ཡོ་རོབ་བོད་གནས་དྲ་བའི་གསར་འགོད་པ་ས་དཀར་བཀྲ་ཤིས།
ཁ་སང་ཕྱི་ལོ་༢༠༡༦ ལོའི་ཟླ༡ ཚེས་༡ ཉིན་རྒྱ་ནག་གཞུང་གིས་མུ་མཐུད་ཐོངས་མཆན་མ་སྤྲད་པར་ཕྱིར་ཕུད་བཏང་བའི་གསར་འགོད་པ་ལྕམ་ཨོར་སུ་ལ་གྷོའོ་ཏར་ལགས་ཧྥ་རན་སི་རུ་འབྱོར་ཡོད་པ་དང་། ན་ནིང་ཕྱི་ཟླ་༡༡ པའི་ཚེས་༡༣ ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་ལ་འཇིགས་སྐུལ་དྲག་སྤྱོད་པའི་མེ་མདའ་བརྒྱབ་ཏེ་ཉེས་མེད་མི་སེར་༡༣༠ བསད་པའི་དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་གིས་ཧྥ་རན་སི་གཞུང་དང་ལྷན་ཏུ་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་རྡུང་རྡེག་གི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་ཡོད་ལ། སྐབས་དེར་ལྕམ་ཨོར་སུལ་གྷོའོ་ཏར་ལགས་ཀྱིས་ཧྥ་རན་སིའི་༼རྟོག་ཞིབ་པ་གསར་བ༽ཞེས་བའི་དུས་དེབ་སྟེང་རྒྱ་ནག་གཞུང་གིས་དྲག་སྤྱོད་པར་རྒོལ་རྡུང་ལ་ཁ་གཡར་ཏེ་ཞིན་ཅང་ལ་མུ་མཐུད་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་གྱི་དཔྱད་བརྗོད་རྩོམ་ཡིག་ཞིག་སྤེལ་ཡོད་ལ། རྒྱ་ནག་གཞུང་གིས་ཁོ་མོའི་རྩོམ་ཡིག་དེ་ཡིས་དྲག་སྤྱོད་པར་རྒྱབ་སྐྱོར་བྱས་ཡོད་ཚུལ་འཁྱོད་བརྗོད་བྱས་ཡོད་ལ། ལྷག་པར་ཏུ་རྩོམ་ཡིག་དེ་ཡིས་རྒྱ་ནག་མི་མང་གི་སེམས་ལ་ཕོག་ཐུག་གཏོང་ཡོད་ཚུལ་བསྙད་དེ་ཁོ་མོ་ཕྱིར་ཕུད་བཏང་བ་རེད་འདུག
ལྕམ་ཨོར་སུ་ལ་གྷོའོ་ཏར་ལགས་ནི་རྒྱ་ནག་གཞུང་གིས་ཕྱིར་ཕུད་བཏང་བའི་ཕྱི་རྒྱལ་གསར་འགོད་པ་ཐོག་མ་དེ་མིན་ལ། ཁོ་མོའི་སྔོན་ལ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་དྲུག་ཙམ་ཕྱིར་འབུད་བཏང་ཡོད་སྟེ། ༡༩༩༡ ལོ་དབྱིན་ཇིའི་༼རང་བཙན༽Independent ཚགས་པར་གྱི་པེ་ཅིན་གནས་སྡོད་གསར་འགོད་པ་ཨན་ཊོར་ཧེ་གྷན་སུ་Andrew Higgins ཕྱིར་ཕུད་བཏང་ཡོད་ལ། ཁོང་གིས་རྒྱ་ནག་གཞུང་གིས་སོག་པོ་མི་རིགས་ཀྱི་ཐོབ་ཐང་བརྩོན་ལེན་པ་འཛིན་བཟུང་བྱས་ཡོད་པའི་ནང་ཁུལ་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱེད་པར་བརྟེན་ཕྱིར་ཕུད་བཏང་བ་རེད་འདུག
