མཚམས་སྦྱོར་བ་དང་འཕུར་སྡེར་འཚོལ་ཞིབ་པ་ཀླུ་སྨྱོན།
སི་ཐེ་ཧྥེན་ཧའོ་ཁེན(Stephen Hawking)ནི་དབྱིན་ཇིའི་ཁམ་ཟམ་སློབ་གྲྭ་ཆེན་མོའི་དངོས་ཁམས་རིག་པ་བ་ཞིག་སྟེ། ཁོང་ནི་ཨེན་སི་ཐེན་གྱི་རྗེས་ཀྱི་ཆེས་ཁྱད་དུ་འཕགས་པའི་རིག་གཞུང་དངོས་ཁམས་ སྨྲ་བའི་(theoretical physicist)མཁས་དབང་ཞིག་ཏུ་གྲགས། ཁོང་གི་སྐུ་ལུས་ཞ་འཁུམས་སུ་གྱུར་བར་བརྟེན་ཆེད་དུ་སྤྱོད་པའི་རྩིས་འཁོར་ལ་མ་བརྟེན་ཚེ་གཏམ་སྨྲ་མི་ནུས་ཤིང་། ལུས་ཀྱི་ཆ་ཤས་ཐམས་ཅད་ཀྱི་ནང་ནས་མིག་གཉིས་ཀ་དང་མཛུབ་མོ་གསུམ་མ་གཏོགས་གཞན་དག་འགུལ་བར་མི་ནུས།
ཁོང་ནི་དེང་གི་སྒྲ་ཡངས་འཇུག་གི་ལྟོས་བཅས་སྨྲ་བ་དང་སྲིད་པ་སྨྲ་བ་གཙོ་བོ་ཞིག་ཡིན་ལ། དེང་འདིར་སྐུ་འཚོ་གཞེས་གནང་ཞིང་རྒྱལ་སྤྱིའི་སྒང་ལ་སྐད་གྲགས་ཆོད་པའི་སྐྱེས་བུ་རླབས་ཆེན་དག་གི་ཁྲོད་ཀྱི་གཅིག་ཡིན་པར་མ་ཟད། མིའི་རིགས་ཀྱི་ལོ་རྒྱུས་སུ་ཆེས་གལ་འགངས་ཆེ་བའི་ཚན་རིག་པ་ཞིག་ཡིན།
༢༠༡༠ལོའི་ཟླ་༤བའི་ཚེས་༢༥ཉིན། ཧའོ་ཁེན་གྱིས་གོ་ལ་གཞན་དུ་འཚོ་གཞེས་གནང་བའི་སེམས་ཅན་ནི་ཡོད་ཐག་ཆོད་ཡིན་པ་དང་། མིའི་རིགས་ཀྱིས་ཕར་དེ་ཚོ་བཙལ་མི་རུང་ཞེས་གསུང་ཞིང་། ཟླ་བ་དེའི་ཟླ་མཇུག་ཏུ། ཁོང་གིས་སླར་ཡང་ནམ་ཞིག་ལ་མིའི་རིགས་ནི་དུས་ཀྱི་འགྲུལ་བཞུད་ལ་འཇུག་ཐུབ་མོད། འོན་ཏེ་འདས་ཟིན་པར་ཕྱིར་ལོག་མི་རུང་སྟེ། དེ་ལྟར་བྱས་ཚེ་དུས་ཀྱི་སྒྲོམ་གཞི་འཐོར་ནས་བསམ་པའི་ཡུལ་ལས་འདས་པའི་འབྲས་བུ་འབྱུང་བར་འགྱུར་ཅེས་གསུངས།
༢༠༡༠ལོའི་ཟླ་༨པའི་ཚེས་༦ཉིན། ཁོང་གིས་སའི་གོ་ལ་ནི་མ་འོངས་པའི་ལོ་ཉིས་བརྒྱའི་ནང་དུ་འཇིག་སྲིད་པས། སྐར་མ་གཞན་ལ་གནས་སྤོ་བ་ནི་མིའི་རིགས་ཀྱི་གདམ་ཀ་ཉག་གཅིག་རེད་ཅེས་གསུང་།
༢༠༡༠ལོའི་ཟླ་༩བའི་ཚེས་༢ཉིན། ཁོང་གིས་འཇིག་རྟེན་ཆགས་པ་དང་འཇིག་རྟེན་བྱེད་པོ་གཉིས་ཀྱི་བར་དུ་འབྲེལ་བ་ཅི་ཡང་མི་འདུག་ཅེས་གསུང་།
ཁོང་གི་དེ་དང་དེ་ལྟ་བུའི་སྐད་ཆ་དག་གིས། ཚན་རིག་སྨྲ་བའི་སྡེ་ལ་ཕོག་ཐུག་བཏང་ཞིང་ཆོས་ལུགས་པ་དག་ལའང་ཤུགས་རྐྱེན་ཐེབས་པས་ཚུར་སྣང་ལན་ཆ་ཡང་ཡང་བྱུང་།
དང་པོ། གོ་ལ་གཞན་དུ་འཚོ་བའི་སེམས་ཅན་གྱི་སྐོར།
༢༠༡༠ལོའི་ཟླ་༤བའི་ཚེས་༢༥ཉིན། ཨ་རིའི་འཚོལ་དཔྱོད་བརྙན་ལམ་དུ་ཚན་རིག་ཤེས་བྱའི་སྐོར་གྱི་དངོས་བཤུས་གློག་ བརྙན《སི་ཐེ་ཧྥེན་ཧའོ་ཁེན་དང་མཉམ་དུ་སྲིད་པར་འཇུག་པ》ཞེས་པ་གཏོང་མགོ་བརྩམས་ ཤིང་། ཧའོ་ཁེན་གྱིས་གང་ཟག་དང་པོའི་རྗོད་སྟངས་ལྟར་གོ་ལ་གཞན་གྱི་མི་དང་། དུས་ཀྱི་འཕྲུལ་འཁོར། སྲིད་པའི་འབར་གས་ཆེན་པོ། དུས་ཀྱི་ཐོག་མ་དང་མཐའ། གཟུགས་མཆེད་པའི་ཚུལ། ཕུག་པ་ནག་པོ་སོགས་ཀུན་གྱིས་དོ་སྣང་བྱེད་སའི་གླེང་གཞི་དག་རྒྱས་པར་བཀྲལ་ཏེ་ ལྟ་ཚུལ་བརྗོད།
དེའང་ཁོང་ནི་ཅིའི་ཕྱིར་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་ཡོད་པར་ཡིད་ཆེས་པ་ཡིན་ ཞེ་ན། ཁོང་གིས"རྩིས་ཀྱི་རིག་པར་བརྟེན་ནས་བསམ་བློ་བཏང་ནའང་། གྲངས་ཀ་ཉིད་ལས་ཀྱང་གོ་ལ་གཞན་གྱི་མི་ཡོད་པའི་རྒྱུ་མཚན་ཡང་དག་རྙེད། སྲིད་པའི་ཁྱོན་ཡངས་པོར་དགུ་ཚིགས་ཀྱི་ཁྱིམ་རྒྱུད་ཁྲག་ཁྲིག་གཅིག་ཡོད་ལ། ཁྱིམ་རྒྱུད་རེ་རེའི་ནང་དུ་རྒྱུ་སྐར་བྱེ་བ་དུང་ཕྱུར་ཡོད། དེ་ལྟ་བུའི་སྟོང་བའི་ཁམས་ཆེན་པོ་རུ་སའི་གོ་ལ་ཁོ་ན་ནི་ཚེ་སྲོག་སྐྱེད་པའི་ རྒྱུ་སྐར་ཡིན་མི་སྲིད"ཅེས་གསུང་།
གལ་སྲིད་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་ཡོད་ན། དེ་ཚོ་ནི་གནས་གང་ཞིག་ཏུ་ཡོད་པ་རེད་ཅེ་ན། ཁོང་གིས་དེ་ལ"གོ་ལ་གཞན་གྱི་སེམས་ཅན་དག་ནི་སྲིད་པའི་ཁྱོན་ཡངས་པོའི་གནས་ག་ས་ ག་རུ་འཚོ་བ་སྟེ། ཁོ་ཚོ་ནི་རྒྱུ་སྐར་དུ་མ་ཟད་བརྟན་སྐར་གྱི་དབུས་སུ་འཚོ་ལ། རྒྱུ་སྐར་དང་རྒྱུ་སྐར་བར་གྱི་སྟོང་བའི་དབྱིངས་སུའང་འཚོའོ"ཞེས་ལན་བཏབ།
ཁོང་གིས་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་སྐོར་གྱི་ལྟ་ཚུལ་དེ་དག་ནི་སྟོང་བཤད་ ཙམ་མིན་པར་བདེན་པའི་ཁུངས་དང་དཔང་བོ་ལྡན་པ་ཞིག་ཡིན། ཕྱི་ལོ་༡༩༩༥ལོ་ནས་ད་ལྟའི་བར་དུ། ཚན་རིག་པ་དག་གིས་རྒྱུ་སྐར་མི་འདྲ་བ་བཞི་བརྒྱ་དང་ལྔ་བཅུ་ནི་བརྟན་སྐར་གྱི་ མཐའ་བསྐོར་ཏེ་འཁོར་གྱིན་པ་ཤེས་ཡོད། རྒྱུ་སྐར་དེ་དག་གི་རྒྱ་ཁྱོན་ནི་སའི་གོ་ལ་ལས་ཆེ། དེ་བཞིན་ད་དུང་རྙེད་མེད་ཀྱང་སའི་གོ་ལའི་རྒྱ་ཁྱོན་དང་འདྲ་བའི་རྒྱུ་སྐར་ཡང་ ཡོད་སྲིད་ཅིང་། སའི་གོ་ལར་འཚོ་བའི་སེམས་ཅན་མང་དག་ཅིག་ཀྱང་ཡ་ང་བའི་གནས་སུའང་འཚོ་ཐུབ་པས་ན། དེ་དག་གོ་ལ་གཞན་དུ་འཚོ་ཐུབ་པར་རིགས་བསྒྲེ་ཆོག་པ་ཡིན།
ཡང་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་ནི་བྱད་གཟུགས་ཅི་འདྲ་ཡིན་པ་དང་། དེ་ཚོ་ཇི་ལྟར་འཚོ་བཞིན་ཡོད་ཅེ་ན། ཁོང་གིས་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་ནི་སྐྱེ་དངོས་ཕྲ་མོ་དང་། དམའ་རིམ་སྐྱེ་དངོས་ཀྱི་རྣམ་པར་མ་ཟད། དེ་ཚོའི་ཁྲོད་དུ་མིའི་རིགས་ལ་འཇིགས་སྐུལ་ནུས་པའི་རིག་སྟོབས་ཅན་ཡང་ཡོད་པར་ འདོད། གོང་དུ་གླེང་བའི་དངོས་བཤུས་གློག་བརྙན་དེ་རུ། ཁོང་གིས་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་དག་རིགས་མི་འདྲ་བ་ལྔར་དབྱེ་སྟེ་བཤད་པ་ དང་། ཁོང་རང་གིས་རྟོག་བཟོ་བྱས་པའི་སའི་གོ་ལའི་སྟོང་ཁམས་ཕྱི་རོལ་ཀྱི་སྐྱེ་དངོས་ དག་གི་བྱད་གཟུགས་མི་འདྲ་བ་དག་སོ་སོར་ཕྱེ།
དེ་དག་ལས་དང་པོ་ནི། ས་གཞིའི་རྣམ་པ་ཅན་གྱི་རྒྱུ་སྐར་ལ་འཚོ་བ་སྟེ། དེ་ལ་ཤ་གཟན་དང་རྩྭ་གཟན་གཉིས་ཡོད་པ་དང་། ཤ་གཟན་ནི་རྩངས་པ་དང་འདྲ་ཞིང་རྩྭ་གཟན་ནི་རྡུལ་རྔུལ་འཕྲུལ་ཆས་དང་འདྲ། དེའང་མིག་དམར་དང་ཟླ་བ་སོགས་ས་གཞིའི་རྣམ་པ་ཅན་གྱི་རྒྱུ་སྐར་དུ། རྐང་བ་གཉིས་ཅན་གྱི་རྩྭ་གཟན་འཚོ་བཞིན་ཡོད་ལ་དེ་ཚོའི་རྐང་བ་གཉིས་ལ་མཛུབ་མོ་ གསུམ་རེ་ལས་མེད་ནའང་དེས་ཤིན་ཏུ་ལྕི་བའི་ལུས་པོ་བཏེགས་ཡོད། དེ་ཚོའི་ཁ་ནི་རྡུལ་རྔུབ་འཕྲུལ་ཆས་དང་འདྲ་བར་ཤིན་ཏུ་ཆེ་ལ་དེས་བྲག་སྲུབས་ཀྱི་ བཟའ་བཅའ་རྔུབ་པར་བྱེད། དེ་བཞིན་དུ་ལུས་རྩངས་པ་དང་འདྲ་བའི་ཤ་གཟན་དག་ནི་ལུས་ལ་དུག་ཚེར་གྱིས་ཁེངས་ ཤིང་། ཁོ་ཚོས་རྟག་པར་རྩྭ་གཟན་དག་ཟས་སུ་བྱ་ཕྱིར་ནང་འཁྲུག་བྱེད་ཀྱིན་ཡོད།
གཉིས་པ་ནི་རླུང་གཟུགས་ཀྱི་རྒྱུ་སྐར་ལ་འཚོ་བ་དག་སྟེ། དེ་ཚོའི་དབྱིབས་ནི་མཚོ་གདུགས(Jellyfish)དང་འདྲ། དེའང་སྤེན་པ་དང་ཕུར་བུ་ལྟ་བུ་ནི་ཡང་རླུང(Hydrogen)དང་ཧེ་རླུང(Helium)གིས་ གང་བའི་རླུང་གཟུགས་རྒྱུ་སྐར་ལ་གཏོགས་ཤིང་། དེའི་སྟེང་དུ་མཚོ་གདུགས་ཀྱི་བྱད་དབྱིབས་དང་མཚུངས་པ་དང་། གཡེང་ཞིང་འཕྱོ་བའི་སེམས་ཅན་ཆེན་པོ་ཞིག་ཡོད། དེ་ཚོ་ནི་དབུགས་ཀྱིས་གང་བའི་འཕུར་གྲུ་ཆུང་ཆུང་དང་འདྲ་བར་རླུང་ནང་དུ་འཕྱོ་ ཞིང་གློག་ཞགས་ཉིད་ཟས་སུ་བྱས་ཏེ་ལུས་ཀྱི་ནུས་པ་གསོག་པར་བྱེད།
གསུམ་པ་ནི་གཤེར་གཟུགས་ཀྱི་རྒྱུ་སྐར་ལ་འཚོ་བ་དག་སྟེ། སེམས་ཅན་དེ་དག་ནི་ཐིག་ཉ(མཆན། ༡ Cuttlefish,墨鱼ཐིག་ཕོར་ཏེ་ཤིང་བཟོ་བའི་ཐིག་སྐུད་ཀྱི་སྣོད་སྣག་བུམ་གྱི་ དབྱིབས་དང་མཚུངས་པས་དེ་ལྟར་བཏགས། )དང་འདྲ་ཞིང་ལུས་ནས་འོད་འགྱེད་ཐུབ། དེའང་གཟའ་ཕུར་བའི་སྲུང་སྐར་གཉིས་པ་ཡོའུ་རཱུ་ཕཱ(མཆན།༢ Europaསྟེ། སྲུང་སྐར་འདི་ཕྱི་ལོ་༡༦༡༠ལོར་ཨི་ཐ་ལིའི་དངོས་ཁམས་རིག་པ་དང་མཁའ་དཔྱ ད་རིག་པ་བ་གྷ་ལི་ལེའུ་དང་མ་རོའུ་སི་གཉིས་ཀྱིས་ཤེས་ཤིང་གཟའ་ཕུར་བུ་དང་བར་ཐག་ སྤྱི་ལེ་འབུམ་དྲུག་དང་ཁྲི་བདུན་ཡོད་པའི་སར་ཡོད་ཅིང་། སའི་གོ་ལའི་སྲུང་སྐར་ཟླ་བ་ལས་ཅུང་ཆེ)སོགས་གཤེར་གཟུགས་ཀྱི་རྒྱུ་སྐར་དུ། བྱད་དབྱིབས་ཐིག་ཉ་དང་མཚུངས་པའི་མཚོ་ནང་གི་སེམས་ཅན་ཞིག་མཚོ་གཏིང་གི་ཆུ་དྲོ་ ས་ན་འཚོ། དེ་ཚོས་ནི་སའི་གོ་ལའི་རྒྱ་མཚོའི་གཏིང་གི་སེམས་ཅན་དང་འདྲ་བར་ལུས་ནས་འོད་ འཁྱག་པ་འགྱེད་ནུས་པ་དང་། གཅིག་བྱས་ན་དེ་དག་ནི"མཚོ་གཏིང་གི་ཆུ་མིག་དྲོན་པོ"ཡིས་བསྐྱེད་པའི་བཟའ་བཅའི་ ཕྲེང་བ་ལ་བརྟེན་ནས་འཚོ་བར་བྱེད།
