ཡོང་ཁུངས། ཤམ་བྷ་ལའི་ཕོ་ཉ་དྲ་བ།
ཕྱི་ཚེས ༩ ནས ༡༠ བར་ཉིན་གཉིས་ཀྱི་རིང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་བ་འཚོགས་པ་དང་། ཉིན་གཅིག་དང་ཕྱེད་ཀའི་རིང་ལ་བོད་ཀྱི་རྩོམ་རིག ཡིག་བསྒྱུར། རྩོམ་བསྒྲིག རྩོམ་འབྲིའི་རང་དབང། བཙོན་འོག་ན་ཡོད་པའི་རྩོམ་པ་པོ་སོགས་ཀྱི་བརྗོད་གཞིའི་ཐོག་གླེང་སློང་དང་། ཉིན་གཉིས་པའི་ཕྱི་དྲོ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་གྲོས་གཞི་དང་གྲོས་འཆར་གསར་པ། སྒྲིག་གཞི་བསྐྱར་བཅོས་སྐོར་ནས་བགྲོ་གླེང་དང་གཏན་འབེབ་གནང་ཏེ། པེན་བོད་ཀྱི་རྩོམ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སོགས་གསར་འདེམས་བྱུང་ཡོད་པ་རེད།
དེ་ཡང་ཉིན་གཉིས་ཀྱི་རིང་པེན་བོད་ཀྱི་རྩོམ་པ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ལྔ་བ་དེ་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་འཚོགས་སོང། ཐེངས་འདིའི་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་རྒན་བཀྲ་ཤིས་ཚེ་རིང་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དབུ་འཛིིན་རྩོམ་པ་པོ་གྲགས་ཅན་རྒན་ཐུབ་བསྟན་བསམ་འཕེན་མཆོག་གཉིས་ཕེབས་ཡོད་འདུག
གོང་ཚེས་ཉིན་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གིས་རྩོམ་རིག་ཚོགས་ཆེན་དང་འབྲེལ་ནས་ལམ་སྟོན་སྐོར་རོབ་ཙམ་གསུང་བཤད་གནང་བ་དང། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དབུ་འཛིིན་རྩོམ་པ་པོ་གྲགས་ཅན་རྒན་ཐུབ་བསྟན་བསམ་འཕེན་མཆོག་གིས་ང་ཚོ་བཙན་བྱོལ་ནང་སླེབས་ནས་དང་ཐོག་བོད་པའི་གནད་དོན་རྒྱལ་སྤྱིའི་ནང་དུ་དེ་འདྲའི་དོ་སྣང་ཆེན་པོ་བྱུང་ཐུབ་མེད་ནའང། ༧གོང་ས་མཆོག་གི་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།༽ ཕྲེང་རིང་རིན་ཆེན་སྒྲོལ་མའི་༼བོད་ཀྱི་བུ་མོ་༽སོགས་བརྒྱུད་ནས་བོད་པའི་གནད་དོན་རྒྱལ་སྤྱིའི་སྒང་རིམ་གྱིས་དོ་སྣང་ཤུགས་ཆེན་བྱུང་བ་སོགས་ཀྱི་སྐོར་གསུང་གནང་སོང་།
