གཙང་ཞོལ་བདེ་གསལ།
རྫ་སྟོད་འབྲོང་རྒོད་ཀྱི་རང་གཤིས་དར་ལ་བབས་པའི།།
ཕ་མེས་དཔའ་བཟང་གི་བུ་ཚ་ཡིན་རློམ་མེད་ཀྱང་།།
ལྕང་མ་ཐར་ཐོར་གྱི་ཐང་ལ་བདག་མེད་བརྒྱབ་པའི།།
རྒོ་བ་འདྲོགས་མགོ་དེའི་རྗེས་སུ་རྒྱུག་སྙམ་མི་སྤྲོ།།
སྤྲོ་ཚིགས་དབྱར་ལྗོངས་ཀྱི་ནམ་ཟླ་ཁད་ཀྱིས་ཡལ་སོང་།།
རྫོང་གཞིས་ཆུང་ཆུང་གི་ཁྱིམ་ཁ་བཙག་གིས་བཅུམ་ཡོང་།།
མེ་འོད་ཁྲོམ་ཁྲོམ་གྱི་ཐབ་ཁའི་དྲོད་ཁོལ་བསམ་ནས།།
ཨ་ཅེའི་ཕྱག་སོར་ལ་སེར་ཁའི་ཤུར་མོ་གས་སོང།།
གཡོ་འདུ་ཐེངས་གཅིག་གི་ཚོར་བ་མངར་ཞིང་དུང་ངེ་།།
ཁྲོ་ཚུགས་རྣམ་འགྱུར་གྱི་ཡོང་འབབ་བློ་གཡེང་ཤུར་རེ།།
སྡིག་སྡུག་འཕྲང་རིང་གི་མི་ཚེའི་ལམ་ངན་བཟློག་ཕྱིར།།
དཀོན་མཆོག་རྒྱ་མཚོ་ལ་བདེན་པས་སྐྱབས་གསོལ་ཞུས་ཡོད།།
བརྩེ་གྲོགས་གང་ཞིག་གིས་བྱིན་པའི་འགྱུར་བ་སྣ་ཚོགས།།
སེམས་དང་མིག་ལམ་ན་སྣག་དང་ཁྲག་ཏུ་གྱུར་ཡོད།།
མཛའ་མཐུན་མི་ཤིགས་ཀྱི་མདུད་པ་ག་ནས་ཞིག་སོང་།།
ཁམས་གཙང་ལྷག་བསམ་གྱི་འོ་མ་ག་དུས་རུལ་སོང་།།
ཐུགས་ཆུང་བག་ཟོན་གྱི་ལྷུར་ལེན་དེ་འདྲ་མ་མཛད།། བརྩད་གཅོད་བདག་འཛིན་ཀྱིས་དུས་བཅད་འཇོག་པ་མི་དགོས།།
མཇལ་དར་ཕྱིར་སློག་གི་གསལ་ཁ་མངོན་དུ་མེད་པར།།
སྒྱུ་མའི་ཁུག་མགོ་དེ་སྦས་ཀྱང་མཐོང་བར་འདུག་གོ།།
ཡ་གིའི་གྲོང་ཁྱེར་གྱི་མི་ཚོགས་བཞི་མདོ་དེ་ན།།
སྐྱེས་སར་ཕོ་ཡག་ཅིག་རེ་བས་བརྡབ་སྐྱོན་བྱུང་ཡོད།།
མ་གིའི་ཚོམས་ཆེན་གྱི་གློག་ཞུའི་བཀྲག་ཚོན་དབུས་ན།།
མོ་སར་འཆལ་མོ་དེས་ཆང་ཕོར་དགྲ་ལ་གཏུག་ཡོད།།
ཕ་གིའི་རྫོང་མཁར་གྱི་ན་གཞོན་སྣང་བའི་རྩེ་ན།།
ཕོ་སར་མགོ་སྟོང་ཞིག་ངོ་འཛུམ་གཏམ་གྱི་ཁྱེར་ཡོད།།
ཚུར་གིའི་ཞིང་འདབ་ཀྱི་སེམས་བཟང་ཚེ་རིང་དབང་མོའི།།
བརྩེ་བའི་ངོ་གདོང་ལ་རྨ་ཁ་ཚབས་ཆེན་བཟོས་ཡོད།།
སེམས་ལ་སོང་བ་ཡི་མི་དེ་འཇའ་ཚོན་འདྲ་བ།།
བཅར་གྱིན་བཅར་གྱིན་ལ་བྲོས་ཀྱིན་བྲོས་ཀྱིན་འདུག་པ།།
སེམས་ལ་སོང་བ་ཡི་མི་དེ་སྤྲིན་ནག་འདྲ་བ།།
བལྟས་ཀྱིན་བལྟས་ཀྱིན་ལ་འཁྲིགས་ཀྱིན་འཁྲིགས་ཀྱིན་འདུག་པ།།
འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་རྦ་ཀློང་ཆེན་པོར།།
སྐྱེ་རྒ་ན་འཆི་ཡི་དབང་གཤོག་རླུང་གིས་བསྒྱུར་ཏེ།།
དུས་འཁོར་ཡོལ་མེད་ཀྱི་འཇིགས་པའི་ང་རོའི་ཁ་ན།།
