དཀོན་མཆོག་རབ་བརྟན།
ཉིན་འགའ་ལ་འཛིན་གྲྭ་མེད་པས་ང་ཁ་སང་དགོང་མོ་སློབ་གྲྭ་ནས་ཐོན་ཏེ་གངས་སྐྱིད་ན་ཡོད་པའི་གྲོགས་པོ་ཞིག་གི་སར་ཡོང་། ང་རང་སློབ་གྲྭ་ནས་ཐོན་ཏེ་གངས་སྐྱིད་ལ་ཡོང་ནས་སྡོད་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད་པ་དེ་ཁྱེད་ཀྱིས་མུ་མཐུད་ཀློགས་དང་རིམ་གྱིས་ཤེས་ངེས་རེད།
ད་ནངས་ང་རང་ཞོགས་ཇ་བཏུངས་ཏེ་གངས་སྐྱིད་ནས་རྡ་སར་འགྲོ་དུས། ཆུ་ཚོད་བརྒྱད་ཡས་མས་ལས་མ་ཡིན་པ་དང་མི་རྣམས་ལས་ཀར་འགྲོ་བའི་སྒང་དུ་ཁེལ་འདུག ཕྱུ་པ་གྲ་དག་གྱོན་ཞིང་ཁ་ལག་གཙང་མར་བཀྲུས་པའི་བོད་པའི་ལས་བྱེད་པ་རྣམས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཕྱོགས་སུ་འགྲོ་བཞིན་མཆིས་ལ། ངའི་གྲོགས་པོ་སྡོད་སའི་ཁང་བརྩེགས་ཀྱི་མདུན་ནས་རྡ་ཤོད་ལ་རྒྱུ་བའི་ལམ་སྟེང་དུ་རྒྱ་གར་ཨར་པོ་བ་འགྲོ་བའི་རྒྱུན་མི་ཆད། ཨར་པོ་བ་དེ་དག་གི་མང་ཤོས་བུད་མེད་རེད་འདུག་པ་དང་། ཁོང་ཚོ་རེ་རེའི་ལག་ཏུ་རྙིང་ཞིང་ཚིལ་དྲེག་ཆགས་པའི་འགྱིག་གི་ཁུག་མ་རེ་ཁྱེར་ཡོད་པའི་ནང་དུ་ཉིན་གུང་ཁ་ལག་ངན་ངོན་རེ་དང་བཏུང་ཆུ་བླུགས་ཡོད་པ་འདྲ་སྟེ། བཏུང་ཆུ་བླུགས་པའི་འགྱིག་དམ་གྱི་ཁ་གཅོད་ཕྱི་ལ་མངོན་འདུག ཁོང་ཚོའི་སྣུམ་གྱི་གཡའ་མེད་པའི་ངོ་གདོང་དང་། རྙིང་ཧྲལ་དུ་གྱུར་བའི་དམར་སེར་སྔོ་ལྗང་གི་གྱོན་པས་མ་ཁེབས་པའི་སྐམ་ཞིང་རིད་པའི་ལག་ངར་དང་མཛུབ་མོ། ད་དུང་རིན་གོང་ཆུང་བའི་འགྱིག་ལྷམ་ནག་པོའི་ནང་དུ་གྱོན་པའི་ལཱ་ཤའི་ཨུ་སུག་ཡུ་རིང་སོགས་ཀྱིས་ཁོང་ཚོའི་འཚོ་བ་ཡི་དཀའ་སྡུག་གསལ་པོར་མཚོན་འདུག
ངས་ཁོང་ཚོའི་ཉམ་ཐག་པའི་ཚུགས་ག་དེ་ལ་ལྟ་བཞིན་རྒྱུན་པར་གློག་བརྙན་དང་། འདྲ་པར། དེ་བཞིན་རྩོམ་ཡིག་བཅས་ཀྱི་ནང་ནས་མཐོང་བའི་ཕྱུག་པོ་ཚོས་བག་མེད་དང་རྒྱས་སྤྲོས་བྱེད་པའི་ངང་ཚུལ་རྣམས་དྲན་བྱུང་། ཕྱུག་པོ་འགའ་རེ་ཡི་ཆང་ཕོར་ཡུ་རིང་གི་གཤམ་དུ་བླུགས་པའི་རྒུན་ཆང་དམར་པོའི་རིན་གོང་ནི་ཨར་པོ་བ་ཞིག་གི་ཚེ་གཅིག་ལ་སྡུག་གསོག་མུག་གསོག་བྱས་པའི་ཡོང་བབས་ལས་ལྡབ་ཀྱིས་ཆེ་བས། དབུལ་ཕྱུག་གི་ཧེ་བག་ནི་གནམ་ས་ལས་ཀྱང་ཆེ་ཞིང་ནམ་ཡང་སྙོམ་དུ་མེད་པ་ཞིག་རེད།
ད་དུང་འགའ་ཞིག་ནི་སྐྱེས་མ་ཐག་ཨ་སྒོར་ས་ཡ་མང་པོའི་བདག་པོར་འགྱུར་བ་དང་། ལ་ལ་གད་སྙིགས་ཁྲོད་དུ་སྐྱེ་བའི་ངང་ཚུལ་ལ་བསམས་ན། དྲང་བདེན་དང་འདྲ་མཉམ་ཞེས་པ་དེ་ཡང་རྫུན་དུ་མངོན། འདི་ཡོད་ཚད་སངས་རྒྱས་ཆོས་ལུགས་ཀྱིས་གསུང་པ་ལྟར་སྐྱེ་བ་སྔོན་མའི་ལས་དང་བསོད་ནམས་ཡིན་ནམ། ཡང་ན་བཟོ་གྲྭ་གཅིག་ནས་ཐོན་པའི་ཁོལ་ཁོལ་ཁུ་ནག་གི་ཤེལ་དམ་རྣམས། ལ་ལ་གྲོང་གསེབ་པའི་ཚོང་ཁང་ཆུང་ཆུང་དུ་འགྲོ་བ་དང་། ཡང་འགའ་ཤས་གྲོང་ཁྱེར་གྱི་སྣ་འཛོམས་ཚོང་ཁང་དུ་འཁྱེར་བ་དང་། ཡང་འགའ་རེ་གྲོང་བརྡལ་གྱི་ཟ་ཁང་དུ་འཁྱེར་བ་ལྟར་སྔ་མོ་ནས་བཀོད་སྒྲིག་བྱས་པ་ཞིག་མ་ཡིན་པར་སྐྱེ་ཁར་ལམ་འགྲོ་རྒྱུག་མིན་ལ་རག་ལུས་པ་ཞིག་ཡིན་ནམ།
ངས་གྲོགས་པོ་སྡོད་སའི་ཁང་བརྩེགས་ནས་བདེ་ལེགས་སྨན་ཁང་འཁྲིས་ཀྱི་གཞུང་ལམ་དུ་ཟུག་པའི་རྐང་ལམ་ཕྲ་མོ་དེ་དེད་ནས་འགྲོ་བཞིན་པའི་ཚེ། མགོ་བོ་བཏེགས་ཏེ་ནམ་མཁར་བལྟས་པ་ན། སྤྲིན་པ་ཁ་པར་གྱི་འཆར་ཡོལ་ཙམ་ཡང་མ་མཆིས་པར་སྔོ་བསངས་ངེར་དང་ཉི་མ་གསལ་ཐིང་ངེར་འདུག་པས། སེམས་སུ་དུས་རྒྱུན་རྩོམ་ཡིག་ནང”ནམ་མཁའ་གཡུ་ཡི་མེ་ལོང་ལྟར་སྔོ་ཞིང་ཉི་མ་ནི་དེའི་དཀྱིལ་དུ་བཏབ་པའི་རྡོ་རྗེ་ཕ་ལམ་གྱི་ཁྲ་དང་མཚུངས་ཞེས་པ་འདི་ལྟ་བུ་ཞིག་ལ་ཟེར་བ་ཡིན་རྒྱུ་རེད་ཨང་དང་། ད་ལྟ་ཉི་མ་ཤར་ཀྱི་མཁའ་མཐའ་ན་འདུག་པས་གཡུ་ཡི་མེ་ལོང་གི་མཐའ་ན་བཏབ་པའི་ཁྲ་ཟེར་དགོས་ས་རེད།”སྙམ་པའི་ཚོར་སྣང་འགའ་སྐྱེས་པ་དང་། ཡིད་ལ་སྨྲ་མི་ཤེས་པའི་སྤྲོ་བ་ཞིག་འཕེལ་ཏེ་ཕྱིན།