བཞི་བ་ནི་ཤིན་ཏུ་གྲང་བའི་རྒྱུ་སྐར་ལ་འཚོ་བའི་གཅན་གཟན་སྤུ་རིང་དག་ཡིན། ཧའོ་ཁེན་གྱི་ལྟ་ཚུལ་ལྟར་ན། ཆ་སྙོམས་དྲོད་ཚད་ཏུའུ་བརྒྱ་དང་ལྔ་བཅུའི་མན་ཡིན་པའི་རྒྱུ་སྐར་དག་ཏུའང་སེམས་ ཅན་འཚོ་ཐུབ་པ་ཡིན། ཁོང་གིས་རྟོག་བཏགས་བྱས་པའི་གྲང་འཁྱག་བཟོད་ཐུབ་པའི་སེམས་ཅན་དག་ལ་རྐང་བ་མང་ བར་མ་ཟད་དེ་ཚོའི་ལུས་ཀྱི་སྤུ་མཐུག་པོས་ལྷགས་པ་དང་གྲང་ངར་བཟོད་ཐུབ། ཡིན་ནའང་དེ་ལྟ་བུའི་གྲང་ངར་གྱི་ཁྲོད་དུ་འཚོ་དགོས་ཚེ། དེ་ཚོའི་ལུས་ཀྱི་གྲུབ་སྟངས་ཀྱང་ས་གཞིར་འཚོ་བ་དང་ཆུ་ནང་དུ་འཚོ་བ་དག་དང་རྩ་བ་ ནས་མི་འདྲ་སོ།།
རིགས་ལྔ་བ་ནི་སྲིད་པ་ཆེན་པོའི་ནང་འགྲུལ་སྐྱོད་བྱེད་པའི"འབྲོག་པ"དག་སྟེ། ཁོ་ཚོ་ནི་ཁྱུ་དང་ཁྱུ་བྱས་ཏེ་སྐར་མ་དང་སྐར་མའི་བར་དུ་འགྲོ་བཞིན་ཡོད། གཅིག་བྱས་ན་ཁོ་ཚོས་ཆེ་ཆུང་ནི་རྒྱུ་སྐར་དང་གཉིས་སུ་མེད་པའི"ཉེར་སྡུད་འཕྲུལ་ འཁོར"ལ་བརྟེན་ཏེ་སྐར་མ་གཞན་གྱི་འཕྲོ་འགྱེད་ཀྱི་ནུས་པ་དག་ཚུར་ལེན་པ་དང་། དེའི་མཐུ་ཡིས་དུས་དང་བསྐལ་བ་བརྒལ་ཐུབ།
ཁོང་གིས་གོང་དུ་བཀོད་པ་ལྟར་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་རྣམས་རིགས་ལྔར་ བགར་ཏེ་བཤད་ནའང"ང་ལ་མཚོན་ན། གལ་ཆེ་ཤོས་ནི་གོ་ལ་གཞན་གྱི་སེམས་ཅན་ནི་ཇི་ལྟ་བུ་ཞིག་ཡིན་པ་དེ་མ་ཡིན་པར། ཁོ་ཚོའི་བྱ་བྱེད་རང་རེད། གལ་སྲིད་མིའི་རིགས་ནི་རིགས་སྟོབས་ལྡན་པའི་སེམས་ཅན་དེ་དག་ལ་བཅར་ཚེ་ཁོ་ཚོ་ ངེད་ཅག་ལ་ཞེད་པ་དང་བསྡུར་ན་ངེད་ཅག་ཁོ་ཚོར་ཞེད་པ་ཐུ་ཡང་སྲིད"ཅེས་གསུང་།
དོན་དངོས་སུ། ངེད་ཅག་མིའི་རིགས་ནི་གོ་ལ་གཞན་གྱི་སེམས་ཅན་ལ་བཅར་བ་ཧ་ཅང་ཉུང་ཞིང་། ཏག་ཏག་དེ་ནི་གཟབ་བརླིང་ལྡན་པའི་ཚན་རིག་གི་གནད་དོན་ཞིག་རེད། འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། ངེད་ཅག་གིས་ཡང་ནས་ཡང་དུ་སྲིད་པ་ཆེན་པོའི་སྒྲ་ལ་ཉན་ནའང་འབྲས་བུ་ནི་ཅི་ཡང་ བྱུང་མེད། དུས་སམ་གནས་གང་གི་ཆ་ནས་བཤད་ཀྱང་། དེ་ཉིད་ངེད་ཅག་དང་བར་ཐག་ཧ་ཅང་རིང་བ་ལྟ་བུར་འདུག དེ་ལྟ་ནའང་། ཧའོ་ཁེན་གྱིས་དེ་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། དེའི་ཕྱོགས་ནས་ཁོང་གིས"གལ་སྲིད་གོ་ལ་གཞན་གྱི་སེམས་ཅན་དག་ངེད་ཅག་ལ་བཅར་ཚེ། དེའི་འབྲས་བུ་ནི་དེ་སྔོན་ཁིར་སི་ཐོ་ཧྥོན་ཁཱ་ལམ་བྷུ་སི(མཆན།༣ Christopher Columbusསྟེ། ཨི་ཐ་ལིའི་མཚོ་འགྲུལ་བ་གྲགས་ཆེན་ཞིག་སྟེ། ཨ་རིའི་གླིང་གསར་དུ་རྙེད་པ་པོ)ཉིད་ཀྱི་ཞབས་ཟུང་ཨ་རིའི་གླིང་གི་སྐམ་ས་ཆེན་ པོར་བསྒྱུར་བ་དང་གཉིས་སུ་མེད་ལ། དེ་ནི་གནས་དེར་འཚོ་བའི་ཨིན་ཊི་བ་རྣམས་ལ་མཚོན་ན་གཏམ་སྙན་པོ་ཞིག་མ་ཡིན"ཞེས་ གསུང་། ཁོང་དེ་འདྲ་འབྱུང་བར་ཡིད་ཆེས་དོན་ནི་ཁོ་ཚོའང་མིའི་རིགས་དང་འདྲ་བར་སྲེད་པའི་ དབང་གིས་ནུས་ཁུངས་རྫོགས་ལ་ཉེ་བར་བྱས་པའི་སྐྱེ་དངོས་རིགས་ཤིག་ཏུ་འཕེལ་འགྱུར་ བྱུང་ཡོད་པས་ཁོ་ཚོ་ནི་སའི་གོ་ལའི་ཐོན་ཁུངས་འཕྲོག་པར་ཡོང་སྲིད་པ་དེ་རེད།
གཅིག་བྱས་ན་རིགས་སྟོབས་མཐོན་པོ་ཅན་གྱི་སེམས་ཅན་དེ་དག་ནི་འཇིག་རྟེ་ཡོངས་ རྫོགས་དབང་དུ་སྡུད་པའི་ལམ་དུ་ཞུགས་ཟིན་ཡང་སྲིད། དེ་ལ་ཧའོ་ཁེན་གྱིས"ངས་བསམ་ན་ཁོ་ཚོའི་ཁྲོད་ཀྱི་རིགས་འགའ་ཞིག་ནི་འཚོ་བ་རོལ་ སའི་གནས་གང་དེའི་ནུས་ཁུངས་རྫོགས་ཏེ་སྟོང་ཁམས་ནང་གི་གྲུ་གཟིངས་ཆེན་མོར་བསྡད་ ཡོད་སྲིད། རིགས་སྟོབས་མཐོན་པོ་ཅན་གྱི་སེམས་ཅན་དེ་དག་ནི་སྲིད་པ་ཆེན་པོའི་ནང་གི་འབྲོག་ པར་འགྱུར་ཡང་སྲིད་ལ། ཁོ་ཚོའི་དམིགས་ཡུལ་ནི་ཁོ་ཚོ་འཚོ་ཐུབ་སའི་སྐར་མ་གཞན་དག་དབང་དུ་བསྡུ་རྒྱུ་དེ་ རེད"ཅེས་གསུང་། དེའི་ཕྱིར་མིའི་རིགས་ཀྱིས་ཕར་ཁོ་ཚོར་བཅར་རྩིས་བྱས་ཚེ་ཉེན་ཁ་ཤིན་ཏུ་ཆེ་བས་ ཁོ་ཚོ་དང་འབྲེལ་བ་མི་འབྱུང་བ་བྱ་རྒྱུ་ནི་གདམ་ཀ་ལེགས་ཤོས་ཡིན་པར་འདོད།
གཉིས་པ། དུས་ཀྱི་སྐོར།
ཧའོ་ཁེན་ན་རེ། "ང་ནི་དུས་ཀྱི་འགྲུལ་སྐྱོད་ལ་ཡིད་ཆེས། དེ་བཞིན་དུ་རྒྱང་ཐག་རིང་བའི་མ་འོངས་པའི་དུས་ལ་ད་ལྟ་སླེབ་ཐུབ་པར་ཡིད་ཆེས། ཡིན་ནའང་དུས་ཀྱི་གྲུ་བོ་ཆེ་ལ་བསྡད་ནས་འདས་པའི་ལོ་རྒྱུས་ལ་གཟིགས་པར་འགྲོ་མི་ རུང་སྟེ། འདས་ཟིན་པར་ཕྱིར་ལོག་སྟེ་རྒྱུ་འབྲས་ཀྱི་མགོ་མཇུག་ལྡོག་པར་འདོད་མཁན་ལ་ཚན་ རིག་པ་སྨྱོན་པ་ཚོ་ལས་ཡོད་པ་མ་རེད"
གོང་གི་ཚིག་དེ་ནི་ཧའོ་ཁེན་གྱིས་མིའི་རིགས་གོ་ལ་གཞན་གྱི་སེམས་ཅན་ལ་བཅར་མི་ རུང་བའི་ཐ་ཚིག་བསྒྲགས་པའི་རྗེས་སུ་གསུང་བའི་གཏམ་གལ་ཆེན་ཞིག་རེད། དངོས་བཤུས་གློག་བརྙན《དུས་ཀྱི་འགྲུལ་བཞུད》དང་དབྱིན་ཇིའི《ཉིན་རེའི་སྦྲག་ འཕྲིན》དུ། ཧའོ་ཁེན་གྱིས་མིའི་རིགས་ནི་ཇི་ལྟར་རང་བྱུང་གི་ཆོས་ཉིད་ལ་བརྟེན་ནས་དུས་ཀྱི་ འགྲུལ་བཞུད་ལ་འཇུག་པའི་རེ་འདུན་ཆེན་པོ་དེའི་སྐོར་གླེང་བ་རེད། དེའང་ཁོང་གིས་དུས་རྟག་པར་དུས་ཀྱི་འགྲུལ་བཞུད་ནི་མངོན་དུ་འགྱུར་མིན་དང་། ངེད་ཅག་གིས་ཕྱིར་འདས་པའི་དུས་ལ་ལོག་པའམ་མ་འོངས་པའི་ཕྱོགས་སུ་སྐྱོད་པའི་ འཇུག་སྒོ་རྙེད་མིན། མིའི་རིགས་ནི་རང་བྱུང་གི་ཆོས་ཉིད་ལ་བརྟེན་ནས་དུས་ཀྱི་བདག་པོར་འགྱུར་མིན་ བཅས་ལ་བསམ་བློ་གཏོང་བཞིན་པ་རེད།
ཁོང་གིས་ཕྱིར་འདས་པའི་དུས་ལ་ལོག་སྟེ་བརྙན་སྐར་མ་གྲགས་ཅན་མ་རུ་ལེན་མིན་རོ (Marilyn Monroe)དང་དུས་ཆད་གཏོང་བའི་རེ་བ་རྒྱག་གིན་ཡོད་ནའང་ཡང་དོན་དེ་འདྲ་འབྱུང་མི་ སྲིད་པར་ཁས་ལེན་གྱིན་ཡོད།
ཧའོ་ཁེན་གྱིས་བསམ་ན། གཞུང་ལུགས་ཀྱི་དབང་དུ་བྱས་ཚེ་དུས་ཀྱི་གསང་ལམ་དང་འབུ་སྲིན་ཕུག་པར(མཆན།༤ ཨིན་སྐད་དུ་Wormholeདང་རྒྱ་སྐད་དུ་虫洞དང་蛀孔དུ་འབོད་པ་སྟེ། ཐ་སྙད་དེ་ཐོག་མར་༡༩༡༦ལོར་ཨོ་སི་ཐྲི་ཡའི་དངོས་ཁམས་རིག་པ་བ་ལོ་རྡི་ཝེ་ཞིས་ ཧྥེ་ལེམ་གྱིས་གསར་དུ་བཟོས། ༡༩༣༠ལོར་ཨེན་སི་ཐེན་དང་ནའེ་ཟུན་རོ་སེན་གཉིས་ཀྱིས་འཐེན་ཤུགས་ར་བའི་རྩིས་ གཞིར་ཞིབ་འཇུག་བྱེད་སྐབས་དེ་བློས་བསླངས་བྱས་ཤིང་དེ་ནི་སྲིད་པ་ཆེན་པོའི་ནང་ ནས་གནས་མི་འདྲ་བའི་བར་ཐག་སྟུང་བྱེད་ཀྱི་ཕུག་པ་ཕྲ་མོ་ཞིག་ལ་གོ་བ་ཡིན།ཁོང་ གཉིས་ཀྱིས་དེ་ལ་བརྟེན་ཚེ་སྐད་ཅིག་མའི་ནང་སྟོང་ཁམས་ཆེན་མོའི་ནང་གི་གནས་མི་ འདྲ་བའི་བར་ལ་བསྐྱོད་ཐུབ་པ་དང་། དུས་ཀྱི་འགྲུལ་བཞུད་ལ་འཇུག་ཐུབ་པར་སྙམ)བརྟེན་ཚེ་མིའི་རིགས་ནི་རྒྱུ་སྐར་གཞན་ གྱི་ཕྱོགས་སུ་བསྐྱོད་ཐུབ་པ་རེད། གལ་སྲིད་འབུ་སྲིན་ཕུག་པའི་སྣེ་གཉིས་ནི་གནས་གཅིག་ཏུ་ཡོད་པ་དང་། དེ་གཉིས་ཀྱང་དུས་ཚོད་མ་གཏོགས་བར་ཐག་གིས་བཅད་མེད་ཚེ་དེར་འཇིག་རྟེན་འཕུར་གྲུ་ བསྐྱོད་ཐུབ་ལ། སླར་ཡང་དེ་ཉིད་སའི་གོ་ལ་དང་ཉེ་ས་ནས་མངོན་ཐུབ་པ་རེད། སྐབས་དེར་འཇིག་རྟེན་འཕུར་གྲུ་ནི་བགྲང་བྱ་སྟོང་ཕྲག་དུ་མའི་སྔོན་གྱི་གནའ་ བོའི་དུས་སུ་ཕྱིར་ལོག་ཅིང་། གཅིག་བྱས་ན་གཏུམ་འབྲུག་གམ་རྨིགས་པ་གླང་གཟུགས(Dinosaur,恐龙)ཀྱིས་འཇིག་རྟེན་ འཕུར་གྲུ་སར་འབབ་པ་མཐོང་ཐུབ་བོ།།
གོང་ གི་ལྟ་བ་དེ་བཏོན་པ་དང་ལྷན་དུ། ཁོང་གི་ཞལ་ལས"སྨྱོ་ཧམ་ཚ་བའི་ཚན་རིག་པའི"སྐོར་གྱི་གཏན་ཚིགས་དང་མི་མཐུན་པའི་ གཏམ་ཞིག་བྱུང་བ་སྟེ། ཚན་རིག་པ་ཞིག་གིས་འབུ་སྲིན་ཕུག་པ་ཞིག་བཟོས་པ་དང་། དེ་ལ་བརྟེན་ནས་དུས་ཚོད་སྐར་མ་གཅིག་གི་རིང་ལ་ཕྱིར་འདས་པའི་དུས་སུ་ལོག སྐབས་དེར་འབུ་སྲིན་ཕུག་པར་བརྟེན་ཚེ་ཚན་རིག་པ་དེས་སྐར་མ་གཅིག་གི་སྔོན་གྱི་ རང་ཉིད་མཐོང་ཐུབ་པ་རེད། གལ་སྲིད་ཚན་རིག་པ་དེས་འབུ་སྲིན་ཕུག་པར་བརྟེན་ཏེ་སྐར་མ་གཅིག་གི་སྔོན་གྱི་ཁོ་ རང་ཉིད་ལ་མེ་མདས་བརྒྱབ་ཚེ། དོན་ཅི་ཞིག་འབྱུང་སྲིད་དམ། ད་ལྟའི་ཁོའང་གནས་སྐབས་དེར་འཆི་སྲིད་པ་རེད། དེས་ན་མེ་མདའ་རྒྱག་མཁན་ནི་སུ་ཡིན་ནམ། དེ་ནི་གཏན་ཚིགས་དང་མི་མཐུན་པའི་དོན་ཞིག་སྟེ། དེ་ལྟ་བུའི་དུས་ཀྱི་འཕྲུལ་འཁོར་ནི་འཇིག་རྟེན་འདིའི་རྩ་བའི་ཆོས་ཉིད་དང་འགལ་ ཡོད།
དེ་བས་འབུ་སྲིན་ཕུག་པའམ་ཐབས་གཞན་ལ་བརྟེན་ཏེ་འདས་པའི་དུས་ལ་ཕྱིར་ལོག་མི་ ཐུབ་པ་འདྲ་ཞིང་། གལ་སྲིད་དེ་ལ་ངེས་པ་ཡོད་ན་གཏན་ཚིགས་དང་འགལ་བའི་དོན་འབྱུང་བར་སྲིད། དེའི་རྐྱེན་གྱིས་འདས་དུས་ལ་ཕྱིར་ལོག་པའི་དུས་ཀྱི་འགྲུལ་བཞུད་ཅིག་ད་ལྟའི་བར་ སུས་ཀྱང་བྱས་མེད། ཡིན་ཡང་འདིས་གཏམ་རྒྱུད་ཀྱི་མཇུག་བསྒྲིལ་བ་མ་ཡིན་ཏེ། འདས་དུས་ལ་ལོག་མི་ཐུབ་པ་ཙམ་གྱིས་དུས་ཀྱི་འགྲུལ་བཞུད་བྱེད་མི་ཐུབ་པ་མི་མཚོན། "ང་རང་དུས་ཀྱི་འགྲུལ་བཞུད་ལ་ཡིད་ཆེས་ཏེ། མ་འོངས་པར་བསྐྱོད་ཐུབ་པར་ཡིད་ཆེས་ཡོད"ཅེས་གསུངས།
