བསྟན་འཛིན་རང་གྲོལ།
ངའི་མཐོང་སྣང་གི་སྤེན་པ་ཚེ་རིང་ལ་འགྱུར་བ་ཐེབས་སོང་། ངའི་སེམས་ཀྱི་ཁྱེད་རང་ངོས་འཛིན་དང་འགྲེལ་བཤད་བཅས་ལའང་འགྱུར་བ་ཐེབས་སོང་། ངས་སྐད་ཆ་གང་ཡང་མ་བཤད་སྔོན། སེམས་སྟེང་ནས་ཁྱེད་ལ་དགོངས་དག་ཞུ་རྒྱུ་ཡིན། ངས་ད་བར་ཁྱོད་ལ་གཞི་མེད་དམའ་འབེབས་རྐྱང་བྱས་ཏེ་བསྡད་པ་ལས། དོན་དམ་པར་ཁྱེད་ཀྱིས་ཅི་ཞིག་གསུང་གི་ཡོད་མེད་དང་། ག་རེ་གནང་གི་ཡོད་མེད་སྐོར་ལ་ཞིབ་ཚགས་རྒྱུས་ལོན་བྱས་མེད། ཁྱེད་རང་ཁ་སྔོན་འདི་ག་ནེའུ་ཡོག་ཏུ་ཕེབས་ཀྱི་ཡོད་ཚུལ་གོ་བ་ནས། ངོ་དེབ་སོགས་སུ་ཁྱེད་ལ་དམའ་འབེབས་ཀྱི་ཡིག་ཉོག་མང་པོ་བྲིས་པ་ཡིན། དེ་ནི་བརྣག་སེམས་གནོད་སེམས་ཁོ་ནའང་མིན་ཏེ། ང་དང་ངའི་ཁོར་ཡུག་གི་གོམས་གཤིས་ལྟ་བུ་ཆགས་ཡོད་པས། ད་སྔ་ཡན་ཆད་དུ་རང་གི་བསམ་བློ་གཏོང་ཕྱོགས་ཡིན་ནའང་། ཐབས་ཤེས་བདེན་རྫུན་གང་ཞིག་སྤྱོད་དགོས་ཀྱང་། ཁྱེད་ལ་སྲིད་སྐྱོང་མི་ཐོབ་པ་དང་། ཁྱེད་ཀྱི་ཁ་གཏད་ལ་ཐོབ་ན་བསམ་པ་དེ་ཙམ་ཡིན།
འོན་ཀྱང་། ངས་ཐད་གཏོང་བརྒྱུད་ནས་ཁ་སྔོན་ཁྱེད་ཀྱིས་ནེའུ་ཡོག་དང་ནེའུ་ཇི་སིའི་མི་མང་ལ་གནང་བའི་གཏམ་བཤད་ཆ་ཚང་ལ་ཉན། དང་པོར་ཉན་འདོད་ཀྱང་དེ་ཙམ་མེད་མོད། དྲང་མོར་ཞུས་ན། ཁྱེད་ཀྱིས་བཤད་པ་ལྟར། སྐྱོན་སྣ་རེ་ཨེ་རེག་ལྟ་འདོད་ཙམ་ཡིན། ཡིན་ནའང་། དེ་ལྟར་ཉན་བཞིན་པའི་མུར། ང་རང་ཁྱེད་ཀྱི་གཏམ་བཤད་ཀྱི་ནང་དུ་འཐིམས་ནས་ངས་ང་རང་གི་འཆར་གཞི་བརྗེད་སོང་བ་ལྟར། ཁྱེད་ཀྱི་གཏམ་བཤད་ཀྱིས་བོད་མི་རིགས་ཀྱི་གནས་བབ་ཕྱོགས་ཡོངས་ནས་བདག་ལ་ངོ་སྤྲོད་གནང་སོང་། ང་ལའང་རང་དབང་མེད་པར་སྡིངས་ཆ་ཞིག་ཏུ་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཐོབ་ཚེ་འདི་ལྟར་བཤད་ཐུབ་ནའང་བསམ་བསམ་ཞིག་ཡིད་ལ་ངམ་ངམ་ཤུགས་ཀྱིས་འཁོར་བཅུགས་སོང་། ཁྱེད་ཀྱི་གཏམ་བཤད་འདི་འདྲ་ད་སྔ་ངས་བཙན་བྱོལ་བོད་གཞུང་གི་བཀའ་ཤག་དང་སྤྱི་འཐུས་ལས་ཐོགས་སུས་ཀྱང་གནང་བ་གོ་མ་མྱོང་ལ། མིའི་ཡོན་ཏན་གྱིས་མི་སེམས་རྩད་ནས་འགུག་ཐུབ་ཅེས་པ་ནི་འདི་འདྲ་མིན་ན་གཞན་ཅི་ཞིག་ཡིན།