ངས་རྐང་ལམ་ཕྲ་མོ་དེ་དེད་དེ་འགྲོ་བཞིན་པའི་སྐབས་སུ་མཐོང་ཐོས་བྱུང་བ་གཞན་ཞིག་ནི། འོག་གི་རྒྱ་གར་སློབ་ཆུང་དེའི་དགེ་སློབ་རྣམས་རེད། ཨུ་སུ་སྔོ་ནག་གི་སྒྲིག་ཆས་གྱོན་པའི་བྱིས་པ་རྣམས་ཐོག་བརྩེགས་གཉིས་ཅན་གྱི་འཛིན་ཁང་དེའི་གཞོགས་ཀྱི་ཐང་སྟེང་དུ་གྲལ་བསྒྲིགས་ནས་ལངས་འདུག་པ་དང་། མཐའ་འཁོར་དུ་སཱ་རས་དཀྲིས་པའི་བུད་མེད་དགེ་རྒན་ཚོ་བཞེངས་གདའ། ཁོང་ཚོས་ཐོག་མར་རྒྱལ་གླུ་ལོས་ཡིན་སྙམ་པ་ཞིག་བཏང་བ་དང་དེ་ནས་ལུས་རྩལ་རྩེ་འགོ་བརྩམས་སོང་། བྱིས་པ་ཚོའི་མདུན་གྱི་ཅུང་མཐོ་བའི་ས་སྟེགས་ཐོག་ཏུ་ཕྲན་ཙམ་རྒན་པའི་བུ་ཞིག་དང་བུ་མོ་ཞིག་བྱིས་པ་ཚོར་ཁ་འཁོར་ནས་ལངས་འདུག་ཅིང་། བུ་དེས་འགྱིག་གི་རྐུབ་བཀྱག་དཀར་པོའི་ཐོག་ཏུ་བཞག་པའི་རྔ་བརྡུངས་བའི་སྒྲ་ནི་ཉེ་འཁོར་གྱི་བར་སྣང་དུ་འཁོར་བཞིན་འདུག་ལ། བུ་མོ་དེས་དེ་ཙམ་སྙན་རྒྱུ་མེད་པའི་རྒྱ་གར་སྒྲ་གདངས་ཀྱིས་དབྱིན་སྐད་ནང་”རིག་པ་སྒྲིམས། མཆོངས”ཞེས་སྨྲ་བ་དང་སྦྲགས། རང་ཉིད་ཀྱང་མཆོང་བ་དང་ལག་ཟུང་བར་སྣང་དུ་གཡུག་པ་སོགས་བྱས་ཏེ་དཔེ་བསྟན་པས། གཤམ་གྱི་བྱིས་པ་ཚོའང་དུས་གཅིག་ཏུ་འུར་གྱིར་ལེར་མཆོང་བ་དང་ལག་པ་བར་སྣང་དུ་གཡུགས་སྟབས། ཞོགས་པའི་ཉི་འོད་འོག་ཏུ་ས་རྡུ་སྐྱ་འཚུབ་བེར་ལངས་པ་མཐོང་ཐུབ།
ངས་”བྱིས་པ་ཚོ་ལུས་རྩལ་རྩེ་སར་ཨར་འདམ་ཉུང་ཉུང་ཞིག་ཀྱང་འདིང་མི་ཐུབ་ཡིན་ནམ”སེམས་བཞིན་མུ་མཐུད་བལྟས། བྱིས་པ་ཚོས་ཡང་ཤ་དོད་པོ་དང་སྤྲོ་སྣང་ཆེན་པོས་ལུས་རྩལ་རྩེ་བཞིན་པའི་རྣམ་པ་དེས་ང་རང་བསམ་གཞིགས་ཀྱི་དྲྭ་བར་བཙུད།
“ཡུད་ཙམ་གྱི་དུས་ཡུན་ནང་བྱིས་པ་འདི་ཚོ་ཡང་ཆེན་པོར་གྱུར་ནས་དཀའ་ཁག་དང་འགྲན་རྩོད་ཆེ་བའི་སྤྱི་ཚོགས་འཚོ་བར་ཞུགས་ངེས་པ་དང་། དེ་དུས་ཁོང་ཚོས་སོ་སོའི་མི་ཚེའི་ནང་གི་དུས་ཚིགས་སྐྱིད་ཤོས་ནི་ད་ལྟ་ཉི་འོད་འོག་ས་རྡུལ་སྐྱ་འཚུབ་བེར་འཕག་མཆོང་བྱེད་པ་འདི་ཡིན་པ་རྟོགས་སྲིད། འོན་ཀྱང་སྐབས་དེར་ཐོན་དུས་ཞོགས་པ་འདི་དག་དྲན་འཆར་ཙམ་དང་རྨི་ལམ་ཙམ་དུ་གྱུར་ཟིན་ཨང་། ངོ་མ་མི་ཞིག་གི་མི་ཚེའི་སྐྱོ་གར་ཆེ་ཤོས་ནི་སྐྱིད་དུས་སྐྱིད་མི་ཚོར་བ་དེ་རེད།” ངས་བྱིས་པ་ཚོ་ལ་བལྟས་ཏེ་དེ་ལྟར་སེམས་བཞིན་པའི་ཚེ། སྐར་ཆ་མང་པོ་འདས་སོང་བ་འདྲ་སྟེ། ཁོང་ཚོས་ལུས་རྩལ་རྩེ་མཚམས་བཞག་པ་དང་འུར་གྱིར་ལེར་འཛིན་ཁང་དུ་བརྒྱུགས་སོང་། གཏོར་བཤིག་ཆེ་བ་རེ་གཉིས་ཀྱིས་གཉོམ་ཆུང་འགའ་ཕུད་རྒྱག་བརྒྱབས་ཏེ་སྒྱེལ་ལ་ཁད་བྱས་ནས་སྔོན་དུ་ཅི་ཞིག་ལེན་རྒྱུ་ཡོད་པ་བཞིན་ཤོར་སོང་།
བྱིས་པ་ཚོ་འཛིན་ཁང་དུ་འཛུལ་རྗེས་ཁོར་ཡུག་འཇམ་ཐིང་ངེར་གྱུར་བ་དང་ངས་རང་ཉིད་མུ་མཐུད་འགྲོ་དགོས་པ་དྲན། ངས་རྐང་ལམ་དེ་དེད་ནས་བདེ་ལེགས་སྨན་ཁང་བར་དུ་ཕྱིན་ཞིང་། དེར་ཅུང་ཙམ་བསྒུགས་མཐར་གླ་འཁོར་དཀར་པོ་ཞིག་ཐོན་བྱུང་བའི་ནང་དུ་བསྡད་དེ་མེག་ལོར་དུ་ཆས།
ངའི་དགའ་རོགས་ཀྱི་སྐྱེ་སྐར་སླེབ་ལ་ཉེ་བས། དེ་རིང་ང་མེག་ལོར་དུ་མོ་ལ་སྐྱེ་སྐར་ལེགས་སྐྱེས་ཤིག་ཉོ་བར་འགྲོ་བཞིན་ཡོད། ཡིན་ན་ཡང་ཞོར་དུ་ལས་ཀ་ཆེན་པོ་ཞིག་ཡོད་དེ། དེ་ནི་རང་ཉིད་ཀྱིས་འབྲི་འཆར་ཡོད་པའི་བརྩམས་སྒྲུང་<<སྤོ་བོ་ཉི་མ>>ཞེས་པ་དེའི་རྒྱུ་ཆ་འཚོལ་སྡུད་བྱེད་རྒྱུ་དེ་ཡིན། རྡ་སའི་རྒན་འཁོགས་ཀྱི་འཚོ་བར་གཞི་བཞག་སྟེ་འབྲི་འཆར་ཡོད་པའི་སྒྲུང་དེ་ལེགས་པོ་ཞིག་འཁྱོང་ཆེད། ངས་ཁོང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་ལམ་དེ་རྒྱུས་ལོན་གཏིང་ཟབ་ཅིག་བྱ་དགོས་པར་མཐོང་། དེ་བས་གླ་འཁོར་གཙུག་ལག་དང་རྡ་སའི་ཁྲོམ་དུ་འགྲོ་སའི་ལམ་གྱི་ཉིས་མདོ་ལ་སླེབས་དུས་ངས་གླ་འཁོར་བཀག་སྟེ་མར་བབས་རྗེས། གླ་བཙའ་སྤྲད་དེ་གཙུག་ལག་ཁང་ནས་ཐུར་དུ་རྒྱུ་བའི་ལམ་དེ་བརྒྱུད་ནས་སྐོར་ལམ་ཕྱོགས་སུ་ཕྱིན།