དེ་བཞིན་རྒྱལ་སྤྱིའི་པེན་ལས་ཁུངས་ཀྱིས་བཟོས་པའི་སྐད་ཡིག་སྐོར་གྱི་གལ་ཆེའི་ལས་འཆར་གྱི་བརྙན་ཐུང་ཞིག་ཚོགས་བཅར་བ་ཡོངས་ཀྱི་གཟིགས་མོལ་དུ་འཕུལ་བ་དང་། རྒྱལ་སྤྱིའི་པེན་ལས་ཁུང་ས་ཀྱི་གསུང་འཕྲིན་དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱི་གསུང་འཕྲིན་དང་བོད་ནས་འབྱོར་བའི་ཤིས་ཚིག་ཁ་ཤས་སྒྲོག་སྦྱང་བྱས་སོང་།
གཞན་ཡང་ཐེངས་འདིའི་ཚོགས་འདུ་ལ་བཅར་བའི་སློབ་དཔོན་དང་རྩོམ་བསྒྲིག་པ་དང་རྩོམ་པ་པོ། ཉམས་ཞིབ་པ་སོགས་མདོ་དབུས་ཁམས་གསུམ་གྱི་མི་སྣ་མང་པོ་ལ། ཚོགས་ཐོག་ཏུ་རྩོམ་རིག་དང་འབྲེལ་བའི་གསུང་བཤད་སྐར་མ་ ༡༠ རེར་གནང་ཡོད་པ་དང་། ཉིན་དང་པོའི་དགོང་དྲོ་ཆུ་ཚོད ༥ ཡས་མས་སུ། བུད་མེད་རྩོམ་པ་པོ་རྣམས་ཀྱིས་བཀོད་སྒྲིག་བྱས་ཏེ། བཀག་སྡོམ་དང་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་རྣམས་སེམས་ཀྱི་དྲན་ཤིང་དུ་འབྲི་བའི་སྙ་ངག་དང་རོལ་དབྱངས་དགོང་ཚོགས་ཤིག་ཀྱང་འཚོགས་པ་ཡོད་པ་རེད། དགོངས་ཚོགས་འདིའི་སྟེང་དུ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བཙོན་འོག་ན་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་སྙ་ཐོ ༼ལྩགས་སྒྲོག་འོག་གི་གསེར་སྙུག༽ ཅེས་པའི་དེབ་ཞིག་འགྲེམས་སྤེལ་བྱས་སོང་།
དེ་ཡང་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས་ཀྱིས་དེབ་འདིའི་སྐོར་གསུང་དོན། བོད་ནང་གི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་མང་ཆེ་བ་པེན་གྱི་སྡིངས་ཆའི་སྟེང་དུ་སླེབས་ཐུབ་ཡོད་ནའང་། ཞིབ་འཇུག་གི་སྙན་ཐོ་འཕུལ་བ་དེ་ཐེངས་དང་པོ་ཆགས་ཡོད་པ་དང་། ཐེངས་འདིའི་སྙན་ཐོ་ནི་སྡེ་ཚན་བཞི་ཅན་གྱི་ཅུང་རྒྱས་བ་ཞིག་ཡིན། དེབ་དེའི་ནང་དུ་བཙོན་གྲོལ་ཐོབ་པའི་སྡེ། ཁྲིམས་ཐག་བཅད་ཟིན་པའི་སྡེ། ཁྲིམས་ཐག་བཅད་མེད་པའི་སྡེ། རྩོམ་འབྲིའི་རང་དབང་ལ་བཀག་སྡོམ་བྱས་པའི་སྡེ་བཅས་སྡེ་ཚན་བཞི་རུ་དབྱེ་ཡོད་ཅེས་གསུང་སོང་།
ཉིན་གཉིས་པའི་ནང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་གྲོས་གཞི་དང་གྲོས་འཆར་གསར་པ། སྒྲིག་གཞི་བསྐྱར་བཅོས་སྐོར་ནས་བགྲོ་གླེང་དང་གཏན་འབེབ་གནང་ཡོད་པ་དང། ཚོགས་གཙོ་དང་ཚོགས་གཞོན། རྒྱུན་ལས་སོགས་གསར་འདེམས་བྱུང་ཡོད་པ་རེད། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་སྐབས་ལྔ་བའི་ཚོགས་ཆེན་ཐོག