དུས་ཀྱི་རྒྱུན་ལ་ནི་གནས་མི་འདྲ་བར་མགྱོགས་ཚད་མི་འདྲ་བ་ཡོད་ཅིང་། དེ་ནི་མ་འོངས་པར་ཕྱོགས་པའི་དུས་ཀྱི་འགྲུལ་བཞུད་བྱེད་ཐུབ་པའི་གནད་ཀ་རང་རེད། དེ་སྔ་ཨེན་སི་ཐེན་གྱིས་དུས་ཀྱི་རྒྱུན་ལ་མགྱོགས་ཚད་ཇེ་དལ་དུ་འགྲོ་བའི་གནས་ ཡོད་པ་ཤེས་ཡོད། དཔེར་ན། འཇིག་རྟེན་འཕུར་གྲུ་རེ་རེའི་ནང་ན་ཞིབ་ཅིང་དག་པའི་ཆུ་ཚོད་འཁོར་ལོ་རེ་ཡོད་པ་ དང་། ཚུ་ཚོད་འཁོར་ལོ་དེ་ནི་སའི་གོ་ལའི་སྟེང་གི་ཆུ་ཚོད་འཁོར་ལོ་དང་བསྡུར་ན་ཉི་མ་ རེར་སྐར་ཆ་ཐེར་འབུམ་གསུམ་ཆའི་གཅིག་གིས་མགྱོགས་པ་རེད།
དེའི་ཕྱིར་ཧའོ་ཁེན་གྱིས་བསམ་ན། གཞུང་ལུགས་ཀྱི་ངོས་ནས་བཤད་ན། མིའི་རིགས་ནི་དུས་ཀྱི་འཕྲུལ་འཁོར་ལ་བརྟེན་ཏེ་མ་འོངས་པའི་དུས་ལ་འཕུར་ཐུབ་པ་ རེད། དེ་འདྲ་འབྱུང་བར་འབུ་སྲིན་ཕུག་པའམ། སྟོང་ཁམས་ཆེན་པོའི་ནང་གི་ཕུག་པ་ནག་པོ། ཡང་ན་འོད་ཀྱི་མགྱོགས་ཚད་དང་མཉམ་པའི་འཇིག་རྟེན་འཕུར་གྲུ་གང་རུང་ཞིག་གི་མཐུན་ རྐྱེན་འཛོམས་དགོས་ཡོད།
དེའང་འབུ་སྲིན་ཕུག་པ་ནི་གཟུགས་ཀྱི་ཚད་བཞི་བ་ལས་རྒལ་བྱེད་ཡིན། ཧའོ་ཁེན་གྱིས་དུས་ཀྱི་འགྲུལ་བཞུད་བྱ་དགོས་ན་ངེད་ཅག་གིས་གཟུགས་ཀྱི་ཚད་བཞི་བ་ སྟེ་དུས་ཚོད་ཉིད་བརྒལ་དགོས་པར་འདོད། ཚན་རིག་པ་རྣམས་ཀྱིས་བློས་བསླངས་བྱས་པའི་འབུ་སྲིན་ཕུག་པ་ནི་ཚད་བཞི་བ་རྒལ་ བྱེད་ཀྱི་གསང་ལམ་དུ་ངེས། ཧའོ་ཁེན་མཆོག་གིས། འབུ་སྲིན་ཕུག་པ་ནི་ངེད་ཅག་གི་ཉེ་འཁོར་དུ་ཡོད་ནའང་ཤིན་ཏུ་ཆུང་བས་མིག་གི་ སྤྱོད་ཡུལ་མ་ཡིན། སྲིད་པ་ཆེན་པོའི་ནང་གི་གཟུགས་ཐམས་ཅད་ལ་ཤིན་ཏུ་ཕྲ་བའི་ཁུང་བུ་དང་གས་ཁ་ཡོད་ ཅིང་རྩ་བའི་ཆོས་ཉིད་དེ་དུས་ཚོད་ལའང་ཁྱབ། དེ་བས་དུས་ཚོད་ལའང་ཤིན་ཏུ་ཕྲ་བའི་གས་ཁ་དང་སྲུབས་ཀ་ཡོད། འདུས་རྡུལ་དང་། མ་རྡུལ་ལས་ཀྱང་ཕྲ་བའི་སྲུབས་ཀ་ལ་ཁོན་ཊོམ་གྱི་ཝུ་བ་ཟེར་བ་དང་། འབུ་སྲིན་ཕུག་པ་ནི་ཏག་ཏག་ཁོན་ཊོམ་གྱི་ཝུ་བའི་ནང་དུ་ཡོད་པ་རེད། ནམ་ཞིག་ལ། མིའི་རིགས་ཀྱིས་འབུ་སྲིན་ཕུག་པ་ཞིག་འཛིན་ཐུབ་པར་ངེས་ཤིང་། དེ་ཉིད་ཆེར་བསྐྱེད་དེ་མིའི་རིགས་མ་ཟད་འཇིག་རྟེན་འཕུར་གྲུའང་བསྐྱོད་ཐུབ་ས་ ཞིག་ཏུ་བཟོ་ཐུབ་ངེས་ཞེས་གསུངས། དེ་ལྟ་ནའང་། ཧའོ་ཁེན་གྱིས་བསམ་ན། འབུ་སྲིན་ཕུག་པ་ལ་སྐྱོན་ཞིག་ཡོད་པ་ནི་དེ་ལ་ལྡོག་འབྲས(མཆན།༥ Feedback,反馈སྟེ། དངོས་པོ་གང་ཞིག་གི་ནུས་པ་ལ་ཕྱིར་ལྡོག་སྟེ་བྱུང་བའི་འབྲས་བུའོ)ཡོད་པ་དེའོ། །། དེ་ཆེར་བསྐྱེད་པ་དང་ལྷན་ཅིག་རང་བྱུང་ཁམས་ཆེན་མོའི་འགྱེད་འཕྲོའི་གཟུགས་རྣམས་ དེའི་ནང་དུ་ཤོར་ཏེ་མཐར་མུ་ཁྱུད་ཅིག་ཆགས་པ་རེད། ལྡོག་འབྲས་དེ་ཤིན་ཏུ་སྟོབས་དང་ལྡན་པར་གྱུར་བས་ཐ་ན་འབུ་སྲིན་ཕུག་པའང་རྨེག་ མེད་དུ་གཏོང་ཉེན་ཡོད་དོ།།
དེ་ལས་གཞན་ཕུག་པ་ནག་པོ་སྟེ། དེ་ནི་རང་བྱུང་གི་དུས་ཀྱི་འཕྲུལ་འཁོར་ཡིན། ཧའོ་ཁེན་གྱིས་དུས་ཚོད་ནི་གཙང་བོ་ཞིག་དང་འདྲ་ཞིང་། གནས་མི་འདྲ་བ་རེ་རེ་ནས་བཞུར་བའི་མགྱོགས་ཚད་མི་འདྲ། དེ་རྒྱུ་མཚན་དུ་བྱས་ནས་མ་འོངས་པར་ཕྱོགས་པའི་དུས་ཀྱི་འགྲུལ་བཞུད་ཀྱང་བྱ་ཐུབ་ ཅེས་གསུངས། དགུ་ཚིགས་ཀྱི་ཀློང་ན་སྤུས་ཚད་ལ་ཉི་མའི་དཀྱིལ་འཁོར་ས་ཡ་བཞིའི་ཚད་དང་མཉམ་པའི་ ཕུག་པ་ནག་པོ་ཞིག་ཡོད་པ་དང་། དེ་ནི་དགུ་ཚིགས་ཀྱི་ཀློང་གི་མཁའ་གཟུགས་དག་ལས་ཆེས་ལྕི་བ་དེ་ཡིན། དེས་མངོན་གསལ་དོད་པོས་དུས་ཚོད་ཀྱི་མགྱོགས་ཚད་ཇེ་དལ་དུ་གཏོང་ཐུབ་པ་རེད། ཧའོ་ཁེན་གྱི་བཞེད་པ་ལྟར་ན། དེ་ནི་རང་བྱུང་གི་དུས་ཀྱི་འཕྲུལ་འཁོར་ཞིག་ཡིན་ལ། གལ་སྲིད་འཇིག་རྟེན་འཕུར་གྲུས་ལོ་ལྔའི་རིང་ལ་ཕུག་པ་ནག་པོ་དེར་བསྐོར་བ་བརྒྱབ་ ནས་ཕྱིར་མི་ཡུལ་དུ་ལོག་རྗེས་མི་ཡུལ་ནས་ཏག་ཏག་ལོ་བཅུ་འདས་ཟིན་པ་རེད། ཡིན་ཡང་དུས་ཀྱི་འགྲུལ་བཞུད་ཀྱི་ལམ་ཀ་དེ་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་སྟེ། ཤིན་ཏུ་ཆེ་བའི་ཕུག་པ་ནག་པོ་དང་བཅར་ཚེ་ཉེན་ཁ་ཤིན་ཏུ་ཆེ་བ་རེད།
གོང་གི་དེ་གཉིས་ལས་གཞན། འོད་ཀྱི་མགྱོགས་ཚད་ནི་དུས་ལས་འདས་པར་བྱེད་པའི་རྩ་བ་ཡིན། ཧའོ་ཁེན་གྱིས་གལ་སྲིད་ངེད་ཅག་གིས་མ་འོངས་པར་ཕྱོགས་པའི་དུས་ཀྱི་འགྲུལ་བཞུད་ བྱ་འདོད་ན། མགྱོགས་ཚད་ངེས་པར་མང་དུ་གཏོང་དགོས་པར་འདོད། དེའང་མིའི་རིགས་ཀྱིས་མགྱོགས་ཚད་འོད་དང་ཉེ་བའི་འཇིག་རྟེན་འཕུར་གྲུ་བཟོ་དགོས། ཡིན་ནའང་དེ་ནི་འོད་ནི་ཆེས་མགྱོགས་ཤོས་ཡིན་པའི་ཆོས་ཉིད་ལས་འགོངས་མི་འོས། གལ་སྲིད་དེ་ལས་འགོངས་ཚེ་གྲུ་ནང་གི་དུས་ཚོད་ཇེ་དལ་དུ་འགྲོ་བ་རེད། དེ་ལྟར་ཧའོ་ཁེན་གྱིས་ཤིན་ཏུ་ཆེ་ཞིང་རབ་ཏུ་མགྱོགས་པའི་འཇིག་རྟེན་འཕུར་གྲུ་ ཞིག་བློས་བསླངས་བྱས་པ་སྟེ། གྲུ་བོ་ཆེ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་སུ་ཆེས་མགྱོགས་པའི་མི་གཞུག་འཇིག་ རྟེན་འཕུར་གྲུ་ཨ་ཕོ་ལོ་བཅུ་བ་(Apollo 10)ལས་ལྡབ་ཉིས་སྟོང་གིས་མགྱོགས་པ་རེད། སྟོང་ཁམས་ཆེན་པོ་ནས་ལོ་འགར་འཕུར་རྗེས། འཇིག་རྟེན་འཕུར་གྲུ་དེ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་ཏེ་མཐར་དེའི་མགྱོགས་ ཚད་འོད་ཀྱི་མགྱོགས་ཚད་ཀྱི་99%ལ་སླེབ་པར་འགྱུར། དེ་འདྲའི་མགྱོགས་ཚད་དང་ལྷན་ཅིག་གྲུ་བོ་ཆེ་དེའི་ནང་ནས་ཉིན་གཅིག་ལ་འཚོ་བ་ནི་ སའི་གོ་ལ་ནས་ལོ་གཅིག་ལ་འཚོ་བ་དང་མཉམ་པ་རེད། གྲུ་ནང་གི་འགྲུལ་བ་རྣམས་རྣམ་པ་གཞན་ཞིག་གི་ལམ་ནས་མ་འོངས་པའི་ཕྱོགས་སུ་ མགྱོགས་པོར་སླེབ་ཐུབ་པར་མ་ཟད་ཁོ་ཚོའི་དུས་ཀྱི་འགྲུལ་བཞུད་ཀྱི་རེ་བའང་མངོན་ དུ་འགྱུར་སྲིད་པ་རེད།
ཧའོ་ ཁེན་གྱིས་ནམ་ཞིག་ལ་མིའི་རིགས་ནི་དངོས་ཁམས་རིག་པའི་ཤེས་བྱར་བརྟེན་ནས་གཟུགས་ ཀྱི་ཚད་བཞི་བ་ལས་འདས་ཏེ་དུས་ཀྱི་འགྲུལ་བཞུད་པར་འགྱུར་བར་ཡིད་ཆེས་ཡོད་ཅེས་ གསུངས་པ་རེད།
གསུམ་པ། དུས་མཐའི་སྐོར།
༢༠༡༠ལོའི་ཟླ་༨པའི་ཚེས་༦ཉིན། ཧའོ་ཁེན་གྱིས་ཨ་རིའི་མིང་དུ་གྲགས་པའི་འགུལ་བརྙན་དྲ་བ་ཞིག་གི་ཁ་བརྡའི་ལེ་ཚན་ དུ"སའི་གོ་ལ་ནི་མ་འོངས་པའི་ལོ་ཉིས་བརྒྱའི་ནང་དུ་འཇིག་སྲིད་པས། སྐར་མ་གཞན་ལ་གནས་སྤོ་བ་ནི་མིའི་རིགས་ཀྱི་གདམ་ཀ་ཉག་གཅིག་རེད"ཅེས་གསུང་།
ཁོང་གི་མ་འོངས་སྔོན་མཐོང་གི་གཏམ་མི་རྣམས་ཧ་ལས་པར་བྱེད་པ་དེས། ༢༠༡༢ལོ་ནི་བསྐལ་བ་འཇིག་པའི་ལོ་ཡིན་པར་ཞེད་པའི་སྐྱེ་བོ་དག་གི་སེམས་སུ་འགད་ རྫས་ཆེན་པོ་ཞིག་འཕངས་པ་རེད། འོན་ཀྱང་སའི་གོ་ལའི་འབྱུང་འགྱུར་ནི་ཁོང་གིས་གསུངས་པ་ལྟ་བུ་ཞིག་ཡིན་མིན་ད་ དུང་མི་ཤེས།
ཁོང་གིས་ལེ་ཚན་མདོ་འཛིན་པར་དེང་འདིར་མིའི་རིགས་ནི་ཉེན་ཁའི་གནས་སུ་ཚུད་ཡོད་ ཚུལ་གསུངས་ཡོད་དེ། དེའང་མིའི་རིགས་ཀྱི་རྒྱུད་རྒྱུའི(མཆན།༦ Gene,基因འདི་ལ་གཞན་དུ་རིགས་རྒྱུད་ས་བོན་ཞེས་ཀྱང་བསྒྱུར་ཡོད་པས་དཔྱད་པར་འཚལ།) ནང་དུ་རང་འདོད་ཚ་བོ་དང་གཞན་ལ་གནོད་པར་བྱེད་པའི་ཆ་དེ་ལྷན་སྐྱེས་སུ་ཡོད་ལ། ཏག་ཏག་ལྷན་སྐྱེས་ཀྱི་སྟོབས་དེས་མིའི་རིགས་ནི་ལོ་རྒྱུས་ཀྱི་ཆག་འཇིག་རབ་དང་ རིམ་པ་ལས་ཐར་བར་བྱས་མོད། དེའི་མཐུ་ལས་མིའི་རིགས་ཀྱིས་བག་མི་ཚ་བར་སའི་གོ་ལའི་ཐོན་ཁུངས་རྣམས་ཧམ་འཕྲོག་ བྱས་པ་རེད། དེ་བས་ད་ལྟ་ས་འོག་ས་སྟེང་ཀུན་ཏུ་ཚེ་སྲོག་སྐྱེད་བྱེད་ཀྱི་འཚོ་བཅུད་མང་པོ་ ཞིག་ལྷག་མེད།
ཁོང་གིས་ད་དུང་། དུས་མཐའ་མ་སླེབ་གོང་གི་མ་འོངས་པའི་ལོ་ཉིས་བརྒྱའི་ནང་དུ། མིའི་རིགས་དེ་སྔ་འཕྲད་མ་མྱོང་བའི་ཆག་འཇིག་མང་པོར་འཕྲད་སྲིད། ༡༩༦༣ལོའི་ཁུ་བྷའི་འཕུར་མདའི་འཇིག་ཉེན་ནི་དེའི་དཔེ་མཚོན་ཞིག་རེད། མ་འོངས་པར་དེ་འདྲའི་ཆག་འཇིག་འབྱུང་ཚད་ཇེ་མང་དུ་འགྲོ་སྲིད་པས་དོན་གང་ལའང་ གཟབ་ནན་གྱིས་བལྟས་ཏེ་དེ་ལས་རྒྱལ་བར་བྱ་དགོས་ཞེས་གསུངས།
ཁོང་ ན་རེ། "གལ་སྲིད་མ་འོངས་པའི་ལོ་ཉིས་བརྒྱའི་ནང་དུ་འབྱུང་བའི་ཆག་འཇིག་དག་ལ་འབྱོལ་ ཐུབ་ཚེ། མིའི་རིགས་ལ་བར་ཆད་གཞན་མེད་པར་སྲིད། སྐབས་དེར་ངེད་ཅག་གོ་ལ་གཞན་དུ་གནས་སྤོ་ཆོག བྱ་སྒོང་ཡོད་ཚད་སླེའུ་གཅིག་གི་ནང་དུ་འཇོག་མི་འོས་པ་ཇི་བཞིན་མི་རིགས་ཀྱང་གོ་ ལ་གཅིག་ཁོ་ནར་རེ་ནས་སྡོད་མི་འོས"