དྲང་པོར་བཤད་ན། ད་ཐེངས་འདི་འབྲི་འཆར་ཡོད་པའི་བརྩམས་སྒྲུང་དེའི་ཆེད་དུ་རྡ་སར་ཡོང་བ་ཐེངས་གཉིས་པ་ཡིན། ཐེངས་དང་པོ་དེ་ད་ལོའི་ལོ་ཕྱེད་ཡིག་རྒྱུགས་སྐབས་སུ་ཡིན་ཏེ། སློབ་མ་གཞན་རྣམས་རྒྱལ་རབས་ནང་གི་གལ་ཆེའི་ལོ་ཚིགས་དང་མི་སྣ། དོན་རྐྱེན་དང་། དེ་བཞིན་སློབ་ཚན་གཞན་གྱི་མཚན་ཉིད་དང་དབྱེ་བ་སོགས་བློ་ལ་འཛིན་རྒྱུར་བྲེལ་བཞིན་ཡོད་དུས། ང་རང་ཆེད་དུ་རྡ་སར་ཡོང་ནས་སྐོར་བ་ཐེངས་གཅིག་ཕྱིན་ཞིང་། ཅི་ནུས་ཀྱི་སྐོར་ལམ་གཡས་གཡོན་ལ་དོ་སྣང་དང་། རྒན་འཁོགས་སྐོར་ར་བ་ཚོར་ཁ་བརྡ་བྱས་ཏེ་ཁོང་ཚོའི་འཚོ་བ་རྒྱུས་ལོན་ཐབས་བགྱིས་པ་མ་ཟད། རྡ་སའི་སྲང་ལམ་གྱི་ཁྲོམ་དང་འདུ་འཛི། དེ་བཞིན་ཉི་མ་བཞུད་ཁའི་རྡ་སའི་རི་གྲོང་གི་རྣམ་པ་སོགས་ལ་ཞིབ་ལྟ་བྱས། འོན་ཏེ་ཕྱིར་སློབ་གྲྭའི་ནང་ཐོན་དུས་བློ་ལ་དེ་ཙམ་འཆར་རྒྱུ་མ་མཆིས་པས་དེ་རིང་སྐྱེ་སྐར་ལེགས་སྐྱེས་ཉོ་ཞོར་དུ་སླར་ཡང་ཞིབ་ལྟ་ཐེངས་གཅིག་བྱེད་འདོད་པ་ཡིན། ད་ཐེངས་ང་རང་སྔོན་མ་ལས་ཀྱང་གྲ་སྒྲིག་ཆེ་བ་ཡོད་དེ། ངས་རྒྱབ་ཏུ་ཁུར་བའི་ཁུག་མའི་ནང་དུ་གློག་ཀླད་དང་ཨ་ཕེ་ཊི(iPad)། སྨྱུ་གུ་དང་བྲི་དེབ་བཅས་རྩོམ་འབྲི་མཁན་ཞིག་ལ་མཁོ་བའི་ཡོ་ཆས་མ་ཚང་བ་མེད་པ་བླུགས་ཡོད་ལ། སེམས་པའང་ཅི་ཞིག་སྦྱོང་འདོད་དང་འཁྱེར་འདོད་ཀྱི་སྤྲོ་བ་དང་རྔམ་སེམས་ཀྱིས་ཁེངས།
ངས་གཙུག་ལག་ཁང་གི་སྒོ་འགྲམ་ནས་ཐུར་དུ་རྒྱུ་བའི་གཞུང་ལམ་བསྐྱུར་ཏེ་༧ཡིད་བཞིན་ནོར་བུའི་ཕོ་བྲང་ཆགས་སའི་རི་གདོང་གི་མགུལ་ནས་གྱ་གྱུར་ཐེན་པའི་སྐོར་ལམ་ལ་ཞུགས། ང་རང་ཐོག་དང་པོར་རྡ་སར་འབྱོར་ནས་སྐོར་བ་འགྲོ་དུས། སྐོར་ལམ་འདི་ཅུང་དོག་པའི་ཐོག་འདམ་ཆུ་འཁྱིལ་ནས་ལྷམ་མི་བརྫད་པར་འགྲོ་དཀའ་བ་ཞིག་ཡིན་པ་དྲན་མོད། འོན་ཀྱང་ད་ལྟ་ལམ་དེ་ཕྲན་བུ་རྒྱ་བསྐྱེད་པ་མ་ཟད་ཨར་འདམ་སྲབ་མོ་ཞིག་བཏིངས་ནས་མ་མཐར་ཡང་དེ་ལ་སེམས་ཁྲལ་བྱེད་མི་དགོས་པ་བཟོས་གདའ།
ངས་རིག་པ་གྲུང་གྲུང་དང་མི་རྣོ་རྣོས་གྱུ་གྱུའི་སྐོར་ལམ་ཕྲ་མོ་བརྒྱུད་ནས་འགྲོ་དུས། ཐོག་མར་དོ་སྣང་བྱུང་བ་ནི་སྤྲེའུ་འགའ་རེད། རྐུབ་དམར་ཞིང་བརླ་ཡི་སྤུ་ཕྲན་བུ་ཟད་པའི་ཐོག མི་མདངས་ཀྱང་དེ་འདྲའི་མི་བཀྲ་བའི་སྤྲེའུ་དེ་དག་མི་ལ་ཞེད་དང་འཚེར་སྣང་ཅི་ཡང་མེད་པར་ལམ་ཟུར་གཡས་གཡོན་ན་ཡར་འགྲོ་མར་ཉུལ་བྱེད་ཀྱིན་འདུག་ཚུལ་ལ་བལྟས་ན། བྱམས་སྙིང་རྗེ་ཆེ་བའི་སྐོར་ར་བ་ཞིག་གིས་ཟས་རེ་སྦྱིན་པ་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་སྣང་། ངའི་སེམས་ནང་ཁོ་ཚོའི་མིག་ལ་ཐད་ཀར་བལྟས་ན་ཚུར་རྒོལ་འདྲ་བྱ་སྲིད་སྙམ་པའི་ཞེད་སྣང་ཕྲན་བུ་ཞིག་སྐྱེས་རུང་། ཞེད་སྣང་དེ་ཕྱི་ལ་མངོན་དུ་མ་བཅུག་པར་ཁོ་ཚོའི་འཁྲིས་ནས་ཕྱིན་པས། མིག་ཟུར་ནས་ཁོ་ཚོས་ང་ལ་ལྟ་ཙམ་ཡང་མི་བྱེད་པ་མཐོང་།
མུ་མཐུད་རིག་པ་བསྒྲིམས་ནས་དལ་བུར་ཕྱིན་པ་ན། སྐོར་ལམ་གཡས་ཀྱི་ལྗོན་ཤིང་(སྐོར་བའི་ནང་དུ་ཆུད་འདུག)མཐོན་པོ་དག་གི་སྟེང་ནས་ཕར་ཚུར་དཔྱངས་པའི་དཀར་སེར་དམར་ལྗང་གི་དར་ལྕོག་རྣམས་ཁྲ་ལམ་མེར་འདུག་ལ། ངོ་གདོང་ཁོ་ནས་ཚོར་ཐུབ་པའི་ཞོགས་པའི་བསིལ་རླུང་འཇམ་པོའི་ཁྲོད་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། དར་ལྕོག་དེ་དག་གི་ཁྲོད་ནས་ལ་ལ་ནི་གསར་དུ་བཏགས་མ་ཐག་ཡིན་པས་བཀྲག་མདངས་རབ་ཏུ་འཚེར་བ་དང་། ཡང་འགའ་ཤས་ནི་ལོ་ཟླའི་ཉི་འོད་དང་། ཆར་བ། རླུང་བུ་སོགས་ཀྱི་འོག་ཏུ་བརྡར་ཟད་ཕྱིན་ནས་རྙིང་བར་གྱུར་སྟབས། ཐོག་མའི་ཚོན་མདངས་དང་བཀྲག་ཤོར་ནས་སྐྱ་ཤར་རེར་ཆགས་པ་མ་ཟད། སྣེ་མོའང་ཟད་དེ་རལ་ཧྲུལ་དུ་གྱུར་འདུག ངས་དར་ལྕོག་དེ་དག་ལ་ལྟ་བཞིན་དབྱིན་ཇིའི་རྩོམ་ཡིག་གང་ཞིག་གི་ནང་མཐོང་བའི་དར་ལྕོག་དང་འབྲེལ་བའི་སྐད་ཆ་ཞིག་དྲན་བྱུང་། “བོད་པ་གང་ན་ཡོད་ས་དེར་དར་ལྕོག་མཐོང་རྒྱུ་ཡོད་ལ། དར་ལྕོག་གང་ན་མཐོང་རྒྱུ་ཡོད་ས་དེར་བོད་པ་ཡོད།”
ངས་”ངོ་མ་དར་ལྕོག་འདི་ཡང་བོད་རིགས་ཀྱི་མཚོན་དོན་གཅིག་རེད་འདུག་ཨང་”སེམས་བཞིན་མུ་མཐུད་སྐོར་ལམ་དེད་དེ་ཕྱིན། ད་ནི་གཞུང་ལམ་རྒྱབ་ཏུ་བསྐྱུར་ནས་གང་མཚམས་སླེབས་པས། རྣ་བར་གཟན་པའི་རླངས་འཁོར་དང་སྦག་སྦག་གི་འུར་སྒྲ་དང་དུང་སྒྲ་སོགས་ཐོས་རྒྱུ་མེད་པ་དང་། དེའི་ཚབ་ཏུ་ནགས་ཀྱི་ལྗོན་ཤིང་གི་ཡལ་གའི་སྟེང་དུ་བབས་པའི་བྱ་བྱིའུ་དང་། ལོ་མ་དང་རྩྭ་གསེང་དུ་གབ་པའི་འབུ་སྲིན་དག་གི་ཆིལ་ཆིལ་ཚིལ་ཚིལ་གྱི་སྒྲ་དབྱངས་ཧ་ཅང་གསལ་ཞིང་། གཡའ་དག་པའི་མཁའ་དབྱིངས་ན་ཕོ་རོག་གྲངས་མེད་ཅིག་ནག་རི་ལེར་ལྡིང་འཁོར་བྱེད་བཞིན་”གྷའ་གྷའ་གྷའ”ཞེས་འགྲན་པ་ལྟར་སྒྲོག
