——ཨེ་མ་ཧོ།
སྔ་ལོ་རྫོགས་ནས་ཕྱི་ལོ་ཚེས།།
བྱ་བ་གལ་ཆེའི་དམ་བཅའ་དང་།།
འབྱུང་འགྱུར་ཕྱི་ཚེས་སྒྲུབ་པའི་ཆོས།།
དེ་རིང་ལོ་སར་ཉི་མ་ལགས།།
རྒྱ་ལོ་རྩིས་ནས་ཡོན་རྒྱལ་རབས།།
ཧོར་ལོ་རྩིས་ན་དམག་འཁྲུག་རབས།།
དབྱིན་ལོ་རྩིས་ན་བདུན་ཕྲག་སོང་།།
དེ་རིང་བོད་ལོ་ངོ་མ་ཡིན།།
རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་ལ།།
མཁན་སློབ་ཆོས་རྒྱལ་དམ་ཚོས།།
བོད་ལོ་ཚེས་པའི་ལུགས་སྲོལ་ཡོད།།
གཞན་ཡང་མཁའ་འགྲོ་རྒྱ་མཚོ་རྒྱུད།།
འབྱུང་རྩིས་ངོ་མཚར་ཉི་མ་གསལ།།
དགོངས་འདུས་བཀའ་གཏེར་ཕལ་མོར་ཆེར།།
ཚེས་གཅིག་ལོ་སར་དེ་རིང་བརྩི།།
ཟླ་གཉིས་ངོས་འཛིན་ཁྱུང་ཕུག་ལུགས།།
གསུམ་པ་དུས་འཁོར་གསེར་འོད་ལུགས།།
བཞི་བ་རྒྱ་གར་དམ་པའི་ལུགས།།
ལྔ་བ་དབང་ཕྱུག་དེ་བའི་ལུགས།།
དྲུག་པ་ཟ་ཧོར་རྒྱལ་པོའི་ལུགས།།
བདུན་པ་མངོན་འདུལ་འཛིན་པའི་ལུགས།།
བརྒྱད་པ་པཎ་ཆེན་ཁ་ཅིག་ལུགས།།
དགུ་བ་འདུལ་འཛིན་ཕྱི་མའི་ལུགས།།
བཅུ་བ་མདོ་སྡེ་སྙིང་པོའི་ལུགས།།
བཅུ་གཅིག་ནག་རྩིས་འགའ་ཞིག་ལུགས།།
བཅུ་གཉིས་གསོ་བྱེད་མན་ངག་ལུགས།།
གང་ལྟར་བོད་བརྒྱུད་མེས་པའི་ལུགས།།
རྒྱལ་ཟླའི་ཡར་ངོའི་ཚེས་གཅིག་ལགས།།
གངས་ཅན་བདེ་བའི་སྨོན་ལམ་འདེབས།།
སྐྱེ་རྒུ་འགྲོ་བ་མ་ལུས་པ།།
ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག།།
བདེ་ལེགས་ཡོན་ཏན་ཕུན་ཚོགས་ཤིང་།།
རྒྱལ་བསྟན་དར་ཞིང་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་ཡར་ངོའི་ཚེས་པ་གཅིག་གམ་གངས་ཅན་བོད་པའི་མེས་པོའི་ལོ་སར་རྣམ་དག་གི་ཉིན་མོར་བྱ་བྲལ་ཆོས་དབྱིངས་མཆོག་གིས་གསུང་སྐུལ་བཞིན་གང་ཤར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཤྲྰི་སྨྱོན་པས་བྲིས་པར་དགེའོ།། །།
དངོས་གནས་ང་ཚོའི་ལོ་གསར་གྱི་གནས་ཚུལ་འདི་ལ་བསམ་ཞིག་ཅིག་དགོས་གལ་ཆེ་བ་འདུག་ ཁ་ཤས་ཀྱིས་བླ་ལུགས་བྱས་ནས་ལོ་གསར་མ་ཚེས་གོང་ནས་ལོ་གསར་བཟང་ཞིག་ཀུ་ཅོ་སྒྲོག་ འགའ་ཤས་ཀྱིས་ཧོར་ལུགས་ཡིན་ཟེར་ནས་རང་མི་རིགས་ཁྲི་ཁྲག་མང་པོ་དམར་བསོད་ཀྱི་ཉིན་མོར་གཟབ་འཆོར་སྤྲས་ནས་ལོ་གསར་ཞུས་ འདི་ནས་མི་ལོ་བརྒྱ་ཕྲག་མང་པོ་ཐ་ན་ལོ་གསར་གཅིག་གྱུར་མེད་པ་འདི་ཡང་ཆབ་སྲིད་ཀྱི་ནང་དུ་ཤེས་མི་ཤེས་མང་པོ་ཞིག་གི་ལག་པ་རྒྱག་ནས་འདི་འདྲ་བ་བྱས་པ་རེད་ མི་རིགས་གཅིག་ལ་གཅིག་འགྱུར་གྱི་ལོ་གསར་ཙམ་ཡང་མེད་པ་ནི་སྐྱོ་བའི་གནས་རེད་ ཡིན་འང་ང་ཚོའི་བཙད་པོའི་དུས་རབས་སྐབས་ཀྱི་ལོ་གསར་ག་དུས་ཡིན་མ་ཤེས་ཀྱང་ཁུངས་ལུང་མེད་པའི་འུར་སྒྲོག་མཁན་ཚོའི་མེའི་པོའི་ལོ་རྒྱུས་ལ་ལྟ་རྟོགས་བྱེད་གལ་ཆེ་སྙམ་ འོ་ན་ང་ཚོའི་ལོ་གསར་ནི་གྲོ་སྨིན་པའི་དུས་ཚེས་ཞིག་ལ་བྱེད་ཀྱིན་ཡོད་པ་ནི། ་་་་ཐང་ཡིག་ལས། གྲོ་སྨིན་པའི་ཚེ་ན་ལོ་གསར་བྱེད། །རྒྱལ་པོ་དང་མི་ཆེན་རྣམས་མནའ་བཅད་བྱེད། ཞེས་བཤདའདི་ལ་ལྟས་ན་དཔྱིད་དུས་དགུན་དུས་ཞིག་ལོ་གསར་བའི་དུས་མིན་པ་ཤེས་ཐུབ།
ཕྱི་ལོ་ཚེས་ནས་ཞག་བཅུ་གཅིག །
བོད་ལོ་ཚེས་པར་བདུན་ཕྲག་འགའ། །
ཕྱི་ཟླ་གཉིས་པའི་ཚེས་དགུ་ལ། །
བོད་ཀྱི་ལོ་གསར་ཚེས་པ་རེད། །