་སློབ་གྲྭའི་གད་སྙིགས་འཐུ་བར་བྱ། །
འདི་དག་ཐམས་ཅད་མི་རིགས་ཡར་རྒྱས་ཁོར་ཡུག་གཙང་བཟོ་ཡིན་པར་སྒོམས། །
དྲ་ཚིགས་མ་ལུས་ཡིག་ནོར་མེད་པའི་སྙན་ངག་སྒྲུང་རྩོམ་སྤེལ་བར་བྱ། །
སྐད་འཕྲིན་མ་ལུས་ཚིག་རྩུབ་མེད་པའི་ཁ་བརྡ་བསླབ་བྱས་ཁེངས་པར་བྱ། །
མི་ཡི་ལག་པར་མཚོན་ཆ་མེད་པར་ཕན་ཚུན་མེ་ཏོག་གཏོར་བར་བྱ། །
སྐྱེ་བོ་རེ་རེ་འཇིག་རྟེན་འདི་ཡི་ཞོགས་པའི་ཆུ་ཐིགས་རེ་རེར་སྒོམས། །
ལོ་གསར་ཤོག་སྦག་དུ་ཞགས་འཐིབ་ཚེ་ཁ་སྣ་མ་ལུས་འགེབ་པར་བྱ། །
གནའ་བོའི་གྲོང་ལ་ཉི་འོད་ཕོག་དུས་མགྲིན་པ་བཏེགས་ནས་གླུ་ལེན་བྱ། །
ཕ་གིའི་རི་བོའི་ཕ་རོལ་ཞིག་ཏུ་དུར་ས་ཞིག་ཀྱང་སྒོམ་པར་བྱ། །
མི་ཚེ་རིང་ཡང་མི་ཚེ་ཐུང་ཡང་འཆི་བ་འདི་ཡང་གློག་བཞིན་སོམས། །
གློག་ཀླད་གྲུ་བཞིའི་མཐེབ་གཞོང་གནོན་དུས་ཁྱོད་རང་གཅིག་པོ་སྐྱོ་བར་བྱ། །
གློག་གི་རྦ་རླབས་དགུང་དུ་འཕྱུར་དུས་ངུ་ཙམ་དགོད་ཙམ་ཅིས་ཀྱང་བྱ། །
ཁེར་རྐྱང་གདུང་བ་མིག་མཐར་འཁྱིལ་དུས་སྙན་ངག་འགའ་རེ་འབྲི་བར་བྱ། །
ལོ་གསར་འདི་ལ་ཅིས་ཀྱང་རོལ་ཅེས་རང་གིས་རང་ལ་བསྐུལ་བར་བྱ། །
རྒན་རྒོན་མ་ལུས་མ་ཎི་གྱེར་བཞིན་ལྷ་ཁང་རྩིགས་པར་བསྙེས་པར་བྱ། །
གཞོན་པ་དག་གིས་ཆང་ཕོར་འགྱོག་བཞིན་ཆགས་པའི་མིག་ཟུང་དམར་བར་བྱ། །
བྱིས་པ་དག་ནི་སྣབས་ལུད་འཇིབ་བཞིན་ཀ་ར་སིལ་ཏོག་བརྐུ་བར་བྱ། །
ཡར་ལ་ལངས་དུས་མར་ལ་ཉལ་དུས་ཆུ་ཚོད་འཁོར་ལོར་བལྟ་བར་བྱ། །
ལོ་གསར་ལོ་གསར་སྒྱུ་མ་མཁན་པོའི་ལག་གི་རྫས་བཞིན་བསྒོམ་པར་བྱ། །
མི་ཚེ་མི་ཚེ་མཛེས་མ་ཞིག་གི་མེ་ལོང་བཞིན་དུ་བལྟ་བར་བྱ། །
སོ་སོ་སོ་སོ་སྟོན་ཁ་ཞིག་གི་མེ་ཏོག་རྙིད་བཞིན་བསམ་པར་བྱ། །
རེ་རེ་རེ་རེ་གསོད་སར་འཁྲིད་པའི་ལུག་ཁྱུའི་ཚུལ་ཡང་དྲན་པར་བྱ། །
འདི་ཀོ་ཤེས་ན་ཁྱེད་ལ་ཕན་ནོ་ཁྱེད་རང་སངས་རྒྱས་ག་ལ་ཡིན། །
དེ་ཀོ་རྟོགས་པས་སད་པར་འགྱུར་རོ་ཉིད་ནི་བྱང་ཆུབ་སེམས་དཔའ་མིན། །
སྙན་ངག་མཁན་དག་ཞོགས་པར་ངུ་བཞིན་སྣག་ཚ་དབུར་བའི་ལོ་གསར་འདི། །
ཁྱེད་ཀྱིས་རོལ་ཅིག་བདག་གིས་རོལ་ཆོག་འུ་ཅག་སོ་སོ་སྐྱེ་བོ་དག །