ངས་ཁོར་ཡུག་གི་རྣམ་པ་དེ་སེམས་ནང་འཛིན་ཅི་ཐུབ་བྱེད་ཀྱིན་མུ་མཐུད་གོམ་པ་རེ་རེ་བཞིན་མདུན་དུ་སྤོས་ཏེ་ཕྱིན་པས། མ་ཎི་རྡོ་བརྐོས་དག་མིག་ལམ་དུ་མངོན་བྱུང་། རྡོ་ལེབ་དང་ཕ་བོང་གི་ངོས་སུ་མ་ཎི་དང་བྷེ་འཛར། སྒྲོལ་མའི་གཟུངས་སྔགས་རྣམས་ཧ་ཅང་ཞིབ་ཚགས་དང་གྲ་དག་པོས་བརྐོས་འདུག་པ་མ་ཟད། མང་ཤོས་ཀྱི་ཐོག་ཏུ་ཚོན་རྩི་བསྐུས་སྟེ་ༀ་དཀར་པོ་དང་། མ་ལྗང་ཁུ། ཎི་སེར་པོ། པད་སྔོན་པོ། མེ་དམར་པོ། ཧུཾ་སྔོ་ནག་ཏུ་བསྒྱུར་གདའ། ད་དུང་རྡོ་བརྐོས་དེ་དག་གི་ཁྲོད་ན་ཐོག་ཏུ་”བོད་རང་བཙན་དགོས”དང་”ཀརྨ་པ་མཁྱེན་ནོ”ཞེས་པའི་རེ་སྨོན་བརྐོས་པའི་རྡོ་ལེབ་རེ་གཉིས་ཀྱང་བཤམས་འདུག ངས་རྡོ་ཡི་ངོས་དང་ཕ་བོང་གི་སྟེང་དུ་ཁྲ་ཤར་རེར་བརྐོས་པའི་གཟུངས་སྔགས་དེ་དག་ལ་བལྟས་ཏེ་ཡིད་ལ་རྡོ་རྐོ་བ་ཚོས་དུས་ཚོད་དང་ནུས་ཤུགས་ཅི་འདྲའི་མང་པོ་ཞིག་བཏང་ནས་འདི་དག་བརྐོས་ཡོད་ཨང་དྲན་པ་དང་། “བོད་པ་གང་ན་ཡོད་ས་དེར་མ་ཎི་རྡོ་བརྐོས་ཡོད་ཅིང། མ་ཎི་རྡོ་བརྐོས་གང་ན་ཡོད་ས་དེར་བོད་པ་ཡོད”ཅེས་པའི་བཤད་སྲོལ་གསར་བ་ཞིག་བསྣན་ན་ཆོག་འདུག་དྲན།
མ་ཎི་རྡོ་བརྐོས་དེ་དག་གི་འཁྲིས་སུ་ད་རུང་ཤིང་གི་ལག་སྒྲིལ་ཆུང་ཆུང་འགའ་ཤས་བཙུགས་འདུག་པ་རྣམས་ལག་པ་གྲངས་མེད་ཀྱིས་བསྐོར་ནས་ངོས་འཇམ་ཟད་དུ་གྱུར་ཞིང་རྙིང་དྲགས་པས། སྐོར་དུས་འུར་སྒྲ་དང་ཙིར་སྒྲ་ཞིག་ལྷན་དུ་གྲག་པ་དང་ལག་པས་ཀློད་མ་ཐག་འཁོར་མཚམས་ཆད་འགྲོ། ངས་ལག་པ་གཡས་པས་ལག་སྒྲིལ་དེ་དག་བསྐོར་ནས་མུ་མཐུད་ཕྱིན་པས། རི་གདོང་ལ་འབྱོར་ཞིང་དེར་ངལ་གསོ་སའི་ལྕགས་ཀྱི་རྐུབ་བཀྱག་གཉིས་འདུག་པའི་གཅིག་གི་སྟེང་དུ་བསྡད་ཅིང་། རྒྱབ་ཁུག་ནས་སྨྱུ་གུ་དང་འབྲི་དེབ་བཏོན་ནས་མཐོང་སྣང་དག་གང་བསྡུས་ཀྱིས་ཤོག་ངོས་སུ་འབེབས་འགོ་བརྩམས།
ངས་སུ་ཞིག་གིས་སྐོར་ར་བ་ཚོའི་ཆེད་དུ་རི་གདོང་དེར་བཞག་པའི་རྐུབ་བཀྱག་གི་སྟེང་དུ་བསྡད་དེ་མཐོང་ཐོས་བསམ་གསུམ་གྱི་གནས་ཚུལ་དག་ཡི་གེར་འབེབས་བཞིན་རྒྱང་ལྟ་བྱེད་ཙ་ན། འོག་གི་རྡ་ཤོད་གྲོང་བརྡལ་དང་། ཐག་རིང་གི་ཀང་རཱ་རྫོང་། དེ་བཞིན་ཆེས་ཐག་རིང་ན་ནག་ཤིག་གེར་ཆགས་པའི་རི་བོ་དག་དུ་ཞག་སྔོན་པོ་སྲབ་མོ་ཞིག་གིས་བཏུམས་ནས་འདུག་ལ། མཐའ་དང་མཚམས་མེད་པར་འཚངས་བའི་ཨ་འདམ་གྱི་ཁང་བརྩེགས་མང་ཤོས་ཀྱི་ཐོག་ལ་ཚོན་རྩི་དམར་པོ་དང་ལྗང་ཁུ་བྱུགས་ཡོད་པ་ཐོག་མར་དོ་སྣང་བྱུང་།
ད་དུང་འོག་གི་རྡ་ཤོད་ཀྱི་ཁང་བརྩེགས་རེ་རེའི་ཐོག་ཏུ་ཆུ་གསོག་སའི་འགྱིག་སྣོད་ནག་པོ་ཆེན་པོ་རེ་མེད་པ་མི་འདུག་པས། ངས་”བོད་ནང་དུ་ཡིན་ན། དུད་ཚང་རེའི་ཁང་ཐོག་ན་ཐུན་མོང་དུ་ཡོད་པ་ནི་དར་ལྕོག་དཀར་པོ་དང་ཐོག་ཁ་ནས་གྲུ་གང་ཙམ་ཕྱི་ལ་དོན་པའི་དུ་ཁུང་གི་སྣེ་མོ་ཡིན་ཨང”་སྙམ་པ་དང་། ཆུང་དུས་གྲོང་པའི་རྒྱབ་ཀྱི་རི་བོའི་ལྡེབས་སུ་བིའུ་རྫིར་འགྲོ་སྐབས། སྐྱ་ལེབ་ལེབ་ཀྱི་ཁང་པའི་ཐོག་དང་། ཐོག་ཟུར་ན་ལྷབ་ལྷུབ་གཡོ་བའི་དར་ལྕོག ད་དུང་དུ་ཁུང་གི་སྣེ་ནས་འཕྱུར་ཏེ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་དལ་བུར་མཁའ་དབྱིངས་སུ་སྙེག་བཞིན་པའི་སྐྱ་ལྷོག་ལྷོག་གི་དུ་བ་བཅས་གྲོང་ཚོའི་རྣམ་པ་དེ་ཧ་ལམ་སྐར་མ་གཅིག་གི་གོང་དུ་མཐོང་བ་བཞིན་ཝ་ལེར་ཤར་བྱུང་བས། སྨྲ་མི་ཤེས་པའི་ཚོར་སྣང་སྐྱུར་མོ་ཞིག་གིས་ངའི་སེམས་པ་ལྗིད་ཏིག་གེར་བཏང་སོང་བ་དང་། ཡོད་ཚད་དོན་དངོས་མ་ཡིན་ལ་རྨི་ལམ་ཡང་མ་ཡིན་པ་དང་། ཡོད་པ་མ་་ཡིན་ལ་མེད་པའངམ་་ཡིན་པའི་ཚོར་སྣང་ཡ་མཚན་ཅན་ཞིག་སྐྱེས་བྱུང་།
ངས་དེ་ལྟར་དུ་ཞག་སྔོན་པོའི་ཁྲོད་དུ་ཁུ་སིམ་མེར་གནས་པའི་རྡ་ཤོད་གྲོང་བརྡལ་དང་ཀང་རཱ་རྫོང་། ད་དུང་མིང་མི་ཤེས་པའི་ཐག་རིང་གི་རི་བོ་དེ་དག་ལ་བལྟས་ཏེ་བསམ་གཞིགས་དང་ཕྱིར་དྲན་སྣ་ཚོགས་བྱེད་བཞིན་པའི་སྐབས་སུ། སྐོར་ལམ་ཐོག་སྐོར་ར་བ་འགྲོ་བའི་རྒྱུན་ཧ་ལམ་མི་ཆད་པ་དང་དེ་དག་མང་ཤོས་ནི་རྒན་འཁོགས་རེད། ཁོང་ཚོས་ལག་གཡོན་པར་ཕྲེང་བ་ཐོགས་ཤིང་གཡས་པ་འཁར་བ་བརྟེན་ནས་གཞུ་ལྟར་གུག་པའི་ལུས་པོ་གཡས་ཡོ་གཡོན་ཡོ་བྱེད་ཀྱིན་འགྲོ་བ་དང་། དབུགས་ཀྱི་འབྱིན་རྔུབ་དང་བསྟུན་ནས་སྐབས་རེར་མ་ཎི་དང་སྒྲོལ་མ་སོགས་འདོན་པའི་སྒྲ་ཧ་ཅང་གསལ་བ་དང་ཡང་སྐབས་རེར་ཁུ་སིམ་མེར་འགྱུར་འགྲོ