ཁྱེད་ཀྱི་གཏམ་བཤད་ཆ་ཚང་དང་དེའི་རྗེས་ཀྱི་དྲི་བ་དྲིས་ལན། དེ་བཞིན་ཁྱེད་ཀྱི་མཇུག་སྡོམ་གསལ་བཤད་གཉིས་དེས། ངའི་སྙིང་གི་ནོངས་འགྱོད་ཡོད་ཚད་ཚལ་བ་བརྒྱད་དུ་གཏོར་ཞིང་། རང་ཉིད་གཅིག་པུ་ནང་དུ་ཡོད་ནའང་། ངོ་གདོང་ནི་རང་དབང་མེད་པར་ཚ་ལེམ་མེར་གྱུར།
ཁྱེད་ཀྱིས་གསུང་བ་ལྟར་གངས་ཅན་སྐྱིད་གཤོངས་ནས་ཁྱེད་ལ་འོས་ཤོག་མང་པོ་ཐོབ་ཡོད་པ་ཙམ་མིན་པར། བཙན་བྱོལ་ནང་གི་ཤེས་ཡོན་ཅན་མང་པོས་ཀྱང་ཁྱེད་ལ་རྒྱབ་སྐྱོར་བྱེད་བཞིན་འདུག་ལ། ཐ་ན། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་ཟུར། བླ་ཆེན་དགེ་བཤེས་ཚད་ལྡན་མང་པོས་ཀྱང་ཁྱེད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་སྔ་ནས་གོ་མྱོང་། ད་ནི་དེ་དག་གི་མ་གྲོས་བསམ་པ་གཅིག་མཐུན་གྱི་དགོངས་གཞི་རྣམས་གསལ་བོར་ཤེས་སོང་བས། ངས་སྤོབས་པ་དང་ལྡན་པའི་ངང་། རྒྱུ་མཚན་ཚད་ལྡན་མཐོང་བའི་ལམ་ནས། ད་ནས་བཟུང་ཁྱེད་ལ་བློ་གཅིག་སེམས་གཅིག་གི་རྒྱབ་སྐྱོར་བྱ་འདོད་བྱུང་ལ། དེ་ནི་ཁྱེད་ཨ་མདོ་ཡིན་པ་དང་ང་ཁམས་ཡིན་པ་གང་གི་ཆེད་དུའང་མིན་ལ། ང་ཚོ་བོད་མི་ས་ཡ་དྲུག་གི་སྤྱིའི་ཆིག་སྒྲིལ་དང་མ་འོངས་མདུན་ལམ་ཉག་ཅིག་གི་ཆེད་དུ་ཡིན།
དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་གཉིད་ལས་བསླངས་སོང་། བོད་མི་ཡོངས་ཀྱི་སང་ཉིན་གྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ངས་བདེན་པ་བདེན་ཐུབ་དང་། གནས་ལུགས་རྒྱུ་མཚན་གྱི་ཐོག་ནས་ཁྱེད་ལ་རྒྱབ་སྐྱོར་ཞུ།།
༢༠༡༦། ༡། ༡༧། ཉིན།
ཧཧཧཧཧ་་་་་་བྱ་ལེ་ཅིག་འདི་ན་སླེབས་འདུག་གདའ། ག་བར་འབྱར་འབྱར་འདི་བྱ་ལེ་མིན་ན་ཅི་རེད་ཨ།
བསྟན་འཛིན་རིག་གྲོལ་གྱིས་བཤད་པ་བདེན་པར་འདུག ང་ཡང་ཏོག་ཙམ་ཧང་སངས་སོང་། ཕྱི་ཚེས་༡༧དགོང་མོར་ང་ཚོའི་ས་གནས་སུ་སྤྱི་མཐུས་ཚོགས་གཙོས་གསུང་བཤད་གནང་ཡོད་པ་དང་།ཁོང་གིས་བོད་གཞུང་གི་འཛིན་སྐྱོངས་དང་ལས་དོན་སྐོར་ནས་བཤད་སོང་བས་ངོ་མ་ཕྱི་གསལ་ནང་གསལ་ཞིག་རེད།