དགེ་འདུན་རྣམས་ཀྱིས་མཛེས་མ་བུ་མོར་ཆགས་པའི་སེམས་ནི་སྤོངས་བར་བྱ།།
བླ་མ་རྣམས་ནི་ཆོས་ཚོང་མེད་པར་དབེན་པའི་གནས་སུ་བསྒོམ་བཞུགས་མཛོད།།
སྤྲུལ་སྐུ་རྣམས་ཀྱང་སྐུ་སྐྱེ་གོང་མ་བཞིན་དུ་གྲོང་བདལ་ཁྱི་བཞིན་ཉུལ་བ་སྤོངས།།
མཁན་པོ་དགེ་བཤེས་རྣམས་ཀྱང་ཨའི་ཕོན་ནང་དུ་གྲོགས་མོ་འཚོལ་བ་སྤོངས།།
སྙན་དངགས་མཁན་ཀྱང་དུས་ཚོད་ཆུད་ཟོས་མ་གཏོང་དོན་ཡོད་ལོ་རྒྱུས་བྲིས།།
ཀླུ་དབང་སྙན་པའི་མགྲིན་པ་གཡང་དུ་ཆགས་ཞིང་གཞན་ཕན་རྣམ་དག་མཛད།།
ཀླུ་སྒྲུབ་གཉིས་པའི་མཚན་བཟང་འཇིག་རྟེན་གྲགས་པའི་དོན་གནས་བླ་མ་རྗེ།།
ཀླུ་སྨྱོན་བྱང་ཆུབ་སེམས་དཔའ་ལོ་གསར་རྟེན་འབྲེལ་གྲངས་མེད་དང་།།
ཀླུ་རྒྱལ་གཙུག་ན་རིན་ཆེན་ལྟ་བུའི་ལོངས་སྤྱོད་དགའ་སྟོན་ཞུ།།
སྔ་འགྱུར་རྙིང་མའི་སྤྲུལ་སྐུ་ཁྲག་འཐུང་ཡེ་ཤེས་དོན་རྟོགས་ཉིད།།
བཀའ་བརྒྱུད་སྒོམ་པའི་རྗེ་འཛིན་མར་མི་དྭགས་པོ་ཟླ་འོད་གཞོན་བཞིན།།
ས་སྐྱའི་སྔགས་འཆང་རྒྱུད་འཛིན་གནང་ནས་གསུམ་ལྡན་ཧེ་རུ་ཀ་དཔལ།།
དགེ་ལུགས་ལམ་རིམ་དགེ་བཤེས་ཐོབ་པའི་མཁན་པོ་ཉིད་ལ་ལོ་གསར་ཞུ།།
ཡེ་ཤུའི་སྙིང་རྗེ་བདག་པོ་སྐྱབས་སུ་མ་མཆིས་ཡག་པོ་ཡིན་པ་གསུངས།།
ཁ་ཆེའི་ཨ་ལའི་ཞྭ་མོ་མགོ་ལ་མ་གྱོན་གཏོར་བཤིག་ཟེར་ནས་མ་སྨད་ཀྱང་།།
ོབོན་པོའི་རྫོགས་པ་ཆེན་པོའི་སྙན་བརྒྱུད་མ་ཞུས་དག་སྣང་ཟེར་ནས་ཌ་རུ་ཁྲོལ།།
རིས་མེད་འཛམགླིང་ཞི་བདེའི་དེད་དཔོན་འགྲོ་འདུལ་ཕྲིན་ལས་ཀུན་ཁྱབ་ཤོག།
རྫོགས་ཆེན་པ་པདྨ་གར་དབང་གིས
ཧེ་རུ་ཀས་ཀྱང་སྨྱོ་སྤྱོད་བསྐྱུར་ནས་ཨ་དོན་གནད་ལ་གོམས་པར་བྱ། །
ཡེ་ཤེས་རྒྱ་མཚོས་རྣམ་ཤེས་དོར་ནས་ཡེ་ཤེས་དོན་ལ་བསྒོམ་པར་བྱ། །
ཀླུ་སྨྱོན་པས་ཀྱང་ཨ་སྒོར་བསྐྱུར་ནས་དབེན་པའི་ནགས་ཁྲོད་འགྲིམ་གྱུར་ན། །
ཨ་འདུས་ངས་ཀྱང་ཁྱོད་ཀྱི་ཕྱོགས་དེར་ཡི་རངས་རྡོག་ཅིག་སྐྱེས་སུ་འབུལ། །
ལོ་ནི། གསར་པ་ཤར།
ལུས་ནི། བདེ་ལ་སྐྱིད།
ངག་ནི། ཆོས་དབྱངས་སྒྲོགས།
སེམས་ནི། ཆས་ལ་དད། །
སྤྱི་ལོའི་ ལོ་གསར་ ལ། དྲ་གྲོགས་ ཚམ་མར་ བཀྲ་ཤིས་ བདེ་ལེགས་ ཡོད་གདའ།