ཁོང་ཚོས་དཀའ་སྤྱད་སྡུག་རུས་ཆེན་པོས་སྐོར་བ་འགྲོ་སྟངས་དང་ཁ་འདོན་བྱེད་ཚུལ་ལ་བལྟས་ན། སྤྲོ་བ་ཆེན་པོས་ད་ལྟའི་རྒས་ཤིང་གོག་པའི་ལུས་པོ་འདི་བད་སྤྱད་དེ་དགེ་བ་གང་མང་མང་ཞིག་བསགས་ནས་ཚེ་ཕྱི་མར་ལུས་རྟེན་བཟང་བ་ཞིག་དང་གསར་པ་ཞིག་ཐོབ་པའི་སྟ་གོན་བྱེད་པ་ལྟར་སྣང་། ངས་སྐབས་རེར་གསལ་ལ་སྐབས་རེར་མི་གསལ་བའི་འདོན་པའི་སྒྲ་དབྱངས་དང་ལྷན་དུ་སྐོར་བར་འགྲོ་བཞིན་པའི་རྒན་འཁོགས་དེ་དག་ལ་ལྟ་བཞིན། མི་རིགས་གཞན་དག་གི་རྒན་འཁོགས་ཚོ་ཉི་མ་མི་འཁྱོལ་བའི་དཀའ་སྡུག་འཕྲད་བཞིན་པའི་གནས་ཚུལ་དྲན་པ་དང་། རྒས་ནས་ནུས་མེད་སྟོབས་ཟད་དུ་འགྱུར་དུས་ཆོས་ལུགས་ཀྱི་དད་པ་དང་ཡིད་ཆེས་ནི་བདེ་སྐྱིད་དང་སེམས་གསོའི་འབྱུང་ཁུངས་ཡིན་པའི་ངེས་ཤེས་ཟབ་མོ་ཞིག་རྙེད།
རི་གདོང་དེར་ཆུ་ཚོད་གཅིག་ལྷག་བསྡད་དེ་རང་གི་མྱོང་བ་རྣམས་ཡི་གེར་ཕབ་རྟིང་། ལུས་པོ་ཕྲན་བུ་གྲང་ཞིང་ལག་པ་འཁོབ་གྲབས་བྱེད་པས་ངས་སྨྱུ་གུ་དང་འབྲི་དེབ་ཕྱིར་ཁུག་མའི་ནང་དུ་བླུགས་སྟེ་ཁུག་མ་རྒྱབ་ཏུ་གཡུགས་པ་དང་། ལག་ཟུང་སྟོད་ཐུང་གི་གློ་ཁུག་གཡས་གཡོན་དུ་བཅུག་ནས་སླར་སྐོར་ལམ་དུ་ཞུགས། ད་དུང་རིག་པ་གྲུང་གྲུང་གིས་རང་ཉིད་ཀྱིས་འབྲི་འཆར་ཡོད་པའི་བརྩམས་སྒྲུང་ནང་དུ་བཀོལ་ལོ་བའི་རྒྱུ་ཆ་རེ་ཨེ་རིག་ལྟ་བཞིན་ཕྱིན་པས། སྐོར་ལམ་ཟུར་གྱི་ས་སྟེགས་དང་རྡོ་འབུར་ལ་རྒན་འཁོགས་རེ་གཉིས་བསྡད་དེ་དབུགས་ངལ་གསོ་བ་ལ་ཐུག་བྱུང་སྟེ། ཁོ་ཚོས་འཁར་བ་གཞོགས་སུ་བསྙེས་ནས་བཞག་འདུག་མོད་ཕྲེང་བ་ད་དུང་ལག་ཏུ་བཟུང་སྟེ་འདོན་པ་བགྲང་མཚམས་མི་འཇོག ང་རང་ཁོང་ཚོའི་འཁྲིས་ནས་འགྲོ་དུས་འགའ་རེས་ཆེས་ཡིད་དུ་འོང་བའི་འཛུམ་རེ་བསྟན་ནས་འཚམས་འདྲི་སྟབས་བདེ་རེ་བྱེད་པ་དང་། ཡང་ལ་ལས་མགོ་བོ་འགྱོགས་ཙམ་ཡང་མི་བྱེད་ཚུལ་ལ་བལྟས་ན་ང་ནི་ཁོང་ཚོའི་འཁྲིས་ནས་ཁུ་སིམ་མེར་རྒྱུ་བའི་གཟུགས་མེད་ཀྱི་རྣམ་ཤེས་ཤིག་ཡིན་པའི་སྣང་བ་བྱིན།
སྐར་མ་བཅུ་ཙམ་ཕྱིན་མཐར་བྱམས་པ་གླིང་རྒས་གསོ་ཁང་དུ་འགྲོ་སའི་ལམ་ཆུང་གི་སར་འབྱོར། རྒས་གསོ་ཁང་དེ་ནི་སྐོར་ལམ་གྱི་འོག་ཏག་ཏག་ན་ཆགས་ཀྱང་། ལྗོན་ཤིང་དག་གིས་བསྒྲིབས་ནས་ཐོག་བརྩེགས་ཀྱི་གྱང་སེར་པོ་དང་ཐོག་གི་ཆ་ཤས་འགའ་ལས་མཐོང་མི་ཐུབ། ངས་འབྲི་འཆར་ཡོད་པའི་སྒྲུང་གི་མི་སྣ་གཙོ་བོ་སྟེ་སྤོ་བོ་ཉི་མའང་རྒས་གསོ་ཁང་དེར་ཚེ་སྨད་སྐྱེལ་བཞིན་པའི་རྒན་འཁོགས་ཁྲོད་ནས་གཅིག་ཡིན་པས། ཐེངས་སྔོན་མར་ང་ཆེད་དུ་རྒས་གསོ་ཁང་དེ་རྒྱུས་ལོན་ཕྲན་བུ་བྱེད་དུ་ཕྱིན་ཞིང་། དེར་རྒན་འཁོགས་ཁྱོན་བསྡོམས་བརྒྱ་ལྷག་ཙམ་ཡོད་པའི་ཁྲོད་ནས་མང་ཤོས་ཆིག་སྟོང་དགུ་བརྒྱ་ང་དགུ་དང་དྲུག་ཅུའི་ནང་དུ་རྒྱ་གར་ལ་འབྱོར་ཞིང་། གཅེས་པའི་ཕ་ཡུལ་དགྲ་ལག་ནས་ཕྱིར་ལེན་པའི་སླད་དུ་དམག་ལ་ཞུགས་ཀྱང་དོན་དངོས་ཡོད་ཚད་ཁོང་ཚོའི་འདོད་པའི་ལྡོག་ཕྱོགས་སུ་སོང་ནས་ཕ་ཡུལ་ཕྱིར་ལོན་རྒྱུ་ལྟ་ཅི་སྨྲོས། ཐ་ན་སོ་སོའི་མི་ཚེའང་ཕྲོ་བརླག་ཏུ་ཕྱིན་ནས་དེར་བསླེབས་པ་ཞིག་ཡིན་པ་ཤེས། ངས་རྒན་པོ་འགའ་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་གཏིང་ཟབ་ཅིག་བྱ་དགོས་སྙམ་རུང་ནང་སྲིད་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་འདུག་པས་སྟབས་མ་འགྲིག་པར་བསྐྱུར་དགོས་བྱུང་།
དེ་རིང་ངས་རྒན་གསོ་ཁང་གི་ཁ་ཁུ་སིམ་པའི་ཁོར་ཡུག་དང་། རྒན་འཁོགས་ཚོའི་ངོ་གདོང་གི་སྟོང་སང་སང་གི་རྣམ་འགྱུར། ད་དུང་རྒན་འཁོགས་ཚོ་ཁོ་ནར་དབང་བའི་ལུས་དྲིས་སྦགས་པའི་མཁའ་དབུགས་སོགས་ཡིད་ལ་དྲན་བཞིན་འགྲོ་དུས། རྒས་གསོ་ཁང་ལ་འགྲོསའི་སྒོ་ཆུང་འགྲམ་གྱི་ཚོན་རྩི་སྔོན་པོ་བྱུགས་པའི་གྱང་རྙིང་གི་ལྡེབས་སུ་མ་ཎི་ཆེན་པོ་ཞིག་ཡོད་པའི་གཡས་གཡོན་ན་”སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག”ཅེས་པའི་སྨོན་ལམ་དབྱིན་བོད་གཉིས་ཀའི་ནང་བྲིས་ཡོད་པ་དོ་སྣང་བྱུང་། ངས་གོམ་པའི་འདེགས་འཇོག་གི་མཚམས་མ་བཞག་པར་མུ་མཐུད་བསམ་གཞིགས་སྣ་ཚོགས་བྱེད་ཀྱིན་ཕྱིན་པས་ལྷ་རྒྱལ་རི་ལ་འབྱོར། དེར་ཐོག་མར་ལག་སྒྲིལ་གསར་པ་ཐར་ཐོར་འགའ་དང་ཐུག་པ་དེ་དག་ལག་པ་གཡས་པས་བསྒྲིལ་ནས་སོང་བ་དང་དེ་ནས་མ་ཎི་ལག་སྒྲིལ་ཆེན་པོ་དང་། མཆོད་རྟེན། ཚར་དུ་དངར་བའི་ལག་སྒྲིལ་དག་རིམ་པས་མཇལ་བྱུང་།