སྐུ་ངོ་ལེགས་སུ་རྒྱབ་སྐྱོར་གཙང་མ་ཞུས་ངེས་ཡིན།
ཚོགས་གཙོ་སྤེན་པ་ཚེ་རིང་དང་ཁྱེད་ལ་རྒྱབ་སྐྱོར་བ་ཚང་མ་དགོངས་པ་མ་འཚང་། ངས་དེ་སྔོན་ཁྱེད་ལ་རྒྱབ་སྐྱོར་བྱས་པ་ཡིན། འོན་ཀྱང་དེང་སྐབས་ཁྱེད་ཀྱི་སྲིད་སྐྱོང་གི་དྲིལ་སྒྲགས་ཀྱི་མ་འོངས་པའི་ལས་འཆར་དང་འདས་པའི་བྱས་པ་བཅས་ཀྱི་སྐོར་དང་ལྷག་པར་དུ་ཁྱེད་ཀྱི་རྒྱབ་སྐྱོར་བ་ཚོས་བྱེད་བབ་བཅས་ཀྱིས་ཁྱེད་རྣམ་ཚོ་ལ་ང་ཞེན་པ་ལོག་སོང་། གལ་སྲིད་ཁྱེད་སྲིད་སྐྱོང་སླེབ་པ་ཡིན་ན་བཙན་བྱོལ་བོད་མི་རྣམས་ཁ་འཐོར་དགུ་འཐོར་འགྲོ་རྒྱུ་ཡིན་པར་ངས་མཐོང་ཡོང་གི་འདུག། དེ་རིང་ནས་བཟུང་ངས་ཁྱེད་ལ་རྒྱབ་སྐྱོར་མི་བྱེད་རྒྱུ་ཐག་གཅོད་གཙང་མ་ཟིན་པ་ཡིན།
སྲིད་སྐྱོང་ལ་སུ་ཐོབ་ཀྱང་རེ་བ་ཆེན་པོ་མེད། སྲིད་སྐྱོང་བློ་བཟང་སེང་གེ་སྐྱར་དུ་མ་ཐོབ་ན་ལེགས། འོན་ཀྱང་སྔོན་འགྲོའི་འོས་གཞི་གྲུབ་འབྲས་ལ་བལྟས་ན་ཁོང་སྐྱར་དུ་ཐོབ་ཀྱི་ཡིན་པ་འདྲ། བློ་བཟང་སེང་གེའི་སྲིད་སྐྱོང་རིང་ལ་བོད་རྒྱ་གྲོལ་མོལ་སྐྱར་མཐུད་མ་ཐུབ་པར་མ་ཟད། ཁོང་གིས་ལས་གཞི་རྒྱ་ཆེན་དེ་འདྲ་གཏན་ནས་སྤེལ་མ་སོང་། ཁོང་གིས་སྲིད་སྐྱོང་རིང་ལ་བོད་ནང་ནས་རང་བསྲེགས་གཏོང་མཁན་ཆེ་མང་པོ་ཞིག་བྱུང་བ་རེད། ཡིན་ཡང་ཁོང་གིས་མཆོད་འབུལ་རེ་བྱས་པ་མ་གཏོགས་ལས་གཞི་གང་ཡང་སྤེལ་མ་སོང་། འདི་ནི་ཤིན་ཏུ་ནས་ཐབས་སྐྱོ་བོ་ཞིག་རེད། །
གངས་བཤོངས་སུ་སྤེན་པ་ཚེ་རིང་ལྟ་བུ་ལ་རྒྱ་ཅན་མང་དྲག་ནས་གོང་ས་མཆོག་ལ་དད་གུས་ལས་ཁ་གཏོང་མཁན་མང་དུ་འགྲོ་བ་རྒྱུ་མཚན་གཅིག་དེ་རེད། རྒྱལ་བ་རིན་པོ་ཆེ་ལ་འདི་འདྲའི་ཞབས་འདྲེན་པ་ཚོ་བློས་གཏོང་མི་ཐུབ་པ་གང་ཡིན་ནམ། འཇུ་ཆེན་གྱི་རྒྱུས་ལ་བལྟས་ན་རྒྱལ་བ་ཚང་གིས་ལམ་དབུ་མ་དང་ཁུག་རྟ་ལ་བདེན་ཁ་སྟེར་བ་ཁག་མི་འདུག་དྲན།