འདུས་བྱས་ངན་མཚང་གི་ཆོས་ཉིད་དམར་དམར་རྗེན་རྗེན།།
ཡིག་ནག་འབྲི་དེད་ཀྱི་གཞུང་ལམ་རིང་མོ་བརྐྱངས་ཏེ།།
རྣམ་རིག་རྟེན་འབྲེལ་གྱི་འཕྲུལ་སྟབས་དལ་བ་མེད་ཀྱང་།།
སྒྱུ་ལུས་ཤིང་རྟ་ཡི་འཕང་ལོ་ཟད་པའི་ཉིན་མོར།།
གདམ་པ་ཆིག་ཐུབ་ཀྱིས་སེམས་རིག་གད་བདར་མ་ཐོངས།།
མཁས་པས་བསྟན་དོན་གྱི་གསེར་ཡིག་བྲག་ལ་བཞེངས་ཡོད།།
གྲུབ་པས་སྒོམ་སྟོབས་ཀྱིས་ཕུང་པོ་འཇའ་ལ་དེངས་ཡོད།།
རྔོན་པས་རི་དྭགས་ཀྱི་ཤ་ཁྲག་མཚོ་ལ་བསྒྱུར་ཡོད།།
ང་ཡིས་ཚོར་བ་ཡི་སྙན་ངག་མེ་ལ་སྦར་ཡོད།།
2014/4/29 ཉིན་བྲིས།
དེང་སང་སྲིད་དོན་གྱི་ཡོ་ལང་འཁྲུག་ཅིང་། གཡོ་འཕྲུལ་གྱི་སྒྱུ་མ་རྒོད་པའི་སྐབས་འདིར་ཚིགས་བཅད་ལ་བྲོ་བ་མེད། སྙན་ངག་ལ་གསོན་ཉམས་མེད། མདོ་སྨད་པའི་ཚིག་བརྗོད་ལ་སྤྲོ་སྣང་མེད། དེ་བས་ཐད་ཀར་ཚིག་ཁ་ཤས་བཤད་ན། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་སྐད་ཆ་ལྟ་བུ་རེད་ལ། ལྷ་ས་བས་སྐུ་ངོ་སྤེན་ཚེ་ལ་རྒྱབ་སྐྱོར་བྱས་པ་ལྟ་བུ་རེད། དེ་མིན་ཕན་ཐོགས་མེད། ཨ་མདོ་བ་ལ་ཨོང་དོང་མེད་པ་འདི་གྲྭ་ས་ནས་སྤྱི་ཚོགས་ཧྲིལ་པོར་ཁྱབ་ཟིན་པའི་དུས་འདིར། མགོ་ལོག་པ་དང་འགུ་ལོག་པ། གསེར་རྟ་བ་དང་གསེར་ཐང་པ་སོགས་ཅི་ཙམ་སྨོས་ཀྱང་མི་ཕན། གསེར་རྟ་ནི་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྔ་ཙམ་ནས་ཁྱེར་ཟིན། མགོ་ལྡོག་པ་ཚོས་མ་འཇོན་པ་ཀུན་གྱིས་ཤེས། ད་ནི་སྐད་ངན་སྒྲོག་པས་མི་ཕན།
བློ་སྦུག་ན་དམིགས་དོན་གང་ཡང་མེད་ཅིང་། ཤེས་འཇོན་དང་ནུས་མཐུ་མེད་པ་ཚོས་ཚིགས་བཅད་ལ་རིན་ཐང་མེད། སློབ་གྲྭ་བ་ཚོས་མི་ཀློག་ལ། དགེ་འདུན་པ་ཚོར་ཐུགས་སྣང་མེད། མི་སྐྱ་རྣམས་ནི་དེ་བས་ཀྱང་ག་ལ་ཞིག།། དེ་བས་ཇ་ཕོར་པ་གང་རག་ན་འགྲིག་་་་
ལྷག་བསམ་གྱིས་འཕོང་བའི་ལྷག་བསམ་གྱི་མིང་བྱང་གཡར་བའི་དྲྭ་འབུ་ཁྱོད་དང་ཁྱོད་ལྟ་བུ་འགའ་ཞིག་ལ་འཚོ་བའི་དཀའ་ངལ་སེལ་ཚེ་ཆོལ་ཁ་དང་ཆོས་ལུགས་གང་རུང་ལ་དཀྲུག་ཤིང་ཞིག་མ་བྱས་པར་འདུག་མི་ཐུབ་པས་ཅི་འདྲའི་སྐྱོ་བ་ལ།།
ལྷག་བསམ་གྱིས་འཕོངས་བའི་ལྷག་བསམ་གྱི་མིང་བྱང་གཡར་བའི་དྲྭ་འབུ་ཁྱོད་དང་ཁྱོད་ལྟ་བུ་འགའ་ཞིག་ལ་འཚོ་བའི་དཀའ་ངལ་སེལ་ཚེ་ཆོལ་ཁ་དང་ཆོས་ལུགས་གང་རུང་ལ་དཀྲུག་ཤིང་ཞིག་མ་བྱས་པར་འདུག་མི་ཐུབ་པས་ཅི་འདྲའི་སྐྱོ་བ་ལ།།