ངས་ཚར་དུ་དངར་བའི་ལག་སྒྲིལ་རྣམས་ཀྱི་ལ་ལ་བསྐོར་ཞིང་འགའ་ཤས་བསྐྱུར་ནས་ཕྱིན། ལག་སྒྲིལ་དག་གི་དཀྱིལ་ཙམ་ལ་རྡོ་རིང་ཞིག་བཙུགས་འདུག་པའི་ངོས་ཀྱི་ཡི་གེ་བཀླགས་པས། ༧གོང་ས་མཆོག་མཆོག་གི་བཀའ་ཕེབས་རྗེས་བོད་མི་ཚོས་པགས་རིགས་རྣམས་མེས་བསྲེགས་ཏེ་སླར་མི་གྱོན་བའི་དམ་བཅའ་ཕུལ་བའི་དྲན་རྟེན་ཡིན་འདུག་ལ། རྡོ་རིང་དང་ཐག་མི་རིང་བའི་གཡས་ཕྱོགས་སུ་རྡོ་དཀར་པོས་བཟོས་པའི་རྒན་གཞོན་གཉིས་ཀྱི་ཁོག་སྟོད་ཀྱི་འདྲ་སྐུ་གཉིས་བསླངས་གདའ་བ་ནི། བོད་དོན་ཆེད་དུ་རང་གི་གཅེས་པར་འོས་པའི་ལུས་སྲོག་མེ་ལ་སྲེག་མཁན་གྱི་དཔའ་བོ་ཐོག་མ་ཐུབ་བསྟན་དངོས་གྲུབ་དང་། ༢༠༡༢ལོར་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐོའོ་རྒྱ་གར་དུ་ཡོང་སྐབས་རྒྱལ་ས་ལྡི་ལིར་མེ་སྲེག་གནང་མཁན་དཔའ་བོ་འཇམ་དཔལ་ཡི་ཤེས་གཉིས་རེད། ཁོང་གཉིས་ཀྱི་འདྲ་སྐུའི་མགུལ་དུ་ཁ་བཏགས་རེ་བསྐོན་འདུག་པ་ནི་རྙིང་ནས་ནག་པོར་གྱུར་བ་དང་། འདྲ་སྐུའི་འོག་ཏུ་ཁོང་གཉིས་ཀྱི་ལོ་རྒྱུས་ཐུང་ངུ་རེ་དང་ད་དུང་དཔའ་བོ་འཇལ་དཔལ་ཡི་ཤེས་ཀྱི་ཞལ་ཆེམས་ཡི་གེ་དག་ཀྱང་བརྐོས་འདུག དཔའ་བོ་གཉིས་ཀྱི་འདྲ་སྐུ་དེ་ཉི་འོད་འོག་ཏུ་ཁུ་སིམ་མེར་དང་འགུལ་མེད་དུ་ལངས་ཏེ་འགྲམ་ནས་རྒྱུ་བའི་སྐོར་ར་བ་ཚོ་ལ་ལྟ་བའི་རྣམ་པ་དེས་བདག་ལ་སྨྲ་མི་ཤེས་པའི་ཚོར་སྣང་སྐྱུར་མོ་ཞིག་སྦྱིན་བྱུང་།
སྐོར་ལམ་གྱི་གཡོན་ཕྱོགས་ན་ཁང་པ་འགའ་དང་གཟའ་ཁེབས་ཆེན་པོ་ཞིག་ཕུབ་འདུག་པའི་ནང་དུ་ལྕགས་ཀྱི་རྐུབ་སྟེགས་རིང་པོ་གང་མང་བཞག་འདུག་པ་དང་། སྐོར་ར་བ་རྒན་འཁོགས་ཁ་ཤས་གོང་ལྟར་འཁར་བ་གཞོགས་སུ་བསྙེས་ནས་ངལ་གསོ་ཞོར་ཁ་བརྡ་སྣ་ཚོགས་གློད་བཞིན་མཆིས། ད་རུང་གཟའ་ཁེབས་ཀྱི་གྱང་ལྡེབས་ན་སེར་སྐྱ་ཕོ་མོའི་འདྲ་པར་མང་པོ་ཞིག་གོ་རིམ་མེད་པར་བཤམས་འདུག་པ་ནི། ཉེ་བའི་ལོ་འགའི་ནང་དུ་རང་ལུས་མེ་སྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་བརྒྱ་ལྷག་གི་འདྲ་པར་དང་མཚན་རེད། དེ་དག་གི་ཁྲོད་ནས་མཚན་ལས་འདྲ་པར་མེད་པའང་གང་མང་འདུག་ལ། ཁོང་ཚོའི་འདྲ་པར་གྱི་ཚབ་ཏུ་མི་མགོའི་དབྱིབས་རེ་ནག་ཁུང་ངེར་སྦྱར་གདའ།
ངས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་འདྲ་པར་ལ་བལྟས་ཏེ་ཡིད་སྐྱོ་བའི་གནས་ཚུལ་ཞིག་དྲན་བྱུང་བ་ནི། རང་ལུས་མེ་སྲེག་གི་ལས་འགུལ་ཐོག་མར་འགོ་ཚུགས་དུས། བོད་མི་རེ་རེའི་ངོ་གདོང་ན་ཧང་སང་བ་དང་། ཡིད་མི་ཆེས་པ། སྐྱོ་བ་དང་སྡུག་བསྔལ། དེ་བཞིན་ཞེ་འཁོན་དང་རེ་བའི་རྣམ་འགྱུར་ཅི་དང་ཅི་རིགས་པ་རེ་བསྟན་ཏེ། ལག་ཏུ་མེ་སྲེག་གཏོང་མཁན་གྱི་དཔའ་བོའི་འདྲ་པར་དང་མར་མེ་ཁྱེར་ཞིང་ངག་ནས་འབོད་ཚིག་སྣ་ཚོགས་སྒྲོག་བཞིན་མེག་ལོར་གྱི་ཁྲོམ་སྲང་ནས་གཙུག་ལག་ཁང་དུ་བཞུར་དུས་རླངས་འཁོར་གྱི་འགྲོ་ལམ་ཡང་བཀག་སོང་།
ཡིན་ན་ཡང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཏུ་བྱིས་པའི་ཨ་མ་དང་། ཁྱིམ་ཚང་གི་ཨ་ཕ། ན་གཞོན་སློབ་གྲྭ་བ། དགོན་པའི་གྲྭ་པ་སོགས་ལས་རིགས་དང་རྒན་གཞོན་ཐམས་ཅད་ཀྱིས་འཚེ་མེད་ཞི་བའི་ལམ་དེ་བདམས་ནས་མི་སྤྱོད་ལས་འདས་པའི་གདུག་རྩོབ་དེར་ངོ་རྒོལ་བགྱིས་རུང་། བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་མ་བྱུང་བར་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་པས། བོད་མི་ཚོའི་ངོ་གདོང་གི་རྣམ་འགྱུར་དེ་ཡིད་ཆད་ཁོ་ནར་གྱུར་ནས་མར་མེའི་ཁྲོམ་སྐོར་དང་སྐད་འབོད་བྱེད་མཁན་ཉུང་དུ་ཕྱིན་པ་མ་ཟད། ད་ལྟ་རང་ལུས་མེ་སྲེག་གི་གནས་ཚུལ་རེ་གོ་དུས་མི་མང་ཤོས་ལ་ཧ་ལམ་ཆེས་རྒྱུན་ལྡན་གྱི་གནས་ཚུལ་སྤྱིར་བཏང་ཞིག་གོ་བ་ལྟར་ཚོར་སྣང་མེད་པ་དང་། མི་རིགས་དང་རྒྱལ་ཁབ་ལ་ལྷད་མེད་ཀྱི་བརྩེ་བ་ཡོད་མཁན་འགའ་ཤས་ཀྱིས”ཨ་ཁ། ད་མ་བཏང་ན་ཡག་པོ་འདུག བོད་མི་རིགས་ཀྱི་རྒྱལ་གཅེས་དཔའ་བོ་ཞིག་ཉུང་དུ་ཕྱིན་པ་ལས་ཕན་ཐོགས་གང་ཡང་མི་འདུག”ཟེར་ནས་ཤིན་ཏུ་ཡིད་ཆད་ཅིང་འུ་ཐུག་པའི་རྣམ་འགྱུར་རེ་སྟོན་བ་ལས་ཐབས་ཤེས་མེད་པའི་བཟོ་བྱེད།