དེས་ན་མིའི་རིགས་ཇི་ལྟར་གོ་ལ་གཞན་དུ་སྤོ་དགོས་པ་རེད་ཅེ་ན། ཧའོ་ཁེན་གྱིས་དེ་ལ་ལན་གསལ་པོ་ཞིག་བཏབ་མི་འདུག ཡིན་ཡང་ཚན་རིག་པ་ཚོས་ཚོད་དཔག་བྱས་པ་ལྟར་ན། གལ་སྲིད་རྫས་འགྱུར་གྱི་འབར་རྫས་ཅན་གྱི་འཕུར་གྲུར་བརྟེན་ཚེ་སའི་གོ་ལ་དང་ཆེས་ ཐག་ཉེ་བའི་རྒྱུ་སྐར་ལའང་དུས་ཡུན་བགྲང་བྱ་ལྔ་ཁྲིར་བསྐྱོད་དགོས་ཡོད། དེ་ནི་མིའི་རིགས་ཀྱི་ཚེ་ཐག་ལས་ཀྱང་རིང་བ་རེད། གལ་སྲིད་མིའི་རིགས་ཀྱི་ཚེ་ཐག་གིས་འདེང་བ་གཞིར་བྱས་ཏེ་རྒྱུ་སྐར་གཞན་དུ་ བསྐྱོད་དགོས་ཚེ། མིའི་རིགས་ཀྱིས་ངེས་པར་དུ་མགྱོགས་ཚད་འོད་དང་མཉམ་པའི་འཕུར་གྲུ་བཟོ་དགོས་པར་ མ་ཟད། ད་དུང་སྟོང་ཁམས་ཆེན་མོའི་ནང་ནས་མིའི་རིགས་ཀྱི་ལུས་ཕུང་ལ་གནོད་པའི་འགྱེད་ འཕྲོ་སྣ་ཚོགས་ཀྱང་འགོག་པའི་ཐབས་ལ་བརྩོན་དགོས།
མིའི་རིགས་ཡོངས་རྫོགས་རྒྱུ་སྐར་གཞན་ལ་གནས་སྤོ་བ་ནི་བསམ་ཡང་མི་ཕོད་པ་ཞིག་ རེད། ཡིན་ནའང་ཧའོ་ཁེན་མཆོག་གིས་བསམ་ན། དེ་ནི་མིའི་རིགས་མ་འོངས་པར་འཚོ་ཐུབ་མིན་གྱི་གདམ་ཀ་དང་འབྲེལ་ཡོད་པ་ཞིག་ཡིན་ འདུག དེ་བས་ཁོང་གིས"གལ་སྲིད་ངེད་ཅག་མིའི་རིགས་ནི་དགུ་ཚིགས་ཀྱི་ཁྱིམ་རྒྱུད་ནང་གི་ ཆེས་བློ་རིག་ཅན་གྱི་སེམས་ཅན་དེ་ཡིན་ཚེ། ཅིས་ཀྱང་བསྐལ་བ་ནས་བསྐལ་བའི་བར་འཚོ་ཐུབ་པ་བྱ་དགོས"ཞེས་གསུངས།
བཞི་བ། འཇིག་རྟེན་ཇི་ལྟར་ཆགས་པའི་སྐོར།
ཨེན་སི་ཐེན་ན་རེ། འཇིག་རྟེན་བྱེད་པོས་ཤོ་རྡེའུ་འཕེན་མི་སྲིད། དེའི་རྒྱུ་མཚན་ནི་འཇིག་རྟེན་འདིའི་ཡོད་ཚད་ཆོས་ཉིད་ཅིག་གི་དབང་དུ་ཚུད་ཡོད་པ་ དེ་རེད།
ཡིན་ ཡང་ཧའོ་ཁེན་མཆོག་གིས། འཇིག་རྟེན་བྱེད་པོས་ཀྱང་ཤོ་རྡེའུ་འཕེན་པར་བྱེད། འཇིག་རྟེན་བྱེད་པོས་ལས་ཡོད་དོ་ཅོག་བདག་གིར་འཛིན་མི་ནུས་པས། འཇིག་རྟེན་འདི་ཆོས་ཉིད་ཀྱིས་ཕྱུག་པར་མ་ཟད། འདི་ལ་ངེས་པ་མེད་པའི་ཆའང་མང་པོ་ལྡན། དེང་འདིར་འཇིག་རྟེན་འདིར་སྣང་ངོ་ཅོག་ཐམས་ཅད་ལྡོག་ཏུ་མེད་པའི་ཆོས་ཉིད་དང་། ཆོས་ཉིད་མེད་པའི་སྟེས་དབང་གི་དོན་གཉིས་ཀས་གྲུབ་པ་རེད། ཅེས་གསུངས།
དེས་ན། འཇིག་རྟེན་ནི་མེད་པ་ནས་ཆགས་པ་དང་། དེས་ངེད་ཅག་ལྟ་བུའི་སེམས་ཅན་དག་ཇི་ལྟར་བསྐྱེད་པ། མ་འོངས་པར་དེ་ཉིད་ཇི་ལྟར་འཇིག་པར་འགྱུར་ཞེ་ན། དེའི་སྐོར་ལ་ལྷ་རིག་པ་དང་ཚན་རིག་པ་ཚོས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་རྩོད་པ་ བྱས་པ་དང་། ལྷག་པར་དུ་དེའི་ཕྱོགས་ནས་ཧའོ་ཁེན་མཆོག་གི་ཚིག་གཅིག་གིས་རྩོད་གཞི་ཆེན་པོ་ ཞིག་བསླངས་པ་རེད། ཚིག་དེ་ནི"འཇིག་རྟེན་ཆགས་པའི་གོ་རིམ་དུ། འཇིག་རྟེན་བྱེད་པོར་གྲགས་པ་གང་དེར་བགོ་སྐལ་གང་ཡང་མི་འདུག་ལ། སྲིད་པའི་སྒོ་མོ་ཆེའི་ཟྭ་ནི་འཇིག་རྟེན་བྱེད་པོས་འབྱེད་དགོས་མི་འདུག"ཅེས་པ་ དེའོ།། དེ་ནི་ཧའོ་ཁེན་གྱིས་ཨ་རིའི་དངོས་ཁམས་སྨྲ་བ་ལེན་ནར་རྡི་(Leonard Mlodinow)དང་ལྷན་ཅིག་ཏུ་བརྩམས་པའི་དེབ《ཇུས་འགོད་ཆེན་མོ》ཞེས་པའི་སྐོར་གླེང་ སྐབས་གསུངས་པ་རེད། ཡིན་ནའང་དེ་སྔ་ཁོང་གིས"འཇིག་རྟེན་ལྷ་ཡིས་བཞེངས་པའི་ལྟ་བ་དང་ཚན་རིག་གཉིས་མི་ འགལ"ཞེས་འུད་ཀྱིས་བསྒྲགས་མྱོང་ལ། ༡༩༨༨ལོར་པར་དུ་བསྐྲུན་པའི་《དུས་ཀྱི་བྱུང་བ་ཐོར་བུ》()ཞེས་པའི་དེབ་ཀྱི་ནང་དུ། ཐ་ན"གལ་སྲིད་ངེད་ཅག་གིས་སྐྱོན་མེད་པའི་གཞུང་ལུགས་ཤིག་རྙེད་པའི་དབང་དུ་བཏང་ ན། དེ་ནི་མིའི་རིགས་ཀྱི་རྗེས་དཔག་གི་གྲུབ་འབྲས་རྩེན་སོན་པ་གང་དེས་དུས་རྟག་པར་ འཇིག་རྟེན་བྱེད་པོའི་དགོངས་དོན་གོ་བ་དེ་རེད"ཅེས་གསུངས་མྱོང་།
ཧའོ་ ཁེན་གྱིས་བསམ་ན། ཚན་རིག་གི་ཆེས་གསར་བའི་གཞུང་ལུགས་ཀྱི་དབང་དུ་བྱས་ན། ཚེ་སྲོག་ནི་རང་བཞིན་གྱིས་ཆགས་པར་འདོད་པའི་ལྟ་བ་དེ་ཏན་ཏན་བདེན་པར་འདོད། ཁོང་གིས《ཇུས་འགོད་ཆེན་མོ》རུ་འདི་ལྟར་བྲིས་ཡོད། "ཀུན་ལྡན་འཐེན་ཤུགས་སོགས་ངེས་སྲོལ་དག་ཡོད་པའི་དབང་གིས། སྲིད་པ་ཆེན་པོ་ནི་རང་སྟོབས་ཀྱིས་སྟོང་བའི་ངང་ནས་ཆགས་པར་འགྱུར། དེའང་རང་བཞིན་གྱིས་ཆགས་པ་ཞེས་པས་ནི། ཡོད་པ་ནི་མེད་པ་ལས་ལྷག་པའི་དོན་བཀྲལ་བ་ཡིན་ལ། འཇིག་རྟེན་དང་མིའི་རིགས་ཅིའི་ཕྱིར་གནས་པའི་རྒྱུ་མཚན་ལའང་འགྲེལ་བརྒྱབ་ཡོད། དེའི་ཕྱིར་འཇིག་རྟེན་བྱེད་པོས་མེ་སྦར་བྱེད་ཀྱི་ཤོག་བུ་སྔོན་པོ་ཞིག་བསྒྲོན་ ཏེ་འཇིག་རྟེན་ཆགས་སུ་འཇུག་པར་རེ་བ་བྱ་མི་དགོས་སོ།།"
དེའི་ཕྱོགས་ནས་ཧའོ་ཁེན་གྱིས་དཔེ་གསལ་བོ་ཞིག་བཀོད་ཡོད་དེ། ༡༩༩༢ལོར་ཚན་རིག་པས་རྒྱུ་སྐར་ཞིག་གིས་ཉི་མ་མ་ཡིན་པའི་བརྟན་སྐར་ཞིག་ལ་སྐོར་བ་ རྒྱག་པ་ཤེས་པ་རེད། དེ་ལ་ཁོང་གིས"དེའི་གནས་སྟངས་ནི་ངེད་ཅག་གི་རྒྱུ་སྐར་དང་འདྲ་བ་རེད། དེ་བས་ཉི་མ་དང་། ཉི་མ་དང་སའི་གོ་ལའི་བར་ཐག ཉི་མའི་སྤུས་ཚད་བཅས་ཚོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་དེ་ཁོ་ན་ངོ་མཚར་བ་ཞིག་ མ་རེད། དེ་བཞིན་སའི་གོ་ལ་ནི་མི་རྣམས་སྐྱིད་པོ་འོང་ཕྱིར་སེམས་ཞིབ་མོས་གསར་དུ་བཟོས་ པ་ཞིག་ཡིན་པའང་བདེན་པར་བསྒྲུབ་དཀའ"ཞེས་གསུངས།
ཧའོ་ཁེན་གྱིས་བརྩམས་ཆོས་གསར་བ་དེའི་ནང་དུ་ལྷ་ཁང་རྙིང་བར་གནས་བཤད་གསར་བ་ བྱེད་པའི་ཚུལ་གྱིས"འཇིག་རྟེན་བྱེད་པོ་མེད་པ"ཁོ་ན་ཙམ་བཤད་པ་རེད་དམ་ཞེ་ན། མིན་ནོ།།
《ཇུས་འགོད་ཆེན་མོ》ཡི་བརྗོད་བྱ་ནི། འཇིག་རྟེན་བྱེད་པོ་ཡོད་མེད་ཙམ་ལས་ཤིན་ཏུ་གལ་འགངས་ཆེ་བ་ཞིག་སྟེ། མིའི་རིགས་འཚོ་བར་ཤིན་ཏུ་འཚམས་པའི་འཇིག་རྟེན་འདི་འདྲ་ཞིག་ཡོད་དོན་ནི། དེ་ཉིད་དོན་དུ་སུ་ཞིག་གིས་ཇུས་འགོད་བྱས་པ་ཡིན་པ་དེ་རེད།
《ཇུས་འགོད་ཆེན་པོ》ནི་ཧའོ་ཁེན་གྱི་སྐབས་དེའི་ལོ་ངོ་བཅུའི་རིང་གི་བརྩམས་ཆོས་ ཆེན་པོ་གཅིག་བུ་རེད། དངོས་ཁམས་རིག་པ་བ་ཞིག་གི་ངོས་ནས་བཤད་ན། ཧའོ་ཁེན་གྱིས་བསམ་པའི་དོན་མང་པོ་ནི་ཆོས་ལུགས་ཀྱི་མཐར་ཐུག་གི་བརྗོད་གཞི་དག་ སྟེ། འཇིག་རྟེན་ཇི་ལྟར་ཆགས་པ་དང་ཅིའི་ཕྱིར་ཆགས་པ། ངེད་ཅག་ཅིའི་ཕྱིར་འཚོ་བ། ཅིའི་ཕྱིར་ཡོད་པ་ཡིན་ན་མེད་པ་མིན་པ་འབྱུང་བ། ཅི་ཞིག་ནི་རང་བཞིན་དང་ངོ་བོ་ཉིད་ཡིན་པ། ཅིའི་ཕྱིར་རང་བྱུང་གི་ཆོས་ཉིད་དག་ནི་ཤིན་ཏུ་ཕྲ་ཞིང་ཞིབ་པས་ཚེ་སྲོག་དག་གནས་ པའི་རྒྱུ་རྐྱེན་དུ་སོང་བ། སྲིད་པ་ཆེན་པོ་སུ་ཞིག་གིས་ཇུས་འགོད་བྱས་པ་ལྟ་བུར་སྣང་བས་དེའི་རྒྱབ་ན་བརྩེ་ བའི་བདག་ཉིད་ཅན་གྱི་འཇིག་རྟེན་བྱེད་པོ་ཞིག་ཡོད་དམ་མེད་པ་དང་། ཚན་རིག་གིས་དེ་ལ་འགྲེལ་གཞན་ཞིག་རྒྱག་ཐུབ་མིན་སོགས་རེད།
འཇིག་རྟེན་ཇི་ལྟར་ཆགས་པ་དང་ཚེ་སྲོག་གི་རང་བཞིན་སོགས་རྩ་བར་གྱུར་བ་དེ་དག་ ནི་དེ་སྔ་མཚན་ཉིད་རིག་པའི་དཔྱད་བྱ་ཡིན་ནའང་དེང་འདིར་ཚན་རིག་པ་དང་། མཚན་ཉིད་རིག་པ་བ། ལྷ་རིག་པ་རྣམས་ཀྱིས་ཐུན་མོང་དུ་དཔྱད་བྱ་དང་། སོ་སོས་རང་ཉིད་ཀྱི་འདོད་ཚུལ་འཛིན་ས་ཞིག་གོ། གསར་དུ་རྙེད་པའི་རིག་པ་འགའ་ཞིག་གིས་ངེད་ཅག་གི་འཇིག་རྟེན་ལྟ་བར་འགྱུར་བ་ གཏོང་བ་དང་། ཐ་ན་ངེད་ཅག་གི་བླ་ན་མེད་པའི་དད་མོས་ཀྱི་མ་ལག་ལའང་གནོད་པ་གཏོང་གིན་ཡོད།
《ཇུས་འགོད་ཆེན་མོ》རུ། ཧའོ་ཁེན་དང་ལེན་ནར་རྡི་གཉིས་ཀྱིས་འཇིག་རྟེན་གྱི་གསང་བའི་སྐོར་གྱི་ཚན་རིག་ གི་ལྟ་ཚུལ་གསར་བ་ཞིག་ཞིབ་པར་སྤྲོས་པ་རེད། ཁོང་གཉིས་ཀྱིས། ཁོན་ཊོམ་སྨྲ་བའི་ལུགས་ལྟར་བྱས་ན། སྲིད་པ་ཆེན་པོར་ཁེར་ཚུགས་སུ་ངེས་པའི་ལོ་རྒྱུས་ཞིག་ཡོད་པར་མ་ཟད་ངེས་པ་མེད་ པའི་ལོ་རྒྱུས་ཀྱང་སྣ་ཚོགས་པ་ཞིག་ཡོད་པ་རེད། དེ་བས་ངེད་ཅག་གི་འཇིག་རྟེན་འདི་ནི་རང་བཞིན་གྱིས་སྟོང་བའི་ངང་ནས་ཆགས་པའི་ འཇིག་རྟེན་གྲངས་མེད་པའི་ཁྲོད་ཀྱི་གཅིག་ལས་མ་འདས་ཤིང་། འཇིག་རྟེན་དེ་རེ་རེར་རང་བྱུང་གི་ཆོས་ཉིད་ཀྱང་སྣ་ཚོགས་པ་ཡོད་སྲིད། དེ་མིན་ངེད་ཅག་རང་ཉིད་ནི་འཇིག་རྟེན་གྱི་ཆེས་སྔ་མོའི་ཁོན་ཊོམ་འཕྱུར་ཅིང་ འཇགས་པ་ལས་ཐོན་པ་ཙམ་དུ་ཟད་དོ།།