སྭ་ལ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཆེན་མོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཚོགས་གཙོ་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤར་བློ་གྲོས་ཚོགས་གཞོན། ཉི་མ་མཚོ། བདེ་པོ་མཚོ། བུད་ངྷ་སྐྱབས། གངས་སྲས། ཨ་རིག་དགེ་མཐོང། ཨ་འབྲུག་དཀོན་མཆོག ཆོས་དབྱིངས། ཤ་བོ་རྟ་མགྲིན་སོགས་ནི་རྒྱུན་ལས་སུ་འདེམས་ཐོན་བྱུང་ཡོད་པ་རེད།
ཚོགས་གཞོན་ཨ་རིག་དགེ་མཐོང་གིས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལོ་རྒྱུས་དང་སྦྲེལ་ནས་སྐབས་བཞི་བའི་རྒྱུན་ལས་ཚོས་འདས་པའི་ལོ་གསུམ་གྱི་ནང་དུ་ཕྱག་ལས་ཅི་ཞིག་གནང་བའི་སྐོར་གསུང་དོན། སྐབས་བཞི་བའི་རྒྱུན་ལས་ཀྱིས་རྒྱལ་སྤྱིའི་པེན་ལས་ཁུང་ལ་འབྲེལ་བ་མང་ཙམ་བྱས་ཐུབ་ཡོད་པ་དང་། ཚོགས་ཆེན་ཁག་གསུམ་ལ་མཉམ་ཞུགས་བྱས་ཏེ་བོད་ནང་དུ་ཡོད་པའི་བཙོན་འོག་གི་རྩོམ་པ་པོ་དང་། བོད་ཀྱི་སྐད་ཡིག་གི་གནས་སྟངས། ད་ལྟའི་གནས་བབ་སོགས་སྙན་ཞུ་འཕུལ་ནས་གྲུུབ་བྲས་མི་དམན་པ་བླངས་ཡོད། དཔེར་ན་ཁཱ་ན་ཏྲའི་ནང་རྒྱལ་ཁབ་༧༠ ་ལྷག་ནས་ཕེབས་པའི་སྙུག་ཚོགས ༨༤ ལས ༨༣ གྱིས་ང་ཚོའི་བསམ་ཚུལ་ལ་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ད་དུང་བོད་ནང་དུ་པར་བསྐྲྲུན་བྱེད་མ་ཐུབ་པའི་བོད་ཀྱི་རྩ་དོན་དང་འབྲེལ་བའི་དེབ་ཁ་ཤས་བཙན་བྱོལ་ནང་དུ་པར་འགྲེམས་བྱས་ཡོད་སྐོར། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དཔེ་དེབ་སྐོར་ནས། དཔེར་ན་གཡུ་སྒང་འོད་ཟེར་གྱི་དེབ་༼བྱ་ཚིག་སྦྱོང་ཐབས་གསར་མ༽ སོགས་པར་འགྲེམས་བྱས་ཡོད་པ་མ་ཟད། བཙོན་འོག་ན་ཡོད་པའི་བོད་ཀྱི་རྩོམ་པ་པོའི་རྣམས་ཀྱི་སྙན་ཐོ ༼ལྩགས་སྒྲོག་འོག་གི་གསེར་སྙུག༽ ཅེས་པའི་དེབ་དེ་ཚོགས་ཆེན་འདིའི་སྟེང་འགྲེམས་སྤེལ་བྱས་ཡོད། གཞན་ཡང་སློབ་གྲྭ་ཁག་དང་དགོན་སྡེ་ཁག བཙུན་དགོན་སོགས་ལ་རྩོམ་རིག་དང་སྐད་ཡིག་སོགས་འབྲེལ་བའི་ཟབ་སྤྱོང་གང་ཐུབ་བསྤྲད་ཡོད་པ་སོགས་གསུང་སོང།