སྲིད་སྐྱོང་སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་ཀྱི་སུ་ལ་ཐོབ་ན་ཁྱད་པར་མི་འདུག་་་་་་་གཞན་པ་དགའ་རུང་མ་དགའ་རུང་་་་ཁོང་གཉིས་ནི་བཙན་བྱོལ་བོད་མའི་ཆབ་སྲིད་ཀྱི་ལྡེ་མིག་དང་མིག་གཡས་གཡོན་ལྟ་བུ་རེད། ང་ཚོ་ལ་དབུ་ཁྲིད་ཀྱི་མ་འགྲིགས་པ་གང་ཡང་མི་འདུག་་་་་་ཡིན་ནཡང་་་་མི་དམངས་ལ་གོ་རྟོགས་སྐྱོ་རུ་དང་ཆོལ་ཁ་དང་ཆོས་ལུགས་ལུགས་ཀྱི་ཕྱོགས་ཞེན་ཆེ་རུ་འགྲོ་འདུག་་་ནེའུ་འོག་གི་གཏམ་བཤད་དག་ནི་ཁོང་ལ་སྲིད་སྐྱོང་ཐོབ་འདྲ་མ་ཐོབ་ན་འདྲ་་་འདས་མ་ད་གསུམ་གྱི་བོད་ཀྱི་ཆབ་སྲིད་ཀྱི་ལྡེ་ལྟ་བུར་གྱུར་འདུག་་་་་འདི་འདྲས་གཏམ་བཤད་གྲགས་ད་ལྟ་བར་དུ་གོ་མ་མྱོང་།
ད་དུང་ཀ་སྟག་སྤྲུལ་སྐུའི་སྐོར་ཕྱི་གསལ་ནང་གསལ་ཆགས་མ་སོང་། ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་ཤིག་ཏུ་རིན་པོ་ཆེ་ཞིག་གི་གྲོངས་རྐྱེན་གསལ་པོ་མ་ཆགས་ན་འགྲིག་གི་མ་རེད་འདོད། སྤྱི་ཚོགས་སྟེང་གི་བཤད་སྟངས་ལྟར་ན། དོགས་གཞི་འདི་པེ་ཤག་ལ་འབྲེལ་བ་ཡོད་པས། མ་འོངས་པར་པེ་ཤག་གིས་བསླུ་ཐུབ་པའི་སྲིད་སྐྱོང་ཞིག་བཙན་བྱོལ་ནང་ལ་དགོས་མཁོ་ཡོད་དམ། གོང་ས་མཆོག་ལའང་ཉེན་ཁ་མ་རེད་དམ། ལན་ཁུར་ཤོག
ད་གསལ་བོ་ཆགས་སོང་། ཀ་སྟག་སྤྲུལ་སྐུ་ཟེར་བ་ཞིག་གྲོངས་ཡོད་ན་གྲོངས་མཁན་ཀརྨ་བློ་གསལ་རེད། དེ་རིང་གཞི་ནས་ཤེས་སོང་།
རྩོམ་ཡིག་ཡིད་འགུལ་ཐེབས་པ་ཞིག་བྲིས་འདུག རྗེས་སུ་ཡིད་རངས་ཞུ།
གསར་འགོད་པ་ཚོ། ཀ་སྟག་སྤྲུལ་སྐུའི་བཟའ་ཟླ་དང་བུ་མོ་རྣམས་བདེ་ཐང་རེད། ཁོང་རྣམ་པ་ནས་གནས་ཚུལ་ཤེས་ཐབས་བྱས་ན་དངོས་གནས་ཕྱི་གསལ་ནང་གསལ་ཡོང་གི་རེད། དེའི་ཐོག་ཏུ་ཉེ་ཆར་སྤྱི་ཟུར་བསོད་ནམས་སྟོབས་རྒྱས་དང་དྲི་ལན་བྱས་པ་ཞིག་ཐོན་ཡོད་སྐོར་འདུག་ན། དེ་དག་ལས་ཀྱང་གང་འཚམས་ཤིག་ཤེས་ཐུབ།
དེང་སང་གི་སྲིད་དོན་པ་ཚོས་མི་གསོན་པོ་ཧམ་ཟ་བྱེད་རྒྱུ་ལ་ཐེ་ཚོམ་ཡོད་མ་རེད། ཁོ་ཚོའི་བཤད་པ་ལ་ཡིད་ཆེས་བྱས་ན་དེ་ནས་ཚར་རེད་དོ། གནས་ཚུལ་འདྲ་མི་འདྲ་མི་བཤད་པར་དངོས་སུ་འབྲེལ་བ་ཡོད་པའི་མི་ལ་ཁུངས་བཏུག་ཐུབ་ན་ཁ་གསལ་པོ་ཆགས་ངེས་རེད། གང་བྱུང་བཤད་ནས་ཆོ་ཡོད་མ་རེད། བཀྲིས་བདེ་ལེགས།
