སེར་ཤུལ་རིན་ཆེན་དོན་གྲུབ།
༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བཀའ་དྲིན་བསྐྱངས་པའི་བཀའ་དྲིན་གཏང་རག་ཏུ་ཕུལ།
སྣང་བའི་འདུ་ཤེས་རགས་པ་རགས་པ་སྦྱོར་བས་བག་ལ་ཉལ་བྱས་ཏེ།།
སེམས་ཀྱི་འཕྲོ་འདུ་ཕྲ་མོ་ཕྲ་མོའང་བཀག་པའི་སེམས་ཁམས་གཙང་མ་རུ།།
རྣམ་དཔྱོད་བློ་གྲོས་བརྡར་ཞིང་བརྡར་ཞིང་ཤེས་རབ་སྣང་བས་མཇལ་བ་ན།།
དག་པའི་སྐུ་མཆོག་མཇལ་བའི་ངང་ཚུལ་འདི་ལྟ་འདི་ལྟར་ཡིན་ལགས་སོ།།
མཆོག་གྱུར་རྣམ་དཔྱོད་དཔལ་གྱིས་ལེགས་དྲངས་གཞུང་ལུགས་རྒྱ་མཚོའི་ཉིང་ཁུའི་བཅུད།།
ཁམས་མོས་གསེར་གྱི་གཞི་ལ་ལེགས་བཀྲམ་མྱོང་ཤེས་ཟབ་མོའི་ལེགས་བཤད་གཏམ།།
གྲངས་མེད་གདུལ་བྱའི་བློ་ལ་བཏབ་པའི་ལེགས་བྱས་དཔལ་གྱི་མཛེས་སྡུག་གིས།།
འཛམ་གླིང་ཧད་ཀྱིས་དཀྲོག་པའི་སྐྱེས་མཆོག་བདག་གི་བླ་མ་འགྲོ་བའི་མགོན།།
ས་ཆེན་དཔལ་གྱི་ཟིལ་ཤུགས་མ་ཐེག་ངལ་བའི་རྔུལ་ནག་ཁྲི་ཡིས་ཚོས།།
དཔྱོད་པའི་ཤེས་རབ་ངོ་མཚར་ལ་ཆགས་ཤེས་བྱའི་གནས་གཞན་ལྟ་བ་བྲལ།།
འོད་རྡུལ་ཕྲ་མོས་ལེགས་བཤད་མ་ཁྱོག་ནུས་པའི་རྒྱ་ཁྱོན་ཟད་ལ་ཉེ།།
ཕ་ལམ་དཀར་པོས་དཔེ་ཡིས་མཚོན་པ་ཤེས་རབ་མངའ་བདག་ཁྱེད་ཉིད་ཙམ།།
མཐའ་བྲལ་ལྟ་བའི་གནས་ལུགས་ཆེན་པོ་ཤེས་རབ་སྤྱན་གྱི་ངོས་ལ་ཤར།།
གཞན་ཕན་དག་པའི་རྣམ་དག་བྱང་སེམས་བསྐྱེད་ཐུགས་ཀྱི་ཡོལ་གོར་རིས་སུ་བབ།།
དུས་ཀྱི་ལེགས་བཤད་འགྲེམ་པའི་ཐུགས་སྤོབས་རྒྱུ་མཚན་ཁྲི་ཡིས་སྟོངས་གདབ་བཅས།།
ས་ཆེན་འགྲོ་བའི་བློ་གྲོས་འབྱེད་པོ་ཞི་བདེའི་སྐྱེས་མཆོག་ཨེ་མ་ཧོ།།
བླང་དོར་ལེགས་བཤད་རེ་རེའི་རྒྱབ་ན་གནས་ལུགས་གཏན་ཚིགས་ཁྲི་ཕྲག་རེ།།
དཔྱོད་པའི་མཁྱེན་རབ་ཆེན་པོའི་ཀློང་ན་ཆོས་ཉིད་བདེན་པའི་རང་ཞལ་འབུམ།།
ཐུག་བསྐྱེད་འབྲི་ཆུ་སྔོན་མོའི་ལྟེམ་ལ་ཉམ་ཐག་སེམས་ཅན་གྲངས་མེད་ཅིག །
ནོར་འཛིན་ཤུགས་ཀྱིས་ཁྱེད་ཞབས་ཁྱོག་པ་ངོ་མཚར་གསང་བའི་ལོ་རྒྱུས་སོ།།
ཚན་རིག་རྒན་པོའི་བློ་གྲོས་ངོས་ལ་གཞན་ཕན་འགྲེལ་བའི་གནས་ལུགས་བཏབ།།
སྲོལ་རྒྱུན་མཁན་པོའི་མཁྲེག་འཛིན་ཡིད་ལ་དངོས་ཁམས་རིག་པའི་དགེ་མཚན་བཤོས།།
ཆོས་ལུགས་འཁྲུག་པའི་སྡང་སེམས་དཀྱིལ་ལ་མཐུན་སྒྲུལ་དགེ་བའི་ཤིས་ཚིག་གྱེར།།
དག་པའི་གནས་ལུགས་རྣམ་དག་འདི་ལ་ཤེས་རབ་པ་རྣམས་དད་པར་གྱུར།།