འདི་ག་གསར་འགོད་པར་ཚོགས་གཞོན་ཨ་རིག་དགེ་མཐོང་ནས་བརྗོད་དོན། ད་ཐེངས་ཚོགས་ཆེན་འདི་སྔོན་དང་མི་འདྲ་བ་ཞིག་ཡོད་པ་ནི་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཆེན་མོ་རྒན་བཀྲ་ཤིས་ཚེ་རིང་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དབུ་འཛིན་རྩོམ་པ་པོ་གྲགས་ཅན་རྒན་ཐུབ་བསྟན་བསམ་འཕེལ་མཆོག་གཉིས་ཕེབས་ནས་བཀའ་སློབ་གནད་བསྡུས་དང་རྩོམ་པ་པོ་རྣམས་ལ་དཀའ་ངལ་ཇི་ལྟར་འཕྲད་པ། གདོང་ལེན་ཇི་ལྟར་བྱས་པ་སོགས་དང་འབྲེལ་རྩོམ་རིག་གི་འཕེལ་རིམ་དང་ཡང་ན་འགྱུར་རིམ་གྱི་སྐོར་གསུང་ཡོད་པ་དང། དེ་མིན་ལས་གནས་དང་འབྲེལ་བའི་བརྗོད་གཞིའི་སྟེང་དུ་རྩོམ་རིག་གི་དགེ་རྒན་རྣམས་ཀྱིས་ཡག་པོ་གསུང་བཤད་གནང་ཡོད་པ་དང་། ཡིག་བསྒྱུར་དང་སྐད་ཡིག་སོགས་ཀྱི་སྐོར་ནས་ཀྱང་གླེང་མོལ་ཡག་པོ་བྱུང་ཡོད་པ་རེད། རྒྱུན་ལས་གསར་འདེམས་བྱེད་ཕྱོགས་ཀྱི་ཐོག་ནས་ཡིན་ནའང་ཚོགས་མི་ཚང་མ་ཉིན་གཉིས་ཀྱི་རིང་ལ་མཉམ་ཞུགས་བྱས་ཏེ་ཚང་མས་སེམས་ཤུགས་ཡོད་པས་སྒོ་ནས་བླུགས་ཡོད་པས་ཧ་ཅང་དགའ་སྤྲོ་བྱུང་ཡོད་པ་ཞེས་བརྗོད་སོང་།
འདི་ག་གསར་འགོད་པར་སྤྱན་ཆབ་ནས་ལོ་ངོ་གསུམ་གྱི་རིང་རྒྱུན་ལས་ཀྱི་ཕྱག་ལས་ཉམས་མྱོང་དང་འབྲེལ་ནས་བརྗོད་དོན། ང་རྒྱུན་ལས་ཟུར་བ་ཞིག་གི་ཉམས་མྱོང་གི་སྒང་ནས་བཤད་ན་དུས་གཅིག་ལ་ཚོགས་པ་མང་པོའི་ནང་དུ་ལས་ཀ་བྱེད་པ་ནི་ལས་ཀ་འཐུས་ཤོར་དུ་འགྲོ་བ་དང་ལས་ཀར་ཧ་ཅང་བཀག་རྒྱ་ཆེན་པོ་ཡོང་གི་ཡོད། ད་ཐེངས་ཡིན་ན་རྒྱུན་ལས་ལས་ཐོག་ཡིན་བཞིན་དུ་ལས་ཀ་གཞན་མང་པོ་བྱེད་ཀྱིན་མེད་པའི་རྒྱུན་ལས་ཁ་ཤས་སླེབས་ཡོད་པས་དེའི་རིགས་ལ་ཚོགས་པ་རང་ལ་ཕན་ཐོགས་འོང་གི་རེད་བསམ་པའི་རེ་བ་ཆེན་པོ་ཡོད་པར་འགྲེལ་བརྗོད་གནས་སོང་།
འདི་ག་གསར་འགོད་པར་བདེ་པོ་མཚོ་ནས་བརྗོད་དོན། ང་ལྟ་བུ་ཡིན་ན་རྒྱུན་ལས་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི་ང་རང་སློབ་མ་ཡིན་པ་དང་། རྒྱུན་ལས་གཞན་རྣམས་ང་ལས་ཉམས་མྱོང་ཡོད་པ་རེད། འོན་ཀྱང་ད་ཐེངས་རྒྱུན་ལས་སུ་འདེམས་ཐོན་བྱུང་བར་དགའ་ཚོར་ཆེན་པོ་ཞིག་སླེབས་བྱུང་། དེ་ནི་སོ་སོས་རྩོམ་པ་པོ་ཞིག་གི་མིང་འཁུར་ཡོད་པའི་ཆ་ནས། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནང་དུ་ཆ་ཤས་ལེན་པའི་གོ་སྐབས་ཤིག་རག་པས་ཡིན།