༡༩༩༥ ལོ་འཇར་མན་གྱི་(Frankfurter Rundschau) ཞེས་བའི་ཚགས་པར་གྱི་པེ་ཅིན་གནས་སྡོད་གསར་འགོད་པ་ཧན་རེ་བྷོར་ཁུ་Henrik Bork ཡིས་སྐབས་དེའི་རྒྱ་ནག་གི་སྲིད་བློན་ལིས་ཕིན་གྱིས་༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེ་རུ་སློབ་ཕྲུག་ཚོར་དྲག་གནོན་བྱས་ཡོད་པའི་སྐོར་ལ་སྐྱོན་བརྗོད་རྩོམ་ཡིག་ཞིག་སྤེལ་རྐྱེན་ཁོ་རང་ཕྱིར་ཕུད་བཏང་ཡོད་འདུག
༡༩༩༨ ལོའི་ཕྱི་ཟླ་༡༠ པའི་ནང་ཉི་ཧོང་གི་ཚགས་པར་ཆེ་ཤོས་(YOMiURI SHIMBUN) ཞེས་བའི་རྒྱ་ནག་ནང་གནས་སྡོད་གསར་འགོད་པ་ཡོ་ཁེའེ་སཱ་ནཱ་ཁཱ་སའོ་(Yukihisa Nakatsu)ཟེར་བ་རྒྱ་གཞུང་གིས་ཕུད་བཏང་ཡོད་ལ། ཁོང་གིས་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཉར་ཚགས་དང་ཡིག་ཆ་མཁོ་སྤྲོད་གནང་མཁན་རྩིས་སྤྲོད་མ་བྱས་པའི་རྐྱེན་གྱིས་ཕྱིར་ཕུད་བཏང་བ་ཡིན་འདུག
༡༩༩༨ ལོའི་ཕྱི་ཟླ་༡༡ ནང་འཇར་མན་མེ་ལོང་དུས་དེབ་(Der Spiegel) ཀྱི་རྒྱ་ནག་ནང་གནས་སྡོད་གསར་འགོད་པ་ཡོར་གྷན་ཀམ་པུ་(Jurgen Kremb)ལ་རྒྱ་ནག་དམག་མིའི་ཕྱོགས་ཀྱི་ཡིག་ཆ་དང་སྲིད་གཞུང་གི་འགོ་ཁྲིད་མི་སྣའི་སྐོར་གྱི་ནང་ཁུལ་ཡིག་ཆ་ཉར་ཚགས་བྱས་ཡོད་པའི་སྐྱོན་འཛུགས་ཀྱིས་ཕྱིར་ཕུད་བཏང་ཡོད་འདུག
༢༠༡༢ ལོའི་ཕྱི་ཟླ་༥ པའི་ནང་ཨ་རབ་ཀྱི་གསར་འགྱུར་བརྙན་འཕྲིན་ཁང་གྲགས་ཅན་ཨ་ཡཱ་ཛེའུ་རཱ་Al Jazeeraཡི་པེ་ཅིན་གནས་སྡོད་གསར་འགོད་པ་ལྕམ་མེ་ལིས་སཱ་ཆང་(Milissa Chan)ལ་རྒྱ་ནག་གཞུང་གིས་མུ་མཐུད་ཐོངས་མཆན་མ་སྤྲད་པར་ཕྱིར་ཕུད་བཏང་ཡོད་པ་དང་། ཁོ་མོས་རྒྱ་ནག་ནང་གི་བཙོན་པ་ཚོར་ངལ་རྩོལ་སྒྱུར་བཀོད་བྱེད་བཞིན་པའི་སྐོར་གྱི་བརྙན་འཕྲིན་ཞིག་བཟོས་ཡོད་ཚུལ་བརྗོད་ཡོད་མོད། ཡིན་ནའང་དོན་དངོས་སུ་ཁོ་མོ་བརྙན་འཕྲིན་དེ་དང་འབྲེལ་བ་ཅི་ཡང་མེད་འདུག་ལ། ཁོ་མོ་ཕྱིར་ཕུད་བཏང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་Al Jazeera གསར་ཁང་གིས་སྤེལ་བའི་གསར་འགྱུར་ཁག་གི་ནང་དོན་ཐད་ལ་འདོད་བློ་ཁེངས་ཀྱི་མེད་པའི་རྐྱེན་ཡིན་འདུག་ལ། ཁོ་མོ་ཕྱིར་ཕུད་བཏང་རྗེས་Al Jazeera གསར་ཁང་གི་པེ་ཅིན་ཡན་ལག་ལས་ཁང་ཡང་སྒོ་བརྒྱབ་དགོས་བ་ཆགས་ཡོད་པ་རེད།