ཆོས་བྱེད་འདུན་པའི་གདུལ་བྱའི་བློ་ལ་བླང་དོར་ཆོས་ཀྱི་བདུད་རྩི་བསྐྱིལ།།
ཆོས་མེད་སྐྱེ་བོའི་བསམ་བློའི་གཞི་ལ་བཟང་སྤྱོད་དམ་པའི་ལེགས་བཤད་གནང་།།
དུང་ཕྱུར་བདུན་ཅུའི་མི་ཡི་རིགས་འདིར་གཅིག་གྱུར་འདུ་ཤེས་བརྟན་པོར་བསྐྲུན།།
དཔལ་གྱི་ལེགས་བཤད་པོ་ཏི་སྟོང་ཕྲག་ནད་སོས་སྨན་གྱི་ཟླ་ལ་བྱིན།།
རྒྱལ་ཁབ་སྟོང་གི་རིག་པའི་འགྲུལ་བཞུད་ཤེས་རབ་སྤེལ་བའི་དུས་ཀྱིས་འདས།།
བྱེ་བ་ཁྲག་ཁྲིག་འགྲོ་བའི་ཡིད་ལ་གཞན་ཕན་འགྲེལ་བའི་ལེགས་བཤད་སྤྲོས།།
རྒྱ་མཚོའི་ཁྱོན་ལ་སྙེག་པའི་ཐུགས་དགོངས་སྐྱེ་དགུའི་བདེ་ཐབས་ཁོ་ནར་གཞོལ།།
འགྲོ་བའི་བསམ་བློའི་སློབ་དཔོན་ཆེན་པོ་གླིང་འདིའི་བསོད་ནམས་དཔལ་དུ་བཞུགས།།
ཁྱེད་ཉིད་ཡོད་ན་འཛམ་གླིང་འདི་ལ་ཞི་བདེའི་འོད་ཀྱི་བྱེད་པོ་ཡོད།།
ཁྱེད་ཉིད་ཡོད་ན་རྨོངས་པའི་ཡུལ་ལ་ཤེས་རབ་སྣང་བའི་སྒྲོན་མེ་ཡོད།།
ཁྱེད་ཉིད་ཡོད་ན་གངས་ཅན་བོད་ལ་རེ་སྒུག་ཁྲི་ཡི་རྨི་ལམ་ཡོད།།
ཁྱེད་ཉིད་ཡོད་ན་སེམས་ཀྱི་གསེབ་ལ་བདེ་བ་ཕྲ་མོའི་དྲོད་ཐིགས་ཡོད།།
ཅེས་ཕྱི་ལོ་༢༠༡༦ ལོའི་ཐོག་མའི་ཡི་གེ་འདི་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་དཔོན་དམ་པ། གངས་ཅན་འགྲོ་བའི་མགོན་པོ། ༧གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ལ་ཤེས་ནས་དད་པ་ཐོབ་ཅིང་། གང་གི་མཁྱེན་རབ་དང་རྣམ་པར་ཐར་བ་ལ་སྙིང་ཁུང་རུས་པའི་གཏིང་ནས་དད་ཅིང་སྨོན་པའི་གྱི་ན་བ། ཆོས་ནོར་གཉིས་མེད་ཀྱི་ས་མཐའི་སྤྲང་འཁྱམ་པ་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་གང་གི་ལེགས་བཤད་བདུད་རྩི་ལྟ་བུ་ལ་ཉན་ཞིང་། གསེར་ཞལ་ཉི་མའི་དཀྱིལ་འཁོར་ལ་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ་པའི་སྐབས་དང་བསྟུན། ཕྱི་ལོ ༢༠༡༦ ལོ་གསར་ཚེས་ཀྱི་ཉིན་མོ་ཁྱད་པར་ཅན་ལ་གང་ཉིད་ཀྱི་ཞལ་སྔ་ནས་དམ་པའི་ཆོས་ཀྱི་བདུད་རྩི་ཉན་བསམ་བགྱིས་བའི་མཇུག་གི་དགེ་བའི་ཉིན། དད་འདུན་དྲག་པོས་བསྟོད་ཚིག་འདི་བཞིན་རབ་གུས་དང་བས་ཕུལ།།
ཁྱོད་ཉིད་ཙམ།
ཀ་དག་ཀློང་ཆེན་ཁྱོད་ཉིད་ཙམ། །
ཁ་བཤད་ལག་བསྟར་ཁྱོད་ཉིད་ཙམ། །
གར་ཕེབས་ཕན་མཛད་ཁྱོད་ཉིད་ཙམ། །
ང་ཡི་བླ་མ་ཁྱོད་ཉིད་ཙམ། །