ཧའོ་ཁེན་དང་ལེན་ནར་རྡི་གཉིས་ཀྱིས་གོང་གི་དོགས་གཞི་དག་སེལ་བའི་རེ་བ་ནི"M- གཞུང་ལུགས"ལ་བཅོལ་ཡོད། "M-གཞུང་ལུགས"ཀྱིས་ངེད་ཅག་དང་ངེད་ཅག་གི་འཇིག་རྟེན་འཆིང་བྱེད་ཀྱི་ངེས་སྲོལ་ དག་ཞིབ་པར་བཀྲལ་ཡོད་ལ། དེ་ནི་འཐུས་སྒོ་ཚང་བའི"ཀུན་ལྡན་གཞུང་ལུགས"ཉིད་མིག་སྔའི་བར་བཀོལ་ཐུབ་པར་ བྱེད་ཀྱང་སྲིད་པའི་གཞུང་ལུགས་ནང་གི་གཅིག་ཡིན། ཁོང་གཉིས་ཀྱིས"གལ་སྲིད་M-གཞུང་ལུགས"བདེན་པར་བསྒྲུབ་ཐུབ་ཚེ། དེ་ནི་ཨེན་སི་ཐན་གྱིས་བཙལ་བའི་ཀུན་ལ་ཁྱབ་པའི་གཞུང་ལུགས་ཤིག་ཡིན་པ་དང་། མིའི་རིགས་ཀྱི་རིགས་ལམ་གྱི་མཐར་ཐུག་གི་རྒྱལ་ཁ་ཞིག་ཀྱང་ཡིན"ཞེས་གསུངས་ཡོད།
ལྔ་བ། གཞན་གྱི་འདོད་ཚུལ།
ཧའོ་ཁེན་གྱི་གཏམ་དེ་དག་ཁྱབ་རྗེས། འཛམ་གླིང་ཡོངས་སུ་གྲགས་འགུལ་ཆེན་པོ་བྱུང་། བརྗོད་གཞི་དེ་དག་ལ་ཚན་རིག་གི་རྟོག་བཟོའི་ཆ་ཡོད་པ་དང་། དེ་དག་དུས་ཐུང་ངུའི་ནང་བསྟུད་མར་སྤེལ་བ། དེ་མིན་ཧའོ་ཁེན་ཁོང་ལ་ཡང་ཐོབ་ཐང་ཡང་དམིགས་བསལ་བ་ཡོད་པ་སོགས་ཀྱིས་རྐྱེན་པས་ དེ་མ་ཉིད་དུ་ཀུན་གྱི་གླེང་ཕྱོགས་ཤིག་དང་དོ་སྣང་བྱེད་སར་གྱུར། སྨྱན་ལམ་ཁག་གིས་འུར་ཅིང་སྐྱེ་བོ་དག་གིས་ཡང་ཡང་བཟླས་པས་ཧའོ་ཁེན་ཞེས་པའི་མིང་ དེ་རྫིག་ཉམས་དོད་ལ་དབང་ཐང་ཆེ་བ་ལྟ་བུར་གྱུར། ཚན་རིག་པ་རྣམས་ཀྱིས་འགྲེལ་བརྗོད་སྣ་ཚོགས་བྱས་པ་དང་། ཆོས་ལུགས་པའི་སྡེ་ནས་ཚུར་སྣང་དྲག་པོ་བྱུང་བ། དངོས་ཁམས་རིག་པར་དགའ་མཁན་དང་UFO(གོ་ལ་གཞན་གྱི་སེམས་ཅན་དག་གི་ཞོན་པའམ་མཁའ་ གྲུ)ལ་དགའ་མཁན་ཚོས་ཤུགས་ཆེན་པོས་སྤུར་བས་དོན་དེའང་ཅི་ཡིན་འདི་ཡིན་མི་ཤེས་པ་ ལྟ་བུར་གྱུར།
ཧའོ་ཁེན་གྱིས“གོ་ལ་གཞན་དུ་འཚོ་བའི་སེམས་ཅན་དག་ཕར་བཙལ་མི་རུང”ཞེས་ཉེན་བརྡ་ བརྒྱབ་ཅིང་། ཏག་ཏག་དེའི་སྔོན་དུ། ཨ་རིའི་མཁའ་སྐྱོད་ལས་ཁུངས་དང་རྩ་འཛུགས་གཞན་འགའ་ཞིག་གིས་སྟོང་བའི་དབྱིངས་སུ་ བརྡ་མང་པོ་བསྐྱལ་ནས་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་དག་ལ་འབྲེལ་བ་བྱ་རྩིས་བྱས་ པ་རེད།
“འཛམ་གླིང་ལས་འདས་པའི་ཤེས་རབ་འཚོལ་བ”(མཆན།༧ འདིའི་མིང་ཆ་ཚང་ལ་The Search for Extra-Terrestrial Intelligenceཟེར་ཅིང་བསྡུས་ནSETIཞེས་འབོད)ཞེས་པའི་མཐུན་ཚོགས་ཀྱི་ཚོགས་མི་ གཙོ་བོའི་གྲས་ཏེ་མཁའ་དཔྱ ད་རིག་པ་བ་སེ་ཟི་ཤོ་སི་ཐག(Seth Shostak)གིས་གསུང་བ་ལྟར་ན། ཧའོ་ཁེན་གྱིས་ཉེན་བརྡ་བརྒྱབ་པའི་མཐུ་ཡིས་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་འཚོལ་ བཞིན་པའི་མཁའ་དཔྱད་རིག་པ་ཉུང་ངུའི་ཁྲོད་དུ་ལོ་ངོ་གསུམ་རིང་རྩོད་པ་ཤོར་ཅིང་། དེ་ནི་ཉེན་ཁ་ཆེ་བའི་གོ་ལ་གཞན་གྱི་སེམས་ཅན་ལ་བྱོལ་ཕྱིར། མཁའ་དཔྱ ད་རིག་པ་བ་ཚོས་སྟོང་ཁམས་ཆེན་པོའི་ནང་དུ་དམིགས་ཡུལ་ཡོད་པའི་བརྡ་འཕྲིན་སྐྱེལ་ མཚམས་འཇོག་དགོས་མིན་གྱི་སྐོར་རེད།
ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱི་མཁའ་དབྱིངས་སྐྱེ་ཁམས་རིག་པ་བ་མ་རེས་ཝོ་ཡེ་ ཐེ་ཁི(Mary Voytek)ཡིས་གསུང་བ་ལྟར་ན། ཧའོ་ཁེན་གྱིས་གསུང་བའི་དོན་དེའི་སྐོར་ནས་མཁའ་དཔྱ ད་རིག་པ་བ་ཚོའི་ཁྲོད་དུ་ནམ་ཡང་ལྟ་ཚུལ་མི་མཐུན་པ་ཡོད་ཅིང་། འགའ་ཞིག་གིས་ཟེར་ན། “སྟོང་ཁམས་ཆེན་པོའི་ནང་དུ་བརྡ་སྐྱེལ་བ་ནི་ནགས་ནང་ནས་ཀི་བཏབ་པ་འདྲ་བས་ཐབས་ ཡག་པོ་ཞིག་ཡིན་མིན་མ་ངེས་པ”དང་། ཡང་འགའ་ཞིག་གིས་དེ་ལ“དེས་ན་ངེད་ཅག་ནམ་ཡང་ཕ་བོང་གི་ཕག་ཏུ་ཡིབ་ནས་སྡོད་དགོས་ པ་ཡིན་ནམ”ཞེས་རྒོལ་བར་བྱེད།
ལོ་༢༠ཡས་མས་ཀྱི་ཡར་སྔོན་དུ། ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱིས་ཆེད་དུ་དོན་དེའི་སྐོར་ནས་ཚོགས་འདུ་བསྡུས་ཏེ་ བགྲོ་གླེང་བྱས་མྱོང་བ་རེད། ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱི་དེ་སྔའི་ཇོན་སིན་མཁའ་སྐྱོད་ལྟེ་གནས་ཀྱི་འགན་ འཛིན་པ་ཁི་རི་སི་ཐོ་ཧྥིར་ཁི་ར་ཧྥུ་ཐི(Christopher Kraft)ལགས་ཀྱིས་གསུང་བ་ལྟར་ན། སྐབས་དེར་ཆེད་མཁས་པ་མང་དག་ཅིག་གིས་གོ་ལ་གཞན་དུ་འཚོ་བའི་སེམས་ཅན་ཕར་བཙལ་བ་ དེར་ཉེན་ཁ་ཆེན་པོ་ཡོད་པའི་ལྟ་ཚུལ་བཏོན་པ་རེད།
དེ་ལྟ་ནའང་། འདས་པའི་ལོ་ངོ་ཉི་ཤུའི་རིང་ལ། ཚོགས་པ་མང་པོ་ཞིག་གིས་གོ་ལ་གཞན་གྱི་ཕྱོགས་སུ་བསམ་བཞིན་དུ་བརྡ་མང་པོ་བསྐྱལ་ བ་རེད། དེ་དག་ལས་ཆེས་གྲགས་ཆེ་བ་ནི་༡༩༧༤ལོར་ཕོའོ་ཐའོ་རེའུ་ཁའོ(Puerto Rico)ཡི་ཨ་རི་སི་བྷོ་གནམ་དཔྱད་ཁང(Arecibo Observatory)གིས་སྐར་མ་གསུམ་གྱི་རིང་ལ་རྒྱང་སྲིང་བྱས་པ་དེ་རེད། དེ་བཞིན་ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱིས་རུ་འདྲེན་པ་བཅུ་བ(Pioneer 10)དང་། རུ་འདྲེན་པ་བཅུ་གཅིག་པ།(Pioneer 11) མཚོ་འགྲུལ་བ་དང་པོ།(Voyagar 1) མཚོ་འགྲུལ་བ་གཉིས་པ།(Voyagar 2)བཅས་འཚོལ་ཞིབ་ཐིག་ལེན་གྱི་འཕྲུལ་འཁོར་བཞི་བར་སྣང་ལ་བཏང་བ་དང་། དེ་དག་རེ་རེའི་ནང་དུ་མིའི་རིགས་ཀྱིས་གོ་ལ་གཞན་གྱི་སེམས་ཅན་ལ་བསྐུར་བའི་སྐད་ སྣ་ཚོགས་སྒྲར་བླངས་ཏེ་བཅུག་པར་མ་ཟད། ཁོ་ཚོར་འཚམས་འདྲི་བྱས་ཤིང་ཇི་ལྟར་སའི་གོ་ལའི་ཕྱོགས་སུ་ཡོང་ཚུལ་ཡང་གསལ་བོར་ བཤད་པ་རེད།
སི་ཐེ་ཧྥེན་ཧའོ་ཁེན་མཆོག་གི“འཇིག་རྟེན་ཆགས་པ་དང་འཇིག་རྟེན་བྱེད་པོ་གཉིས་ བར་དུ་འབྲེལ་བ་མི་འདུག”ཅེས་པའི་གཏམ་བརྗོད་དེར་ཆོས་ལུགས་པ་རྣམས་ཀྱིས་ཁ་རུབ་ བརྒྱབ་སྟེ་དྲག་ཏུ་རྒོལ་བར་བྱས།
དབྱིན་ཇི་རུ། ཡེ་ཤུ་བ་དང་། གནམ་བདག་པ། ཇེའུ་བ། ཁ་ཆེ་བ་བཅས་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོ་ཕན་ཚུན་གྱི་རྒྱབ་དཔུང་དུ་ལངས།
ཆོས་དཔོན་ཆེན་མོ་རོ་ཝན་ཝེ་ལམ་སི(Rowan Williams)ན་རེ། “ཧའོ་ཁེན་གྱིས་བརྡ་དོན་གཉིས་བསྲེས་ཏེ་ཉོག་པར་བཏང་འདུག ལྷ་ལ་དད་པ་ནི་འཇིག་རྟེན་གྱི་གཟུགས་དང་གཟུགས་བར་གྱི་སྟོང་ཆ་གསབ་ཕྱིར་མིན་པར་ བླ་ན་མེད་པའི་ཤེས་རབ་ཅིག་ལ་ཡིད་ཆེས་ཕྱིར་ཡིན་པ་དང་། འཇིག་རྟེན་གྱི་ལས་དང་བྱ་བ་ཡོད་དོ་ཅོག་མཐར་དེད་ན་ཤེས་རབ་དེ་ལ་གཞི་བཅོལ་དགོས་ པས་ཡིན། དེ་ལས་ལྡོག་སྟེ། གཟུགས་ཀྱི་ཆོས་ཉིད་ལ་བརྟེན་ཚེ་མངོན་སུམ་གྱི་མཐོང་སྣང་དུ་གྲུབ་པའི་གཟུགས་དང་ གཟུགས་ཀྱི་བར་གྱི་འབྲེལ་བ་ཙམ་མ་གཏོགས་ཤེས་ཐབས་མེད་ལ། དེ་དག་ཅིའི་ཕྱིར་ཡོད་པ་ལས་མེད་པའི་རྒྱུ་མཚན་ཡང་རྟོགས་ཐབས་མེད།”
དབྱིན་ཇིའི་ཇེའུ་ཆོས་ལུགས་ཀྱི་དབུ་བཞུགས་ཆོས་དཔོན་དང་ར་བྷེའི་མཚན་ཐོབ་ཅན་ རྗ་ནུ་སན་ས་ཁི་སིས(Jonathan Sacks)ཀྱང《དུས་བབ་ཚགས་པར》དུ་རྩོམ་ཡིག་བྲིས་ཏེ་《དམ་པའི་གསུང་རབ》ནི་འཇིག་ རྟེན་ཇི་ལྟར་ཆགས་པའི་སྐོར་ཙམ་འགྲེལ་བར་ཕྱོགས་མེད་པས་ཚན་རིག་དང་ཆོས་ལུགས་ ཀྱི་ལྟ་བ་གཉིས་བསྲེ་མི་རུང་བར་བཤད་པ་དང་། ཧའོ་ཁེན་གྱིས་དེ་གཉིས་ཡར་སྲེ་མར་སྲེ་བྱས་པར་གསུངས།
རོམ་ གྱི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཝེན་སུན་ཐི་ནཱེ་ཁུལ་སི(Vincent Nichols)ཡིས་ཀྱང་དེ་མ་ཉིད་དུ་ར་བྷེའི་གཏམ་བརྗོད་དེར་མོས་མཐུན་ཡོད་པའི་ལྟ་ ཚུལ་བཏོན་པ་དང་། ཁོང་གིས་ཀྱང་བདུན་ཕྲག་རྗེས་མའི་ནང་དུ《དུས་བབ་ཚགས་པར》དུ་རྩོམ་ཡིག་བྲིས་ཏེ་ ཧའོ་ཁེན་གྱི་ལྟ་བར་དགག་རྒྱུ་ཡིན་ཚུལ་བརྗོད།
དེ་མིན་དབྱིན་ཇིའི་ཁ་ཆེའི་ཆོས་ལུགས་ཚོགས་པའི་ཚོགས་གཙོ་མོ་གྷ་ར་ཡིས་ཀྱང“ འཇིག་རྟེན་དང་འཇིག་རྟེན་དུ་ཡོད་པའི་ཆོས་ཐམས་ཅད་གཞི་གྲུབ་པ་དེ་ཁོ་ནས་ཀྱང་ ཀུན་ལ་ཁྱབ་པའི་འཇིག་རྟེན་བྱེད་པོ་ཞིག་ཡོད་པ་བསྒྲུབ་ཐུབ”ཅེས་ཧའོ་ཁེན་ལ་དགག་ པ་བརྒྱབ།
རྩོད་གཞི་དེ་དེ་མ་ཉིད་དུ་ཨ་རིའི་ཕྱོགས་སུ་མཆེད། ཡེལ་སློབ་གྲྭ་ཆེན་མོའི་ཆོས་ལུགས་སློབ་གླིང་གི་སློབ་དཔོན་དང་དངོས་ལུགས་སློབ་ གླིང་གི་འཇིག་རྟེན་རིག་པ་བ་རྣམས་ཀྱིས་ཆེད་དུ་འདུ་ཚོགས་ཤིག་བསྡུས་ཏེ་དེང་ རབས་ཀྱི་སྲིད་པའི་རིག་པ་དང་། ཆོས་ལུགས་ཀྱི་དཀའ་གནད་ཁག་དང་འབྲེལ་ནས་བགྲོ་གླེང་བྱས།
དེ་དང་ཆབས་ཅིག ལྷ་མེད་སྨྲ་བ་དག་གིས་ནི་ཧའོ་ཁེན་གྱི་བསྒྲགས་གཏམ་དེ་དར་ཆར་བཟུང་ནས་དགའ་བའི་ འབོད་སྒྲ་བསྒྲགས། དབྱིན་ཇིའི་ལྷ་མེད་སྨྲ་བའི་ཚན་རིག་པ་རི་ཆར་རྡི་རྡོ་ཁེན་ཟི(Richard Dawkins)གྱིས་ཧའོ་ཁེན་གྱི་ཕྱོགས་ནས་ལངས་ཏེ“དེ་སྔ་ཏར་ཝུན་གྱིས་འཇིག་རྟེན་ བྱེད་པོ་སྐྱེ་ཁམས་རིག་པ་ནས་བས་མཐར་བསྐྲད་པ་དང་། དེང་འདིར་ཧའོ་ཁེན་གྱིས་དངོས་ཁམས་རིག་པ་ནས་ཀྱང་དེ་ལྟར་བྱས་སོང”ཞེས་སྨྲས།