ངོ་མ་བོད་མི་རིགས་འདི་ལ་རེ་བ་མེད་སོང་བ་ཡིན་ནམ། ཡང་ན་ནུབ་ཕྱོགས་པའི་རྩོམ་པ་པོ་ཞིག་གིས་གནས་ཚུལ་བཟང་ངན་ཅི་འདྲ་ཞིག་ཡིན་ཡང་དུས་ཡུན་རིང་པོ་ཞིག་ལ་ལྷག་ན། ང་ཚོ་དེར་གོམས་ཤིང་འདྲིས་པར་འགྱུར་ཞེས་གསུངས་པ་ལྟར་བོད་མི་ཚོ་རང་ལུས་མེ་སྲེག་གི་འཇིགས་སྐྲག་དང་སྡུག་བསྔལ་ལ་གོམས་འདྲིས་ཐེབས་ནས་ཚོར་སྣང་དེ་ཙམ་མེད་པར་གྱུར་བ་ཡིན་ནམ།
ད་དུང་གཡས་གཡོན་གྱི་གྱང་ངོས་དང་མ་ཎི་ཁང་གི་རྩིག་ལྡེབས་སུ་རླབས་ཆེ་བའི་བརྩེ་སེམས་དང་བསམ་བློ་མཚོན་པའི་སྨོན་ཚིག་མང་པོ་བྲིས་འདུག་པ་དང་། བླ་ན་མེད་པའི་སྨོན་ཚིག་དེ་དག་ལ་ལྟ་བཞིན་ངས་ཉེ་ཆར་བཀླགས་པའི་<<ལུག་ཚེ་ཐར>>ཞེས་པའི་བརྩམས་སྒྲུང་དེ་ཡིད་ལ་དྲན་པ་དང་། སྒྲུང་གི་མི་སྣ་གཙོ་བོ་བགྲེས་སོང་ཁེར་རྐྱང་དེས་བཤས་རར་འཁྲིད་བཞིན་པའི་ལུག་ཅིག་ཉོས་རྗེས། དེ་ཁྲིད་དེ་ལྷ་སའི་རྒྱང་སྐོར་ལ་འགྲོ་ཞོར་རང་ཉིད་ཀྱིས་འཇོན་ཚོད་དཔག་ཚོད་ཀྱིས་ཉ་དང་སེམས་ཅན་གཞན་སྲོག་བླུ་བྱེད་པའི་སྣང་བརྙན་དེ་དག་གཟུགས་ཅན་བཞིན་ཡིད་ལ་ཤར་བ་དང་། བར་སྐོར་ལ་འགྲོ་མཁན་གྱི་བོད་རིགས་རྒན་འཁོགས་ཚོས་ཀྱང་འཛམ་གླིང་ཞི་བདེ་དང་སེམས་ཅན་ཐམས་ཅད་ཀྱི་གཏན་བདེའི་ཆེད་དུ་གསོལ་འདེབས་བསྔོ་སྨོན་བྱེད་པའི་ངང་ཚུལ་དེ་དྲན་བྱུང་བས། ངའི་སེམས་པ་སྨྲ་མི་ཤེས་པའི་ཚོར་སྣང་ཡ་མཚན་ཅན་ཞིག་གིས་གང་སོང་། ང་ཚོས་འདི་ལྟར་ལྷག་བསམ་རྣམ་དག་གིས་འཛམ་གླིང་གི་ཞི་བདེ་དང་། སྐྱེ་འགྲོ་ཡི་བདེ་སྐྱིད་ཆེད་དུ་གསོལ་འདེབས་བསྔོ་སྨོན་བྱེད་ཀྱིན་ཡོད་རུང་། འཛམ་གླིང་གིས་ང་ཚོ་བརྗེད་དེ་བསྐྱུར་ཟིན་པ་མ་ཟད། ང་ཚོ་ལ་དཀའ་སྡུག་དང་ཉེན་ཁ་ཅི་ཞིག་ཕྲད་ཀྱང་ཁོང་ཚོ་དང་འབྲེལ་བ་ཅི་ཡང་མེད་པ་ལྟར་ཕྱི་ལྟས་ཙམ་ཡང་མདུན་དུ་སྐྱོད་བཞིན་མཆིས། ད་ལྟ་གསོལ་འདེབས་སྨོན་ལམ་འདེབས་མཁན་ཚོ་གསོལ་འདེབས་སྨོན་ཆེས་མཁོ་བའི་དུས་མ་ཡིན་ནམ།
ངས་དེ་ལྟར་སེམས་བཞིན་ལྷ་རྒྱལ་རི་ནས་ཡར་གཙུག་ལག་ཁང་གི་སྒོ་འགྲམ་དང་མེག་ལོར་གྱི་ཁྲོམ་སྲང་དུ་ཟུག་པའི་སྐོར་ལམ་དེ་དེད་ནས་ཕྱིན། དུས་ཡུན་ཅུང་རིང་པོ་ཞིག་ལ་རིག་པ་བསྒྲིམས་ནས་ཕྱིའི་ཡུལ་གྱི་རྣམ་པ་ལ་དོ་སྣང་དང་བསམ་གཞིགས་བྱེད་ཆེ་བས། ད་ནི་རིག་པ་ཕྲན་བུ་དུབ་ནས་འདུག་སྟབས། བཞུགས་སྒར་གྱི་ལྕགས་རིའི་སྟེང་ནས་ཐེན་པའི་ལྕགས་ཚེར་ཨ་ལོང་དེ་དག་དང་ནང་ལོགས་སུ་མེ་མདའ་ཕྲག་ལ་བཟར་ནས་ལངས་པའི་རྒྱ་གར་དམག་མི་ཁ་སྤུ་མཐུག་པོ་ཅན་དེ་མ་གཏོགས་དམིགས་བསལ་འབྲི་རུང་བ་ཞིག་མ་རྙེད། ང་རང་མེག་ལོར་གྱི་ཁྲོམ་དང་ཐག་ཇེ་ཉེར་སླེབས་པ་དང་སྦྲགས། མིའི་སྐད་ཅོར་དང་རླངས་འཁོར་གྱི་འུར་སྒྲ་དང་དུང་སྒྲ་རིམ་གྱིས་ཇེ་ཆེར་ཕྱིན་ནས་མཚམས་མི་ཆད་པར་གྱུར། སྤྱིར་ཡིན་ན་གཙུག་ལག་ཁང་དུ་མཆོད་མཇལ་བྱེད་འཆར་ཡོད་རུང་ད་ནི་དུས་ཚོད་གང་འཚམ་ཐོན་སྟབས། ང་རང་ཤར་སེ་གཙུག་ལག་ཁང་གི་ལམ་སྟེང་དུ་ཡར་འགྲོ་མར་རྒྱུ་བྱེད་བཞིན་པའི་མི་ཚོགས་དང་རླངས་འཁོར་གཤགས་ནས་མེག་ལོར་གྱི་ཁྲོམ་དབུས་སུ་ཕྱིན།
ཐལ་རྡུལ་ཆགས་པའི་སྲང་ལམ་དང་། དེའི་གཡས་གཡོན་གྱི་ཐང་ཁྲོམ་དང་ཇ་ཁང། དེའི་སྟེང་ནས་ཡར་འགྲོ་མར་ཡོང་བྱེད་པའི་མི་ཚོགས་ཀྱི་འདུ་འཛི་དང་སྐད་ཅོར། རླངས་འཁོར་གྱི་འཚང་ཁ་དང་དུང་སྒྲ་སོགས་ཀྱིས་སྐར་མ་འགའི་གོང་གི་ཅུང་ལྷོད་ལྷོད་དུ་ཡོད་པའི་སེམས་པ་དཀྲུགས་ཤིང་ཧ་ལམ་འཇིག་རྟེན་གཞན་ཞིག་ཏུ་སླེབས་པའི་ཚོར་སྣང་བྱིན་པ་མ་ཟད། འདི་ནི་དར་ལྕོག་དང་མ་ཎི་རྡོ་བརྐོས་མང་བའི་རང་ས་མ་ཡིན་པར་གཞན་ས་ཡིན་པའི་དྲན་སྐུལ་བྱས་བྱུང་།