༢༠༡༢ ལོའི་ལོ་མཇུག་ཏུ། ཨ་རིའི་༼ཉིག་ཡོག་དུས་བབ་༽ཀྱི་པེ་ཅིན་གནས་སྡོད་གསར་འགོད་པ་ཁར་སུ་པོ་ཁུ་ལིས་ལ་(Chris Buckley)རྒྱ་གཞུང་གིས་མུ་མཐུད་ཐོངས་མཆན་མ་སྤྲད་པར་བརྟེན་ནང་མི་དང་ལྷན་ཧོང་ཀོང་དུ་གནས་སྤོར་དགོས་བ་ཆགས་ཡོད་ལ། ཁོ་རང་རྒྱ་གཞུང་གིས་ཕྱིར་ཕུད་གཏོང་དགོས་དོན་ནི་ལོ་དེའི་ཕྱི་ཟླ་༡༠ པའི་ནང་༼ཉིག་ཡོག་དུས་བབ༽སྟེང་རྒྱ་ནག་གི་སྲིད་བློན་བིན་ཅཱ་པོ་ཡི་ནང་མི་ཡིས་རྒྱུ་དངོས་འབོར་ཆེན་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་སྤེལ་བ་རྒྱལ་སྤྱིའི་ནང་གྲགས་འགུལ་ཆེན་པོ་བྱུང་བའི་རྐྱེན་གྱིས་ཡིན་འདུག་ལ། གནད་དོན་དེ་ལ་བརྟེན་ནས་༼ཉིག་ཡོག་དུས་བབ༽ཀྱི་རྒྱ་ཡིག་དང་དབྱིག་ཡིག་གི་དྲ་ཚུགས་རྒྱ་ནག་ནང་ནས་ལྟ་མི་ཐུབ་པར་བཀག་སྡོམ་བྱས་ཡོད་ལ། སྤྱིར་བཏང་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་པོ་ཞིག་སྤེལ་གྱི་ཡོད་ནའང་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཚོའི་སྐོར་གྱི་གནས་ཚུལ་སྤེལ་བར་དམ་དྲག་བྱས་ཡོད་འདུག ༢༠༡༣ ལོའི་ཕྱི་ཟླ་༧ པའི་ནང་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་བའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་གི་གསར་འགོད་ལས་རིགས་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་ལ། དེའི་ནང་རྒྱ་ནག་ནང་གི་གསར་འགོད་ལས་རིགས་ཀྱི་ཁོར་ཡུག་སྔར་ལས་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་ཏུ་རྒྱ་གཞུང་གིས་མིག་ལ་མི་འགྲོ་བའི་གསར་འགོད་པ་ཚོར་འཇིགས་སྐུལ་དང་སྡིག་ར་སྐུལ་བ། སྒེར་གྱི་དྲ་བ་དང་ཡིག་ཟམ་ནག་བསུབ་གཏོང་བ། ཐོངས་མཆན་མུ་མཐུད་མི་སྤྲོད་པར་ཕྱིར་ཕུད་གཏོང་བའི་གནོན་ཤུགས་མང་དུ་འགྲོ་བཞིན་ཡོད་ཚུལ་སོགས་བཀོད་ཡོད་འདུག
རྒྱ་ནག་གཞུང་ནི།
རྒྱ་ནག་གཞུང་ནི་བདུག་རྩུབ་གཞུང་། །
རྒྱ་ནག་གཞུང་ནི་རུལ་སུངས་གཞུང་། །
རྒྱ་ནག་གཞུངནི་ཁྲིམས་མེད་གཞུང་། །
རྒྱ་ནག་གཞུང་ནི་ཁྲེལ་མེད་གཞུང་། །