དེ་ལྟར་ཆོས་ལུགས་པ་རྣམས་ཀྱིས་ཧའོ་ཁེན་ཁ་རུབ་བྱེད་བཞིན་པའི་སྒང་ལ། ཟླ་བ་༩བའི་ཚེས་༡༠ཉིན་ཁོང་གིས་CNNལ་བཅར་འདྲི་བྱེད་བཅུག་པ་དང་། སྔར་བཞིན་ཁོང་རང་གི་ལྟ་བ་ཨ་འཐས་སུ་བཟུང་སྟེ“གཅིག་བྱས་ན་འཇིག་རྟེན་བྱེད་པོ་ ཟེར་བ་ཡོད་དུ་ཆུགས་ཀྱང་ཚན་རིག་གིས་ཅིའི་ཕྱིར་འཇིག་རྟེན་ཉིད་ལ་དེའི་བྱེད་པོ་ ཞིག་མི་དགོས་པའི་རྒྱུ་མཚན་བཙལ་མི་ཆོག་པ་རེད”ཅེས་གསུངས།
ཁོང་གི་ལྟ་ཚུལ་དེ་ལ་རིག་གཞུང་སྨྲ་བའི་སྡེ་ནས་དེ་ནི་ལྟ་ཚུལ་གསར་བ་ཞིག་མིན་ པར་ཀུན་གྱི་མིག་ཁ་དཀྲི་བ་ཙམ་རེད་ཅེས་ཟེར་མཁན་བྱུང་། གང་ལྟར་ཁོང་ལ་དོ་སྣང་མི་བྱེད་མཁན་དང་། ཁྱད་གསོད་བྱེད་མཁན། དགག་པ་གཏོང་མཁན། རྒྱབ་སྐྱོར་བྱེད་མཁན་གང་ཡིན་ཡང་ཁོང་གིས་དཔེ་དེབ་དང་བརྙན་འཕྲིན། ཚགས་པར། དྲ་བ་སོགས་སྨྱན་བྱེད་སྣ་ཚོགས་བརྒྱུད་དེ་མི་མང་འུར་ཆི་ལེར་བཞག་པ་ནི་སུས་ཀྱང་ ཁས་ལེན་པ་རེད།
དྲུག་པ། ཧ་ལས་ཤིང་ཧོན་འཐོར་དགོས་པའི་དངོས་དོན་འགའ་ཞིག
ཧའོ་ཁེན་གྱི་བཞེད་པ་དང་ཞལ་གསུང་དེ་དག་ནི་ཚན་རིག་འཕྲུལ་སྣང་གི་སྒྲུང་དང་ གློག་བརྙན་མང་པོ་ཞིག་ཏུ་དེ་སྔ་ནས་ཡོད་པར་མ་ཟད། ཤིན་ཏུ་ཡ་མཚར་བ་དང་མིག་ཡིད་འཕྲོག་པ་ཤ་སྟག་ཡིན་པ་རེད། བརྩམས་ཆོས་དེ་དག་གིས་སྒྲོ་འདོགས་བྱས་པའི་མཐུ་ལས་མ་འོངས་པའི་འཇིག་རྟེན་དེ་ ངེད་ཅག་དང་ཤིན་ཏུ་ཆ་རྒྱུས་ཡོད་པ་ལྟ་བུར་གྱུར་ཡོད་ཅིང་། ཕྱིས་སུ་དོན་ཅི་ཞིག་བྱུང་ནའང་ཤིན་ཏུ་གསར་བ་དང་མི་སྲིད་པ་ཞིག་ཏུ་འགྱུར་མི་ སྲིད། ཡིན་ནའང་ཧའོ་ཁེན་གྱིས་སྒྱུ་རྩལ་བརྩམས་ཆོས་དེ་དག་ལས་ཀྱང་ལྷག་པར་མི་རྣམས་ཀྱི་ དང་བ་དབང་མེད་དུ་འདྲེན་དོན་ནི། ཁོང་ཉིད་འཛམ་གླིང་སྒང་ལ་སྐད་གྲགས་ཆོད་པའི་ཚན་རིག་པ་ཞིག་ཡིན་པས་རེད། དེ་བས་ཁོང་ནི་སྤྱིར་བཏང་གི་རྩོམ་པ་པོ་དང་། གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན། འཁྲབ་ཁྲིད་པ་བཅས་དང་མི་འདྲ་བ་རེད།
དེས་ན་དོན་དངོས་སུ་ཁོང་གིས་གསུང་བ་དེར་ཁུངས་ཡོད་དམ་མེད་པ་དང་། ཁེ་དང་མཚན་སྙན་གཉིས་ཀ་ཡོད་པའི་ཚན་རིག་པ་ཞིག་གིས་དགུང་ལོ་མཐོན་པོ་ཆགས་པའི་ སྐབས་སུ་དེ་འདྲ་གསུང་དོན་གང་ཡིན་པ། དེ་འདྲའི་ལུང་བསྟན་ལྟ་བུའི་ཚིག་སྒོར་ཕྱུང་བ་ལ་ཉེན་ཁ་ཅི་ཞིག་ཡོད་པ་རེད་ཅེ་ན། ལོ་འདི་གར་ཡང་ནས་ཡང་དུ་བྱུང་བའི་རང་བྱུང་གི་འཇིགས་པ་དང་། ཧའོ་ཁེན་གྱི་ཧ་ལས་དགོས་པའི་ཞལ་གསུང་དག་ལ་ཚུར་སྣང་ལན་མང་བྱུང་བ་གཉིས་ཀྱི་བར་ དུ་འབྲེལ་བ་མཚར་བོ་ཞིག་ཀྱང་ཡོད་པ་རེད། དེའི་སྐོར་ནས་དཔེ་འགའ་དྲངས་ཏེ་གསལ་པོར་བཤད་ན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁའ་དབྱིངས་ཕྱི་འབྲེལ་དཔོན་རིགས་དང་འབྲེལ་བའི་རྩོད་ཉོག
དབྱིན་ཇིའི《ཉིན་རེའི་གློག་འཕྲིན་ཚགས་ཤོག》གྱིས་འདི་འདྲའི་གསར་འཕྲིན་ཞིག་ སྤེལ། ༢༠༡༠ལོའི་ཟླ་༩བའི་ཚེས་༢༦ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ“གོ་ལ་གཞན་གྱི་སེམས་ཅན་ནམ་ཕྱི་སྐར་བའི་འབྲེལ་ལམ་ལས་ ཁུངས”ཞེས་པ་བཙུགས་པར་མ་ཟད། ཕྱིའི་མཁའ་དབྱིངས་བྱ་བའི་གཞུང་ལས་ཁང་གི་འགན་འཛིན་པ་བསྐོས་ཤིང་། མ་ལེ་ཞེ་ཡའི་དངོས་ཁམས་རིག་པ་བ་མ་ཟི་ལན་ཨོ་ཟི་མན(Mazlan Othman)ལགས་ཕྱི་སྐར་གཞུང་ཚབ་དུ་བསྐོས་ཏེ་གོ་ལ་གཞན་གྱི་སེམས་ཅན་སའི་གོ་ལར་ བསུ་བའི་ལས་འགན་འཁུར་དུ་བཅུག ཚན་རིག་འཕྲུལ་སྣང་གི་ཁྱད་ཆོས་ལྡན་པའི་གནས་ཚུལ་དེ་སྤེལ་རྗེས། ཡུལ་གྲུ་སོ་སོའི་གསར་འགྱུར་སྨྱན་བྱེད་ཁག་གིས་དེ་མ་ཐག་བརྒྱུད་འགོད་བྱས་པ་ དང་། འཛམ་གླིང་ཡོངས་ཀྱི་གོ་ལ་གཞན་གྱི་སེམས་ཅན་ལ་དོ་སྣང་ཡོད་མཁན་ཚོ་སྤྲོ་བས་མྱོས།
ཡིན་ནའང་གསར་འཕྲིན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བདེན་ པ་མིན་པ་དང་། ཕྱི་སྐར་གཞུང་ཚབ་ཀྱི་ལས་མིའང་བསྐོས་མེད་པར་བཤད། ཨོ་ཟི་མན་མོ་རང་ཉིད་ཀྱིས་ཀྱང་གསར་སྨྱན་གྱི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ ནི་སེམས་བྲོད་པར་བྱེད་པ་ཞིག་ཡིན་ཡང་དེ་འདྲའི་ལས་གནས་ཤིག་མེད་ཚུལ་གླེང་། འོན་ཀྱང་མོས་མོ་རང་བདུན་ཕྲག་རྗེས་མའི་ནང་དུ་གོང་མའི་སློབ་ཚོགས་ཀྱི་འདུ་ ཚོགས་ཤིག་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་གླེང་གཞི་ནི“སའི་གོ་ལ་དང་ཉེ་བའི་རྒྱུ་སྐར་ཆུང་ངུས་སའི་གོ་ལར་རྡུང་ཐུག་ བརྒྱབ་ཚེ་ཇི་ལྟར་བྱ་དགོས་པ”དེ་ཡིན་པ་གསལ་བོར་བཤད།
ཕྱི་སྐར་གཞུང་ཚབ་བསྐོས་པའི་གསར་འཕྲིན་དེ་ཇི་ལྟར་བྱུང་བ་དང་། དེ་ནི་རྒྱུ་མེད་ཁུངས་མེད་ཅིག་རེད་དམ། དེའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏམ་བཤད་པ་ཞིག་གིས་དེ་ལ་ཁུངས་ཕྲན་ཙམ་མེད་པར་ བཤད་ནའང་དེ་ཉིད་གསར་འགྱུར་སྨྱན་བྱེད་ཁག་གིས་བརྒྱུད་སྤེལ་དང་བསྐྱར་སྤེལ་ལན་ དུ་མར་བྱས་ཏེ་ཀློག་མཁན་མང་པོས་དོ་སྣང་བྱ་དགོས་དོན་ཅི་ཡིན་ནམ། དེས་ན་གོ་ལ་གཞན་གྱི་སེམས་ཅན་དག་དངོས་སུ་སའི་གོ་ལར་ཡོང་སྲིད་པ་ཡིན་ནམ། ཡང་ན་དོན་དེས་མིའི་རིགས་ཀྱིས་མི་རིང་བར་འབྱུང་སྲིད་པའི་སྟོང་ཁམས་ཆེན་པོའི་ ཤེས་རིག་གི་གདོང་གཏུག་སྐོར་ལ་བསྐྱར་དུ་བསམ་གཞིགས་གཏང་དགོས་པ་མཚོན་པ་ཡིན
ཨ་རིའི་མཁའ་དམག་གི་གསང་བ་ཕྱིར་གྱར་བའི་དོན་རྐྱེན།
གོ་ལ་གཞན་གྱི་སེམས་ཅན་དང་UFOནི་དངོས་སུ་ཡོད་པའམ་དེ་དག་སའི་གོ་ལར་ཡོང་མྱོང་ ཡོད་མེད་ཀྱི་དོན་དེ་ནི་ཨ་རིའི་སྲིད་གཞུང་གིས་དམ་པོར་བསྡམས་པའི་དམག་དོན་གྱི་ གསང་བ་ཞིག་ཡིན་པ་རེད། དེ་ལྟ་ནའང་། ༢༠༡༠ལོའི་ཟླ་༩བའི་ཚེས་༢༧ཉིན། ཨ་རིའི་མཁའ་དམག་གི་སྔར་གྱི་དམག་མི་བདུན་གྱིས་གསང་རྒྱ་དེ་དང་འགལ་བར་བྱས་ཏེ། ཨ་རིའི་རྒྱལ་ས་ཝ་ཞིན་ཐོན་ནས་གསར་འགྱུར་འགྲེམ་གཏོང་གི་ཚོགས་འདུ་ཞིག་བསྡུས་ ནས་ལོ་ངོ་བཅུའི་རིང་གི་ལྷིང་འཇགས་ཡོངས་སུ་གཏོར་ཅིང་། ཁོ་ཚོས་་དེ་སྔ་ཕྱི་སྐར་གྱིUFOལ་ཐབས་ལམ་གསུམ་པ་བརྒྱུད་དེ་འཕྲད་པའི་གནས་ཚུལ་ ཕྱིར་བསྒྲགས་པར་མ་ཟད་ཁུངས་བཙུན་པའི་བདེན་དཔང་ཡང་བསྟན། ཁོ་ཚོས་བཤད་པ་ལྟར་ན། UFOནི་དུས་རྟག་པར་ཨ་རིའི་དམག་དཔུང་གི་རྡུལ་ཕྲན་མཚོན་ཆའི་ལྟེ་བར་བཅར་གྱིན་ ཡོད་པ་དང་། ཁོ་ཚོས་གསང་བའི་སྒོ་ནས་རྡུལ་ཕྲན་འཕུར་མདའི་མ་ལག་ལ་རྒོལ་བས་སྐབས་ཤིག་རིང་ རྡུལ་ཕྲན་འཕུར་མདའ་དེ་དག་བེད་མེད་པ་དང་ནུས་པ་ཉམས་པར་བཏང་མྱོང་བ་རེད། ཁོ་ཚོས་བསམ་ན་སའི་གོ་ལའི་སྟེང་དུ་གོ་ལ་གཞན་ནས་ཡོང་བའི་སེམས་ཅན་དག་སླེབས་ ཡོད་པས་སྲིད་གཞུང་གིས་གནས་ཚུལ་དེ་མི་སྦེད་མི་འཆབ་པར་ཀུན་ལ་བསྒྲགས་པའི་རེ་ བའང་ཞུས།
UFOདང་རྡུལ་ཕྲན་མཚོན་ཆའི་འབྲེལ་བའི་སྐོར་གྱི་ཞིབ་འཇུག་པ་ཧཱ་སི་ཐེན་སི་ལགས་ ན་རེ། “ཁོ་བོའང་སྐུ་ཞབས་དེ་ཚོ(གསང་བ་ཕྱི་ལ་སྒྲོག་མཁན་གྱི་དམག་མི་དེ་ཚོ)དང་འདྲ་བར་ རྒྱུ་སྐར་གཞན་ནས་འོང་བའི་སེམས་ཅན་དག་དེ་སྔ་སའི་གོ་ལར་སླེབས་མྱོང་བར་ཡིད་ ཆེས། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཁོ་ཚོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་དུས་སུ་མགོ་བརྩམས་པའི་རྡུལ་ ཕྲན་མཚོན་ཆའི་འགྲན་རྩོད་དེ་ལ་སྤྲོ་བ་ཆེན་པོ་འདུག ཁོ་ཚོས་ཉིང་རྡུལ་མཚོན་ཆ་དེ་དག་ལ་སྐབས་སྐབས་སུ་བཟོ་བཅོས་བྱེད་པ་དང་ཁ་ལོ་ སྒྱུར་བའི་ཐབས་ལ་བརྟེན་ནས་ཁོ་ཚོའི་འདོད་འདུན་སྟོན་པར་བྱེད”
ཁོང་གིས་ད་དུང་ཨ་རིའི་དམག་ནང་གི་ལས་ཀ་བ་༢༠ལྷག་གིས་དོན་དེ་བདེན་པ་ཡིན་པར་ སྨྲས་པའི་སྐོར་གསུང་བ་དང་། ༡༩༦༦ལོར་མེ་ནོ་ཐི་ཟེར་བའི་དམག་སྒར་ནས་UFOཞིག་དེ་གར་བརྒྱུད་ནས་འཕུར་ཅིང་། རང་དབང་མེད་པར་དེ་གའི་འཕུར་མདའ་དག་གི་སྒོ་ཕྱེ་སྟེ་འཕེན་རྩིས་བྱེད་པར་གྱུར། སྐབས་དེར་དམག་དཔོན་དག་ཀྱང་སེམས་ཤིན་ཏུ་འཚབ་ནས་དེ་དག་གི་མ་ལག་བསྐྱར་དུ་བཅོས་ སྒྲིག་མི་བྱེད་ཀ་མེད་བྱུང་བ་རེད།
ཡིན་ནའང་ཕྱི་སྐར་བ་དེ་དག་གི་དམིགས་ཡུལ་ཅི་ཞིག་ཡིན་པའི་སྐོར་ལ། ཨ་རིའི་དེ་སྔའི་མཁའ་དམག་གི་དམག་དཔོན་དང་འཕུར་མདའི་འགན་འཁུར་བའི་གྲས་ཏེ། རོ་བྷོ་ཊི་སལ་སི་ལགས་ཀྱིས། “ཁོ་ཚོས་ངེད་ཅག་གི་མཚོན་ཆར་གཏོར་བརླག་ཆེན་པོ་བྱེད་ཐུབ་ལ། ཐ་ན་གཏན་དུ་བེད་མེད་པའང་བྱ་ཐུབ་མོད། ཁོ་ཚོས་དེ་ལྟར་བྱས་མ་སོང་། དེ་ལ་བསམ་ན་ཁོ་ཚོར་ངེད་ཅག་ལ་གནོད་པ་གཏོང་བའི་བསམ་པ་མེད་པ་འདྲ”ཞེས་གསུང་།