ང་རང་མེག་ལོར་དུ་ཆེད་མངགས་དགའ་རོགས་ལ་སྐྱེ་སྐར་ལེགས་སྐྱེས་ཞིག་ཉོ་རུ་ཡོང་བའི་སྐོར་ངས་སྔ་མོ་ནས་བཤད་ཟིན་མོད། འོན་ཀྱང་མེག་མོར་དུ་འབྱོར་རྗེས་ཐོག་མར་འགྲོ་སའི་ཚོང་ཁང་དེ་དཔེ་ཚོང་ཁང་ཞིག་རེད། མེག་ལོར་གྱི་དཔེ་ཚོང་ཁང་དག་ནི་(ད་དུང་གཙོ་བོ་གསུམ་ཡོད།)ང་རང་ཆེས་འགྲོ་མང་ཤོས་ཀྱི་ས་ཆ་ཡིན་ཏེ། སྔོན་ཆད་ཕ་ཡུལ་དང་འབྲེལ་ཐག་མ་ཆད་གོང་དུ་ཕ་ཡུལ་ནས་སྒོར་མོ་རེ་འབྱོར་མ་ཐག ཐོག་མར་ངས་དཔེ་ཚོང་ཁང་དུ་ཕྱིན་ནས་དཔེ་དེབ་རེ་ཉོ་ཡི་ཡོད་ལ། རིམ་གྱིས་དེ་གོམས་གཤིས་སུ་གྱུར་ནས་ད་ལྟ་རྒྱུན་པར་མུ་གེས་མནར་བའི་ཀོ་བའི་དངུལ་ཁུག་ནག་པོའི་ནང་དུ་སྒོར་མོ་ཏོག་ཙམ་རེ་བྱུང་དུས། དཔེ་ཚོང་ཁང་དུ་འགྲོ་རྒྱུ་དྲན་ཡོང་། སྐབས་སྐབས་སུ་ངས་དེབ་མང་པོ་ཞིག་ཉོས་རྗེས་ཀློག་མི་ཐུབ་པར་དཔེ་སྟེགས་ཐོག་ཏུ་བསྒྲིགས་ནས་བཞག་པ་ལས། རེ་གཉིས་རེ་ཉོས་ནས་དེ་དག་ཞིབ་ཀློག་བགྱིས་ན་ཕན་ཐོགས་དེ་ཆེ་བ་དང་སྒོར་མོའི་འགྲོ་སྒོ་ཉུང་བའི་ཚོར་སྣང་སྐྱེ་མོད། དཔེ་དེབ་ལ་དུང་ཆེ་བའང་ཅི་ཞིག་ཤེས་འདོད་དང་སྦྱོང་འདོད་ཀྱི་སྟོབས་ཀྱིས་དཔེ་དེབ་ཉོ་བའི་གོམས་གཤིས་དེ་འགྱུར་བ་གཏན་ནས་གཏོང་མ་བཏུབ།
དཔེ་ཚོང་ཁང་གི་དཔེ་སྟེགས་ཐོག་ཚལ་དུ་དངར་བར་བསྒྲིགས་པའི་གྲགས་ཅན་གྱི་བརྩམས་སྒྲུང་དེ་དག་མཐོང་ཚེ། ངས་དེ་དག་གི་རྩོམ་པ་པོ་རྣམས་ལ་སེམས་གཏིང་ནས་ཡིད་སྨོན་ཤོར་ཞིང་། ནམ་ཞིག་ལ་རང་ཉིད་ཀྱང་ཁོང་ཚོ་ལྟར་གྱི་རྩོམ་པ་པོ་ཞིག་ཆགས་ཐུབ་ཨེ་ཡོང་སྙམ་པ་མ་ཟད། དཔེ་དེབ་དེ་དག་ཐམས་ཅད་ཉོས་ཏེ་རེ་རེ་བཞིན་ཀློག་པའི་རྔམ་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས། ཡིན་ན་ཡང་རྟག་ཏུ་ལྟོ་བ་བརྡིབས་པའི་དངུལ་ཁུག་ནག་པོས་ངའི་རྔམ་སེམས་དེ་མངོན་དུ་འགྱུར་ག་ལ་འཇུག དཔེ་དེབ་གཅིག་ཉོས་ན་ཉིན་གུང་ཁ་ལག་ཟ་ཁང་ནང་ཟ་མི་ཐུབ་པར་ཕྱིར་གྲོགས་པོའི་ཁྱིམ་དུ་ལོག་དགོས། དེ་བས་ངས་དཔེ་དེབ་མང་པོ་ཞིག་གི་མཚན་བྱང་དང་རྒྱབ་ཀྱི་འགྲེལ་བཤད་ཐུང་ངུ་བཀླགས་རྗེས། སྙན་གྲགས་ཆེ་བའི་ལཱ་ཐན་ཨ་རིའི་རྩོམ་པ་པོ་གྷ་བྷི་རི་གྷར་སིའི་མར་ཀི་སི(Gabriel Garcia Marquez)ཡི་ཆེས་མཐའ་མའི་བརྩམས་སྒྲུང་སྟེ། <<བདག་གི་ཉམ་ཐག་པའི་སྨད་འཚོང་མ་ཚོའི་དྲན་འཆར>> (The memories of my melancholy whores)ཞེས་པ་དེ་ཉོས་ནས་སྒོ་ཕྱིར་དོན་དུས་དོན་ཆེན་ཞིག་གྲུབ་པའི་དགའ་སྤྲོས་ཁེངས།
དེ་རྗེས་ངས་དགའ་རོགས་ལ་ལེགས་སྐྱེས་ཤིག་ཉོས་ནས་ཉིན་གུང་ཁ་ལག་མ་བཟས་པར་ནང་དུ་ལོག་དུས། ཆུ་ཚོད་བཞི་པ་ཟིན་གྲབས་འདུག་ལ། དགུན་ཁའི་ཉི་མ་སྔ་མོ་ནས་ནུབ་ཕྱོགས་ཀྱི་མཁའ་མཐར་སྙེག་བཞིན་གདའ།།
༢༠༡༥/༡/༡༢ ཉིན།
་་་་་་་་་ སྐད་ཆ་ཞིག་དྲན་བྱུང་། “བོད་པ་གང་ན་ཡོད་ས་དེར་དར་ལྕོག་མཐོང་རྒྱུ་ཡོད་ལ། དར་ལྕོག་གང་ན་མཐོང་རྒྱུ་ཡོད་ས་དེར་བོད་པ་ཡོད།” ་་་་་་་་་་
་་་་་་་་་ རྡོ་རིང་དང་ཐག་མི་རིང་བའི་གཡས་ཕྱོགས་སུ་རྡོ་དཀར་པོས་བཟོས་པའི་རྒན་གཞོན་གཉིས་ཀྱི་ཁོག་སྟོད་ཀྱི་འདྲ་སྐུ་གཉིས་བསླངས་གདའ་བ་ནི། བོད་དོན་ཆེད་དུ་རང་གི་གཅེས་པར་འོས་པའི་ལུས་སྲོག་མེ་ལ་སྲེག་མཁན་གྱི་དཔའ་བོ་ཐོག་མ་ཐུབ་བསྟན་དངོས་གྲུབ་དང་། ༢༠༡༢ལོར་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐོའོ་རྒྱ་གར་དུ་ཡོང་སྐབས་རྒྱལ་ས་ལྡི་ལིར་མེ་སྲེག་གནང་མཁན་དཔའ་བོ་འཇམ་དཔལ་ཡི་ཤེས་གཉིས་རེད། ་་་་་་་་་་་
་་་་་་་་་ ངའི་སེམས་པ་སྨྲ་མི་ཤེས་པའི་ཚོར་སྣང་ཡ་མཚན་ཅན་ཞིག་གིས་གང་སོང་། ང་ཚོས་འདི་ལྟར་ལྷག་བསམ་རྣམ་དག་གིས་འཛམ་གླིང་གི་ཞི་བདེ་དང་། སྐྱེ་འགྲོ་ཡི་བདེ་སྐྱིད་ཆེད་དུ་གསོལ་འདེབས་བསྔོ་སྨོན་བྱེད་ཀྱིན་ཡོད་རུང་། འཛམ་གླིང་གིས་ང་ཚོ་བརྗེད་དེ་བསྐྱུར་ཟིན་པ་མ་ཟད། ང་ཚོ་ལ་དཀའ་སྡུག་དང་ཉེན་ཁ་ཅི་ཞིག་ཕྲད་ཀྱང་ཁོང་ཚོ་དང་འབྲེལ་བ་ཅི་ཡང་མེད་པ་ལྟར་ཕྱི་ལྟས་ཙམ་ཡང་མདུན་དུ་སྐྱོད་བཞིན་མཆིས། ད་ལྟ་གསོལ་འདེབས་སྨོན་ལམ་འདེབས་མཁན་ཚོ་གསོལ་འདེབས་སྨོན་ཆེས་མཁོ་བའི་དུས་མ་ཡིན་ནམ། ་་་་་་་་་་་་་་་་་་
གནམ་རྒན་མ། དེང་སང་ད་དུང་ལྗོངས་རྒྱུའི་ཟིན་བྲིས་ཡག་པོ་འབྲི་མཁན་འདུག གནམ་རྒན་མ། ངའི་ཚེ་ཐག་སྲིངས་ཤིག
ཁོེར་ཡུག་ཞིབ་འབྲིའི་རྩལ་འདོན་ཡ་མང་དྲག་ནས་་་སྤོ་བོ་ཉི་མ་བོར་འདུག ཧཧཧ