ཚོགས་པ་ཟེར་དུས་མི་མང་པོས་གྲུབ་པ་ཞིག་རེད། ང་ཚོ་རྒྱུན་ལས་ཡིན་ན་དེའི་ནང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང་། ལྷག་པར་ང་ལ་མཚོན་ན་སློབ་མ་ཞིག་ཡིན་པས་རྒྱུན་ལས་ཀྱི་ནང་དུ་ནུས་པ་ཏག་ཏག་ཅིག་འདོན་ཐུབ་ཀྱི་འུ་ཡོད་ལ་བསམ་པའི་དངངས་སྐྲག་ཅིག་ཀྱང་སླེབས་སོང་། འོན་ཀྱང་དངངས་ཚོར་དེ་སྐྱེས་ནས་བསྡད་ན་འགྲིག་གི་རེད་བསམ་གྱི་མི་འདུག ད་ལྟ་རིག་གནས་རམས་འབྱམས་པ་ལོ་གཉིས་པ་རེད། དེ་ནས་ལོ་གཉིས་ཀྱི་རྗེས་སུ་ཆེད་ལས་རམ་འབྱམས་པ་ཐོན་གྱི་ཡོད་པས་སོ་སོས་འབྱོན་ན་དེའི་བར་ནས་་ནུས་པ་གང་ཐོན་ཐོན་འདོན་ཡ་ཡིན་བསམ་པའི་སེམས་ཤུགས་ཡོད་ཟེར་རྒྱུ་དེ་ཡིན་པ་བཅས།།
གསར་འགོད་པ། ཚེ་བརྟན་བཀྲ་ཤིས།
(པར་རྣམས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོ་དེབ་ལས་བཤུས།)
༼བོད་ཀྱི་དུས་བབ༽ཀྱི་དྲི་བ།
ཁྱེད་རང་ད་ལོའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པའི་ཐད་དགོངས་ཚུལ་ག་རེ་ཡོད།
༼བློ་གྲོས་དཔལ་བཟང་གི༽ དྲིས་ལན།
ང་ ༢༠༠༦ ལོའི་རྩོམ་པ་པོའི་ཚོགས་ཆེན་སྟེང་ཕྱིན་ཏེ་བོད་ཀྱི་རྩོམ་རིགས་སྒྱུ་རྩལ་ཐད་ཀྱི་ལྟ་བ་ལངས་ཕྱོགས་སྐོར་ལ་ཁ་བརྡ་བྱས་མྱོང་ཡོད། དེ་མ་གཏོགས་ང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་འབྲེལ་བ་གང་ཡང་མེད། ཉིན་འགའི་སྔོན་ལ་ངས་སློབ་མ་ཚོ་ཁྲིད་ནས་ཝར་ཎ་མཐོ་སློབ་དང་གནས་མཆོག་རྡོར་ལྡན་སོགས་སུ་ཞིབ་མཇུག་སློབ་མ་ཚོའི་མཐའ་མའི་དཔྱད་རྩོམ་ལ་དཔྱད་གཞིའི་ཡིག་ཆ་ཁག་ཅིག་འཚོལ་བསྡུ་བྱེད་དུ་ཕྱིན་ནས་ཕྱིར་ལོག་པའི་ལམ་བར་དུ། ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས་ཁ་པར་ཞིག་བསླེབས་སོང་ཡང་སྐད་ཆ་གསལ་བོ་གོ་ཡི་མི་འདུག དེ་རིང་འདིར་མཐུན་ཚོགས་ཀྱི་ཚོགས་གཞོན་དང་དྲུང་ཆེ་སོགས་ཚང་མ་ཡོང་སྟེ། ང་ཡིན་གཅིག་མིན་གཅིག་ཚོགས་གཙོར་འདུག་དགོས་སྐོར་བརྗོད་བྱུང་། ང་ད་སྔ་དགེ་རྒན་བྱས་མྱོང་བ་ཙམ་མ་གཏོགས་འདི་ལྟ་བུའི་ཚོགས་པ་ཞིག་གི་ནང་ལས་ལས་ཀའི་ཉམས་མྱོང་ཅི་ཡང་ཡོད་པ་མ་རེད། ཡིན་ནའང་ཚོགས་མི་ཡོངས་ཀྱིས་ཡིད་ཆེས་དང་རེ་འདུན་ཆེན་པོ་ཞིག་གི་ཐོག་ནས་བདམས་པ་ཡིན་སྟབས་ངས་ཀྱང་འགན་དེ་བླངས་པ་ཡིན། མཐུན་ཚོགས་ཀྱི་རྒྱུན་ལས་གཞན་རྣམས་དང་ཚོགས་མི་ཡོངས་ཀྱི་རམ་འདེགས་རྒྱབ་སྐྱོར་ལ་བརྟེན་ཏེ་འགྲོ་རྒྱུ་དེ་རེད།
པེན་ཚོགས་ནང་ལ། མི་ཤི་ཚར་མཁན་དང་། མ་འཆི་བ་ཁོ་རང་ཚོ་མ་གཏོགས་བོད་རིགས་རྩོམ་པ་པོ་མེད་པར་སྟོན་བགྱིད་འདུག ཧ་ཧ།། །།