ཉོའུ་ཟི་ལན་ཊིའི་དམག་གིས་UFOསྐོར་གྱི་ཡིག་ཆ་ཀུན་ལ་བསྟན་པ།
༢༠༡༠ལོའི་ཟླ་༡༢པའི་ཚེས་༢༢ཉིན། ཉོའུ་ཟི་ལན་ཊིའི་དམག་གིས་གོ་ལ་གཞན་གྱི་སེམས་ཅན་དང་UFOསྐོར་གྱི་གསང་བའི་ཡིག་ ཆ་བརྒྱ་ལྷག་ཀུན་གྱི་མཐོང་ལམ་དུ་བཀྲམས་པ་དང་དེ་ལ་ཤོག་གྲངས་སྟོང་གཉིས་ལྷག་ ཡོད་ཅིང་དེའི་ནང་དུ་UFOཡི་རི་མོ་ལག་བྲིས་མ་མང་པོ་ཞིག་ཡོད་ལ། འགའ་ཞིག་ནི་ཕྱི་སྐར་བ་དེ་ཚོས་དངོས་སུ་བྲིས་པར་བཤད།
ཡིག་ ཆ་དེ་དག་ནི་༡༩༥༢ལོ་ནས་༢༠༠༩ལོའི་བར་གྱི་ཡིན་པ་དང་། དེའི་ཁྲོད་དུ་གཟུགས་དབྱིབས་མི་དང་འདྲ་བའི་སེམས་ཅན་གཞན་ཏེ་མགོ་ལ་རྨོག་གྱོན་ ཞིང་གདོང་ཁེབས་བརྒྱབ་པ་འགའ་ཞིག་གི་རི་མོ་ཡོད་པ་དང་། དེ་མིན་གོ་ལ་གཞན་གྱི་སེམས་ཅན་འགའ་ཞིག་སའི་གོ་ལར་ཡོང་སྐབས་ཤུལ་ཏུ་བཞག་པའི་ ཡི་གེའང་ཡོད་པ་རེད།
དེ་བཞིན་དུ་མི་མང་པོས་ཁ་མཐུན་པར་མཐོང་བར་བཤད་པའི་UFOཡི་དོན་རྐྱེན་ཞིག་སྟེ། ༡༩༧༨ལོའི་ལོར་ཉོའུ་ཟི་ལན་གྱི་ཁེ་ཁོ་རཱ་གླིང་ཕྲན་གྱི་UFOདོན་རྐྱེན་སྐོར་ཡང་ ཡིག་ཆ་དེ་དག་གི་ནང་ལ་མང་པོ་ཞིག་བཀོད་འདུག
མདོར་ན་གོ་ལ་གཞན་གྱི་སེམས་ཅན་སྐོར་གྱི་གསང་བའི་ཡིག་ཆ་ཕྱིར་སྟོན་མཁན་གྱི་ རྒྱལ་ཁབ་ནི་ཉོའུ་ཟི་ལན་གཅིག་པུ་མ་ཡིན་ཏེ། དེ་སྔ་དབྱིན་ཇི་དང་། ཧྥ་རན་སི། སུའེ་ཏེན། ཏན་མེག ཨི་ཊ་ལི། ཨེར་ལན། ཕོ་ཆི་གྷུལ། ནོར་ཝེ། ཨ་རི། མེ་ཁི་སི་ཁོ། ཕུ་རོ། ཆི་ལི། ཨུ་རུ་སི་སོགས་ཡུལ་གྲུ་མང་པོ་ཞིག་གིས་སྔ་གཞུག་ཏུ་གོ་ལ་གཞན་གྱི་སེམས་ཅན་དང་ འབྲེལ་བའི་གསང་ཡིག་མང་པོ་ཕྱིར་བསྟན་པ་རེད།
དེ་དག་ལས་གོ་ལ་གཞན་གྱི་སེམས་ཅན་སྐོར་གྱི་ཡིག་ཆ་ཕྱིར་སྟོན་མཁན་གྱི་རྒྱལ་ཁབ་ སྔ་ཤོས་ཀྱི་གྲས་ཏེ། ཨ་རིའི་ “བྱང་ཨ་རིའི་མཁའ་ཟོན་མཉམ་འབྲེལ་དམག་སྤྱིའི་སྡེ་ཁག”གྱིས་དེའི་སྐོར་གྱི་ཡིག་ ཆ་ཁྲི་ལྔ་ལྷག་དང་། ཨ་རིའི་མཁའ་དམག་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དེའི་སྐོར་གྱི་ཡིག་ཆ་ཁྲི་གཅིག་ དང་སྟོང་གསུམ་ལྷག་ད་དུང་ཡང་ཕྱིར་བསྟན་མེད་པར་གྲགས།
མཚམས་མི་ཆད་པའི་རང་བྱུང་གི་འཇིགས་པ།
༢༠༡༠ལོ་ནས་བཟུང་། གོ་ལའི་སྟེང་གི་ཡུལ་གྲུ་སོ་སོར་རང་བྱུང་གི་འཇིགས་པ་ཆེན་པོ་དག་རྒྱུན་མ་ཆད་ པར་བྱུང་། ཨུ་རུ་སིར་མེའི་འཇིགས་པ་དང་། ཕ་ཀི་སི་ཐན་དང་ཡོ་རོབ་དཀྱིལ་མའི་རྒྱལ་ཁབ་ཁག་ལ་ཆར་ཆུའི་འཇིགས་པ། ཨར་རྗེན་ཐེན་ལ་གྲང་རླུང་གི་རྒྱུན་དྲག་པོའི་འཇིགས་པ། འཁྱག་གླིང་ལ་མེ་རིའི་འཇིགས་པ་བཅས་བྱུང་། བུ་ཡུག་དང་བྱེ་རླུང་གིས་གོ་ལའི་གྲུ་ག་མང་པོར་གཙེས། ༢༠༡༡ལོར། ཡུལ་གྲུ་མང་པོར་སྲོག་ཆགས་མང་པོ་སྡེབ་གཅིག་ཏུ་འཆི་བའི་གནས་ཚུལ་གང་སར་བྱུང་། ཨོ་སི་ཐྲ་ལི་ཡ་ལ་རིམ་པ༦.༢ཅན་དང་། འབར་མར་རིམ་པ་༧.༢ཅན་གྱི་ས་ཡོམ་བརྒྱབ། ཉི་ཧོང་ལ་རིམ་པ་༩.༠ཅན་གྱི་ས་ཡོམ་ཆེན་པོ་བརྒྱབ་ཅིང་དེ་ལ་བརྟེན་ནས་མཚོ་འཕྱུར་ བ་དང་ཧྥུ་ཁུ་ཞེ་མའི་ཉིང་རྡུལ་གློག་འདོན་ས་ཚིགས་ལ་གས་གཏོར་བྱུང་སྟེ་ཉིང་ རྡུལ་གྱི་འཇིགས་པའང་བྱུང་།
འབྲེལ་ཡོད་ཞིབ་འཇུག་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ༡༩༩༠ལོ་ནས་༡༩༩༩ལོའི་བར་དུ། འཛམ་གླིང་ཡོངས་སུ་ལོ་རེར་རང་བྱུང་གི་འཇིགས་པ་ཐེངས༢༥༨བྱུང་བ་དང་། རང་བྱུང་གི་འཇིགས་པས་ཤི་བའི་མི་གྲངས་ལོ་རེར༤༣༠༠༠ཡིན་ནའང་།༢༠༠༠ལོ་ནས་༢༠༠༩ ལོའི་བར་དུ། གྲངས་ཀ་དེ་གཉིས་སོ་སོར་385དང་། ༧༨༠༠༠རུ་འཕེལ་ཡོད། དེའི་ནང་ནས་ཆེས་ཚབས་ཆེ་བ་ནི་གླིང་ཆེན་ཨེ་ཤ་ཡ་ཡིན་ལ། དེར་གོད་ཆག་བྱུང་ཚད་ཀྱིས་འཛམ་གླིང་ཡོངས་ཀྱི་85%ཟིན་ཡོད།
དེས་ན་ལོ་བརྒྱའི་ནང་ལ་ཐེངས་རེ་ལས་མི་འབྱུང་བའི་རང་བྱུང་གི་འཇིགས་པ་དེ་དག་ ལོ་འདི་དག་ལ་ཅིའི་ཕྱིར་བསྟུད་མར་འབྱུང་བ་ཡིན་ནམ། གཅིག་བྱས་ན་བསྐལ་བའི་དུས་མཐའ་སླེབ་ཉེ་བ་ཡིན་ལ་དེ་མིན་ཚེ་རང་བྱུང་གི་འཇིགས་ པ་དག་ལྷན་གཅིག་ཏུ་འབྱུང་བའི་དུས་ཤིག་སླེབས་པ་ཡིན།
གནའ་བོའི་མ་ཡཱའི་ལུང་བསྟན་དང་། ཚན་རིག་པའི་བསྡོམས་རྩིས། བསྐལ་བ་འཇིག་པའི་སྐོར་གྱི་དེབ་དང་གློག་བརྙན་སོགས་དུས་གཅིག་ཏུ་ཁ་མཐུན་པ་དེས་ དོན་དུ་ཅི་ཞིག་མཚོན་གྱིན་ཡོད་དམ།
སི་ཐེ་ཧྥེན་ཧའོ་ཁེན་མཆོག་ནི་སྐུ་ལུས་ནད་ཀྱིས་བཟུང་ཞིང་རྩིས་འཁོར་གྱིས་སྐད་ སྒྲ་མཉམ་སྒྲིག་བྱེད་པ་མིན་ན་གསུང་ཡང་འབྱོན་དཀའ་མོད། ཁོང་གི་གསུང་ཐམས་ཅད་ལ་ཚན་རིག་གི་རྒྱབ་རྟེན་བརྟན་པོ་ཡོད་པས་གང་བྱུང་དུ་ལབ་ བརྡོལ་འབྱིན་མི་སྲིད། ཁོང་གི་སྐུ་ཐང་དང་གྲུབ་འབྲས་ཀྱི་ངོས་ནས་བལྟས་ནའང་། ཁོང་གི་གསུང་ཐམས་ཅད་ལ་རང་ཅག་གིས་དོ་སྣང་བྱེད་པར་འོས་པ་ལས་རྩེད་མོ་རྩེད་ བྱེད་ཙམ་དང་ཇ་ཁ་ཆང་ཁའི་ཁ་མཚར་དུ་འཛིན་ག་ལ་འོས། ཁོང་གིས་ནན་དུ་གསུང་བའི་ཞལ་གསུང་ངོ་མཚར་བ་དག་གི་རྒྱབ་ཏུ། ངེད་ཅག་སྐྱེ་བོ་ཕལ་བ་དག་གིས་རྟོགས་པར་དཀའ་བའི་དོན་ཟབ་མོ་དག་ཡོད་པར་ངེས་སོ།།
་་་་་་་་ ༢༠༡༠ལོའི་ཟླ་༤བའི་ཚེས་༢༥ཉིན། ཧའོ་ཁེན་གྱིས་གོ་ལ་གཞན་དུ་འཚོ་གཞེས་གནང་བའི་སེམས་ཅན་ནི་ཡོད་ཐག་ཆོད་ཡིན་པ་་་་་་་་་་་་་་
་་་་་་ ༢༠༡༠ལོའི་ཟླ་༨པའི་ཚེས་༦ཉིན། ཁོང་གིས་སའི་གོ་ལ་ནི་མ་འོངས་པའི་ལོ་ཉིས་བརྒྱའི་ནང་དུ་འཇིག་སྲིད་པས། སྐར་མ་གཞན་ལ་གནས་སྤོ་བ་ནི་མིའི་རིགས་ཀྱི་གདམ་ཀ་ཉག་གཅིག་རེད་ཅེས་གསུང་། ་་་་་་
ངས་ནི་མ་འོངས་པའི་སངས་རྒྱས་བྱམས་པ་སྒུག་ནས་བསྡད་པོད་པས་་་ འདི་ལ་ཡིད་འཆེ་གཏན་ནས་མེད་དོ།།
ཚན་རིག་པའི་ང་རྨོངས་དད་དང་། ང་རྒྱལ། རོབ་ཚོད་འདིས་ཀྱང་མི་རྣམས་ཕོངས་སུ་འཇུག་མང་ངོ་།།
ང་ཚོའི་འཇིག་རྟེན་འདི་དང་འདྲ་བ་གཞན་ཡོད་མེད་ལ་ཐེ་ཚོམ་མེད། ནང་ཆོས་ནས་བཤད་པ་ཙམ་མ་ཡིན་པར་རིག་པས་དཔག་ན་གསལ་པོ་ཤེས་ཐུབ། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཆོས་ལུགས་པ་ཚོས་སོ་སོའི་ཆོས་ལུགས་ཀྱི་ཞེན་ཆགས་དབང་གིས་འཇིག་རྟེན་གཞན་ཡོད་མེད་ལ་བསམ་གཞིགས་བྱེད་འདོད་ཡེ་ནས་མེད། དེའི་ཕྱིར་ཁོང་ཚོས་འཇིག་རྟེན་གྱི་གནས་ལུགས་ངོ་མ་དེ་རྟོགས་མི་སྲིད། ང་ཚོའི་འཇིག་རྟེན་འདི་ལས་སྟོང་འགྱུར་དང་ཁྲི་འགྱུར་གྱི་ཁྱད་དུ་འཕགས་པའང་ཡོད་སྲིད་ལ། ང་ཚོའི་འཇིག་རྟེན་འདི་ལས་སྟོང་འགྱུར་དང་ཁྲི་འགྱུར་གྱིས་ཆེ་སྡུག་པའང་ཡོད་སྲིད་པ་རེད། །
བོད་ཡུལ་དུ་སྔ་མོ་ནས་དེང་གི་ཚན་རིག་མ་བྱུང་བའི་སྔོན་ནས་སྲིད་པའི་མཛོད་ཕུག་གི་རྣམ་བཞག་བཤད་ཚར་བ་རེད། མཛོད་ཕུག་དེའི་ནང་དུ་གླིང་ཆེན་པོ་བཞི་དང་གླེང་ཕྲ་མོ་བརྒྱད་ཡོད་པར་བཤད་པས་མ་ཚད། གླེང་དེ་ཚོར་འགྲོ་བ་སེམས་ཅན་ཆགས་ཡོད་རབས་ཀྱང་གསུངས་ཚར་བ་རེད། རྣམ་བཞག་འདི་ཚོར་ཞིབ་འཇུག་ངེས་པར་དུ་བྱ་དགོས། ཅིས་ན་སྔ་རབས་བོད་ཀྱི་ཚན་རིག་ཡིན་པས་སོ། དེར་མ་ཚད་གཟུགས་ཁམས་གནས་རིགས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་ཟེར་བ་དེ་ཚོར་ཞིབ་འཇུག་བྱ་དགོས་ས་རེད། ད་དུང་གཡེན་ཁམས་ཀྱི་ལྷ་རིགས་ཟེར་བ་དེ་ཚོ་དོན་ངོ་མ་ག་འདྲ་ཞིག་ཡིན་མིན་ཀྱང་ཞིབ་པར་དཔྱད་དགོས་པའི་གནས་ཞིག་ཡིན་པར་སེམས། །
ནང་ཆོས་ནང་འཇིག་རྟེན་གྱི་བྱེ་བ་ཁྲག་ཁྲིག་དཔག་མེད་གསུངས་ཡོད་པས། མང་ཆེ་བས་འཇིག་མི་བརྗེད་གྱི་ཁམས་འདི་ཁོ་ན་མ་གཏོགས་མེད་པ་བསམ་གྱི་ཡོད་ས་རེད། འདི་ལྟར་མ་ཡིན་པར་འཇིག་རྟེན་གྱི་ཁམས་འདི་ནས་ཕྱོགས་བཅུར་འཇིག་རྟེན་ཁམས་གྲངས་ཀྱི་མི་ལངས་པ་ཡོད་པས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། སོགས་མང་པོ་གསུངས་ཡོད་པས་སོ།།
ང་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་ཡོད་མེད་ལ་ཐེ་ཚོམ་མེད་ཀྱང་། དེ་ཚོ་མིའི་འཇིག་རྟེན་མིན་པ་མ་ཟད། འདོད་ཁམས་ཀྱི་ཁོངས་ུ་ཡང་མི་གཏོགས་པས། ཆེས་ཐག་རིང་དུ་གྱུར་ཡོད། འདོད་ཁམས་སུ་གཏོགས་པ་ནི། ཚངས་རིས་མིན་པར། གནས་དགའ་ལྡན་དང་། ལྷ་བརྒྱ་བྱིན་སོགས་འདོད་ཁམས་པ་ཡིན་ཙང་མི་འབྲེལ་ཆེ་བས། མུ་སྟེགས་པའི་གཏམ་བརྒྱུད་མཁྱེན་མཚར་པོ་དེ་གད་འབྱུང་ཁུངས་ཀྱང་དེའིའོ།།
ཨོ་ཤོའི་གསུང་བཤད་ཅིག་གི་ནང་ལ། ཚན་རིག་པས། འཇིག་རྟེན་ཁྱོན་ཡོངས་ནང་ལ། ཉི་མ་ལྔ་ཁྲི་ལྔ་ཁྲི་ལྔ་སྟོང་མ་མཐའ་ལ་ཡོད་པར་བཤད་པ་དང་། དེས་མིའི་མི་འཇིག་རྟེན་ཡང་དེ་མཚུངས་སུ་ཡོད་པར་བཤད་པ་ཅིག་དྲན་ཡང་། ཁུངས་དངོས་ནི་མིག་ལམ་དུ་གྱུར་ཐུབ་མ་སོང་བས། གཞོན་སྐྱེས་ཚོས་འཚོལ་ཅིག་ཀྱེ།།
ཆེད་རྩོམ་འདི་ད་ལྟ་ཕྱེད་ཀ་ཡང་ཀློག་ཁོམ་མ་བྱུང་ཡང་་་་་
ནང་ཆོས་ཀྱིས། གཟུགས་ཁམས་དང་། གཟུགས་མེད་ཁམས་གཉིས་ཁུངས་བསྐྱལ་མ་ཐུབ་ན། བསྐལ་པ་མེ་དང་། ཆུ་དང་རླུང་གིས་འཇིག་ཚུལ་ཡང་གསལ་བཤད་མི་ཐུབ།
བསམ་གཏན་དང་པོའི་ལྷ་གནས་མེས་བསྲེག་ཐུབ་སྟེ། དེར་རྟོག་དཔྱོད་་མེ་དང་འདྲ་བསི་རྩིང་ཞིབ་ཀྱི་སྐྱོན་གཉིས་ཡོད་པས་སོ། སོགས་ཀྱིས་བསྒྲུབས་ཐུབ་བོ།།
རྩོམ་འདི་ཀླུ་སྨྱོན་གྱིས་བྲིས་གནང་རེད་ངམ་བསྒྱུར་གནང་རེད། གང་ལྟར་བཀླགས་ཀྱིན་མགྱིགས་པར་མཇུག་མ་རྫོགས་ན་སྙམ་པ་ཞིག་བྱུང་།
ཞིབ་ཏུ་བཀླགས་པ་ཡིན། དངོས་གནས་ཡག་པོ་བྱུང་སོང་། མང་པོ་ཞིག་ཤེས་སོང་། བརྩམས་ཆོས་གྲགས་ཅན་དེ་ཚོའི་མིང་དབྱིན་ཡིག་ནང་སྐུར་ཐུབ་བམ། ཁྱོས་ཅུང་འུར་ལ་བསྐུར་ནས་བསྒྱུར་ཡོད་ས་རེད་ཀོ ཧ་ཧ་ཧ
ཀུ་རེ་ཡིན། འདི་མི་བྲིས་ན་བཀླགས་ན་སྐྱིད་ཀི ཤེས་རྒྱུ་མང་གི བཀའ་དྲིན་ཆེ་ཞུ།
དང་པོ་ཉིད་ནས་ཆེ་ས་ཞིག་དང་རྫིག་ས་ཞིག་ཡང་ན་སྐད་གྲགས་ཅན་རྐྱང་རྐྱང་ལ་མི་ལྟ་བར། ཆུང་ས་དང་སྐྱོ་ས་ནས་བོད་རང་ལ་སྔ་རབས་ནས་ཚན་རིག་དང་། ཡང་ན་ཚན་རིག་དང་ཆ་འདྲ་བའི་རིག་གནས་དང་ལག་ཤེས་སོགས། ག་འདྲ་བྱུང་མྱངས་འདུག་དཔྱད་པ་ལེགས་པར་བྱ་དགོས་པའི་དུས་ལ་སླེབས་ཡོད་པར་སེམས། །
དྲ་གྲོགས་ཚོར་ཞུ་རྒྱུ། ངེད་ཚོས་རྒྱུན་དུ་བྲི་སྲོལ་ཞིག་ཏུ། དཔེར་ན། བྱམས་བརྩེ་༼བཀའ་དྲིན་༽མཚུངས་མེད་ཞེས་ཕ་མ་སོགས་ལ་ཡིག་འབྲེལ་སྐབས་སུ་བྲིས་པ་དང་མི་་རྣམས་ཀྱིས་ལེགས་པའི་བྱས་འབྲས་བཅས་ལ་༼བཀའ་དྲིན༽་ཆེ། ཞེས་འབྲི་སྲོལ་དེའི་གོ་དོན་དང་ཡི་གེའི་དག་ཆ་གཉིས་ཀྱི་བར་ན་མི་མཐུན་པ་ཞིག་ཏུ་མཐོང་གི་འདུག་པས་དཔྱོད་ལྡན་རྣམས་ཀྱིས་དགོངས་ཚུལ་གསུང་རོགས།
ཚ་ཕྲུག་རྒྱལ་ལགས།
བླ་དཔོན་བཀའ་དྲིན་བ་བཀའ་ཡིན། ཕ་མའི་དཀའ་དྲིན་ད་དཀའ་ཡིན།
ད་འགྲིག་སོང་ངམ། ཧཧཧ
ད་དུང་སྐུ་དྲིན་ཆེ་ཟེར་བ་ཞིག་ཀྱང་འདུག ། འདི་ཕལ་ཆེར་རང་གི་ཆུང་མ་ལ་ལབ་ན་གོ་རྒྱུ་ཆེ་ས་མ་རེད་དམ། །
དེར་མ་ཟད་སྐུ་ཚེ་རིངངངངངངང་ཟེར་བ་ཞིག་ཀྱང་ཡོད་གདའ། འདི་ཕལ་ཆེར་ཆུང་མས་ཁྱོ་ག་ལ་ལབ་ན་གོ་རྒྱུ་ཆེ་བར་སེམས། །
ནང་ཆོས་ནང་ལ། འཇིག་རྟེན་ནང་ལས་དང་། ཕྱི་ནམ་མཁའ་རླུང་མེ་ས་ཆུ་ལས་གྲུབ་པ་དང་། བོན་གྱི་གཞུང་ལུགས་ནང་ལ། སྒོང་ང་ལས་རྡོལ་བར་བཤད་འདུག་སྙམ་མོ།།
བྱམས་བརྩེ་བཀའ་དྲིན་ཞེས་པར་བླ་དཔོན་ལ་བ་བཀའ་དང་ཕ་མ་ལ་ད་དཀའ་དགོས་དོན་ཅི་ཡིན་ནམ།
གངས་ཕྲུག་ལགས།
ད་བར་འབྲི་སྲོལ་ལ་བ་བཀའ་རྐྱང་བྲིས་ནས་ཕྱིན་པ་རེད། བ་བཀའ་མ་བྲིས་ན་ཀུན་གྱིས་ཡིག་ནོར་རེད་ལབ་ཐག་ཆོད་རེད། བཀའ་དྲིན་ཆེ་ཞུ་སའི་བ་བཀའ་དེའི་བྱུང་ཁུངས་དངོས་དེ་ནི་ཕལ་ཆེར་སྔ་རབས་བླ་མ་དང་དཔོན་པོ་ཚོས་བཀའ་གནང་བ་དང་ཡང་ན་བཀས་བཀོད་པ་སོགས་ལས་བྱུང་བ་ཡིན་ངེས། དེར་མ་བརྟག་རྒྱུན་འབྱམས་སུ་ཡུན་རིང་སོང་ནས་ད་བར་བ་བཀའ་རྐྱང་བྲིས་པར་སེམས་སོ། །
སངས་རྒྱས་ཀྱིས་དཀའ་བ་སྤྱད་པའི་དཀའ་དྲིན། ཕ་མས་སྡུག་དཀའ་ལས་བརྒྱབ་པའི་དཀའ་དྲིན་བཅས། ཁོང་ཚོས་ཧ་ཅང་དཀའ་བའི་ལས་ཤིག་བྱས་པ་དེའི་དྲིན་ལེན་དེ་ང་ཚོས་བསབ་དགོས་པ་ཡིན་དུས། དཔེར་ན་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བ་ལྟ་བུར་དེ་ཚོ་གཅིག་བྱས་ན་ད་དཀའ་བྲིས་ནའང་མ་ཆོག་པ་ཨ་ཡོད་ན། དཔེར་ན་བཀའ་ལས་བརྒྱབ་པའི་དཀའ་འབྲས་ཟེར་བ་ལྟ་བུ་རེད། །
རྨོངས་འཆར་རྩམ་མོ། །
ད་དུང་དེང་སང་ཆེན་པོ་ཚོས། དམངས་གཙོ་དང་མང་གཙོའི་ལམ་ལུགས་ཉམས་སུ་བསྟར་བའི་དུས་སྐབས་དང་། བཀའ་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་སོགས་མཐར་སྐྲོད་གཏོང་བའི་དུས་སྐབས་ཚེས་ཡོད་དུས།
ང་ཚོ་ཆུང་ཆུང་ཚོས་ཀྱང་། བ་བཀའ་རྐྱང་འབྲི་བའི་ལམ་ལུགས་དེ་ལ་བསྒྱུར་བ་ཏོག་ཙམ་བཏང་ནས་ད་དཀའ་ཞིག་ཡར་བྲིས་བཞག་པ་ཡིན་ནའང་ཆི་ལབ་འདི་ལབ་ཟེར་ཆེན་པོ་རང་ཨ་ཡོད་ན། ཡིན་ནའང་ཁྱེད་རང་ཡིག་རྒྱུགས་མ་འཕྲོད་ན་ངས་འགན་ལེན་ཐུབ་ཀྱི་མེད་དོ། །
དཔེར་ན་དཀའ་ལས་བརྒྱབས་པའི་དཀའ་འབྲས་ཟེར་བ་ལྟ་བུ་རེད། ། བཅོ་རོགས་གནོངས།
དཀའ་དྲིན་ཟེར་ན། བྱེད་ལས་ཀྱི་བརྩོལ་བ་ཙམ་ལ་དྲིན་ཞུས་བར་གོ་དགོས་བ་རེད། དེ་འདྲའི་གལ་ཆེན་ཞིག་ཞུ་ཡི་ཡོད་པ་མ་རེད། མ་རེ་རྗེས་ན་བུ་རེ་ཡོད་པ་ཆོས་ཉིད་ཙམ་རེད།
བཀའ་དྲིན་ཟེར་ན། རང་གི་གོང་མ་དང་བླ་མ་ཕ་མ་སོགས་ཀྱི་བཀའ་བཀོད་པས་ཡིད་ལ་སློོབ་སྦྱོང་འབྱོར་ནས། དཀར་ནག་གྱི་བླངས་དོར་ཤེས་བར་གདམས་པས། རང་ད་ལྟ་གང་ཚོད་ཞིག་ན་ཡོད་པ་དེ། ཁོང་ཚོའི་ཡོན་ཏན་གྱི་དཔལ་ཡིན་པ་དང་དེའི་བཀའ་དྲིན་ལ་དྲིན་ཞུས་བ་ཡིན་པས།
བཀའ་ལས་གཞན་དཀའ་འབྲི་རྒྱུ་ཟེར་ན། བོན་ཁོ་ཁྱོད། ཡོད་ཚད་ལ་འདྲ་བཟོ་བྱེད་མཁས་བའི་ལང་ཤོར་གྱི་གཡའ་མ་དག་པས་རེད་ཟེར་འདོད་བྱུང་། ཧ་ཧ་ཧ།
ཡིག་མེད་ཡུལ་སྐད་ལ། སྐུ་དྲིན་དང་། ཤེས་ཡོན་བཀའ་སློབ་ཀྱིས་བསྐྱངས་པ་ལ། བཀའ་དྲིན་ཟེར་བ་མིན་ནམ།
སྐུ་དྲིན་བཀའ་དྲིན་ལས། དཀའ་དྲིན་ཞེས་འབྲི་སྲོལ་མེད།
བཀའ་དྲིན་ཟེར་རྒྱུ་ཞིག་ལས་དཀའ་དྲིན་ཆེ་ཟེར་བ་ཞིག་བོད་ལ་མེད་པ་རེད། ད་ཉ་ཉོག་མ་འབྲི་ཡ། པེ་འཛོར་པོ་འདུག
འགྲེལ་བཤད་ཅིག་འབྱོར་ལ་མ་འབྱོར་བར་བཙན་གྱིས་སྦྱར་ན་མགོ་རྐུབ་ལ་སྦྱར་ནའང་འབྱོར་དུ་འཇུག་ནུས་པ་རེད།
བཀའ་དྲིན་དང་སྐུ་དྲིན་ཟེར་བ་ཞིག་ཡོད་པ་ལས་དཀའ་དྲིན་ཟེར་བ་སོགས་ལ་འགྲེལ་ལོག་མ་རྒྱབ་ན་ཡག་གི་རེད།
ཡ་དེ་འདྲ་ཡིན་ན་བསམ་ཚུལ་ཁ་ཤས་ཅིག་ཞུ་འདོད་པ་ཡིན། བཀའ་དྲིན་ཆེ་་་ཞེས་པ་དེ་དབྱིན་སྐད་ལྟར་བྱས་ན་་་Thank You་་་་ཟེར་བ་དེ་ཡིན་པ་འདྲ། དབྱིན་ཇིའི་Thank You་ནི་མི་མཐོ་དམན་གྲགས་ཞན་ཕན་ཚུན་སུ་ལའང་ཞུ་ཆོག་པ་ཞིག་ཡིན་པར་སེམས། བཀའ་དྲིན་ཆེ་་་ཞེས་པ་དེ་མི་དམའ་བོ་ཚོས་མཐོན་པོ་ཚོ་ལ་ཞུ་རྒྱུ་ཞིག་རང་རེད་དམ། ཡང་ན་ཧ་ཅང་མཐོན་པོ་ཚོས་ཧ་ཅང་དམའ་བོ་ཚོ་ལ་ཞུས་ནའང་འགྲིག་པ་ཞིག་རེད། དཔེར་ན། སྲིད་སྐྱོང་བློ་བཟང་སེང་གེས་་་ཁོང་གི་མོ་ཊའི་ཁ་ལོ་བ་ལ། Thank You་ཚབ་ཏུ་བཀའ་དྲིན་ཆེ་གསུངས་ན། མོ་ཊའི་ཁ་ལོ་བ་དེ་སྲིད་སྐྱོང་མཆོག་ལ་བཀའ་དྲིན་ཆེ་བའི་ཆེ་དོན་དེ་འགྲེལ་བཤད་གཙང་མ་ཞིག་བརྒྱག་རོགས་གནོངས། དེ་ནས་ང་ཁ་བཙུམས་ནས་སྡོད་ཆོག །
དཀའ་དྲིན་ཆེ། ཟེར་ན་འཛོར་དོན་ཅི་རེད། དཀའ་ལས་རྒྱབ་པས་སྐུ་དྲིན་ལ་དཀའ་དྲིན་ཞེས་བྲི་ན་མ་འགྲིག་རྒྱུ་མི་འདུག། དེ་སྒྲ་དག་པ་དང་དོན་མཐུན་པ་རེད། བཀའ་ནི་སྐད་ཆ་ལ་གོ། དཀའ་ནི་སྐུ་ལས་སམ་ངལ་རྩོལ་ལ་གོ། བླ་མ་དང་དགེ་རྒན་བཅས་ལ་བཀའ་དྲིན་དང་ཕ་མ་དང་གཡོག་ལས་ཅན་ལ་དཀའ་དྲིན་ཟེར་ན་འཚམས་པ་རེད། མི་ཅིག་གིས་ཁྱེད་ལ་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཁྱེད་ཀྱིས་ཁོང་ལ་དཀའ་དྲིན་ཆེ་ཞུ་ན་ལས་བཀའ་དྲིན་ཆེ་ཞུ་ན་ནོར་བ་རེད། དེ་བྱ་ལས་དང་མི་མཐུན་པའི་ཚིག་སྦྱོར་སྤྱོད་པ་རེད།
ད་དུང་་་མཁྱེན་མཁྱེན་མཁྱེན་་་ཟེར་བ་ཞིག་ཀྱང་འདུག དེའི་དོན་དོན་ནི་་་སྐུ་མཁྱེན། གསུངས་མཁྱེན། ཐུགས་མཁྱེན། ཞེས་པའི་དོན་ཡིན་རབས་བཤད། ཐུགས་མཁྱེན་ཟེར་ན་གོ་རྒྱུ་ཞིག་ཡོད་ནའང་ཐང་། སྐུ་མཁྱེན། གསུངས་མཁྱེན་ཟེར་ཡོང་དུས། སྐུ་དང་གསུངས་གཉིས་ལ་མཁྱེན་རྒྱུ་ག་འདྲ་ཞིག་ཡོད་པ་ཡིན་ནམ། །
དུས་རྒྱུན་བོད་མི་ཕལ་པའི་སྤྱི་ཚོགས་ནང་་་སྐུ་མཁྱེན་་་ཞེས་པ་དེ་དེང་སང་དབྱིན་སྐད་ཀྱི་་་Please་་་དང་དོ་མཉམ་པར་བེད་སྤྱོད་བྱེད་བཞིན་འདུག དེ་ཏག་ཏག་ཅིག་ཡིན་མིན་མི་ཤེས། བསམ་བློ་ཡག་པོ་བཏང་ན་བོད་ཕལ་སྐད་ཀྱི་་་སྐུ་མཁྱེན་་་ཞེས་པ་དེ་ནི། སྔོན་དུས་སུ་དགེ་དཔོན་རྣམ་པ་སྐུ་རླུང་དྲག་པོར་བཞེངས་ནས། སློབ་གཡོག་ཚོར་སྐུ་གཟི་བརྗིད་རྣམ་འགྱུར་དང་བཅས་ནས་རྡུང་རྡེག་ཚབས་ཆེན་གཏོང་དུས། སློབ་གཡོག་ཚོས་དེ་ལྟར་མི་གནང་བར་མཁྱེན་ཟེར་ནས་ཞུ་བ་འབུལ་བའི་ཚིག་ཅིག་ཏན་ཏན་ཡིན་ས་རེད། །