་་་་་་་་་་ རྒྱུ་མཚན་ཚད་ལྡན་མཐོང་བའི་ལམ་ནས། ད་ནས་བཟུང་ཁྱེད་ལ་བློ་གཅིག་སེམས་གཅིག་གི་རྒྱབ་སྐྱོར་བྱ་འདོད་བྱུང་ལ། དེ་ནི་ཁྱེད་ཨ་མདོ་ཡིན་པ་དང་ང་ཁམས་ཡིན་པ་གང་གི་ཆེད་དུའང་མིན་ལ། ང་ཚོ་བོད་མི་ས་ཡ་དྲུག་གི་སྤྱིའི་ཆིག་སྒྲིལ་དང་མ་འོངས་མདུན་ལམ་ཉག་ཅིག་གི་ཆེད་དུ་ཡིན། ་་་་་་་་་་་ ཟེར།
རད་བཙན་འཐབ་རྩོད་པ་ཞིག་གི་ངོས་ནས་བཤད་ན། སྤེན་ཚེ་དང་བློ་སེང་སུ་འཐོབ་ནའང་ཕམ་ཁ་ཞིག་རེད། ཡིན་ནའང་སྤེན་ཚེ་ལ་དངོས་གནས་ལངས་ཕྱོགས་ཁ་གསལ་ཞིག་འདུག རང་བཙན་མགོ་མཐོ་ན་རང་བཙན་དང་། དབུ་མ་མགོ་མཐོ་ན་དབུ་མ་ཡིན་མདོག་བྱེད་མཁན་དེ་འདྲ་རྩ་བ་ནས་རེད་མི་འདུག བསད་ཀྱང་རུང་བཏུབ་ཀྱང་རུང་ལངས་ཕྱོགས་དེའི་ཆེད་དུ་ཤི་ཐུབ་མཁན་ཞིག་ཡིན་པ་གསལ་དུ་འགྲོ་གི་འདུག
ཀརྨ་བློ་གསལ་ཟེར་བ་དང་། ཏྲེ་ཧོར་བྱམས་པ་རིན་ཆེན་ཟེར་བ་འགའ་ཞིག་གིས་བོད་ཀྱི་རྩ་དོན་ཐོག་ནས་སྤེན་པ་ཚེ་རིང་ལ་རྩོད་ཀྱི་མེད་པར་། སྒེར་ནད་ཁོག་བཅིངས། ཆོལ་ཁ་ཕྱོགས་འཐེན་ཁོ་ནས་ཉི་མ་བསྐྱལ་གྱི་འདུག་ག་་་་ཧ་་་ཧ་་་་་་
#2 སྟོབས་ལྡན།
བོད་ཀྱི་གསར་འགོད་པ་ཚོ་གནད་དོན་དེ་འདྲ་རྩད་གཅོད་བྱ་བར་གཏོང་གི་ཡིན་ན། ཁྱེད་རང་ཡང་བློ་སེང་ཤེས་རིག་བཀའ་བློན་ཡིན་སྐབས་གཞུང་འབྲེལ་ཕྱོགས་སྐྱོད་སྐབས་དཔེ་སྟོན་སློབ་གྲྭའི་དགེ་རྒན་ཞིག་ཨ་རི་ནས་ཕྱིར་མ་ལོག་པའི་གནད་དོན་ཞིབ་ཕྲ་རྩད་གཅོད་བྱ་བར་རྒྱུགས་ཤིག
ཤེས་ཡོན་དང་ལྷག་བསམ་ཡོད་མཁན་མང་ཆེ་བས་ཚོགས་གཙོ་སྤེན་པ་ཚེ་རིང་གི་སྐད་ཆར་རྒྱུ་མཚན་མཐོང་གི་ཡོད་པ་མ་ཟད། རྒྱབ་སྐྱོར་བ་རྣམས་ཀྱང་ཐུགས་ལྷོད་ལྷོད་དང་རྒྱུ་མཚན་ལྡན་པར་འདུག་སྙམ། དེ་མིན་སྲིད་སྐྱོང་བློ་བཟང་སེང་གེའི་རྒྱབ་སྐྱོར་མཁན་རྣམས་ཀྱིས་རྐུན་མ་རེད་ཟེར་བ་དང་། མི་བསོད་རེད་ཟེར་བ། ཇག་པ་རེད་ཟེར་བ། རྒྱ་མིའི་རྒྱུག་ཁྱི་རེད་ཟེར་བ་སོགས་ཚིག་ངན་པ། གཤིས་ཀ་གྱོང་བ། དམོད་མོ་ལ་དགའ་བ། སྡུག་རྩུབ་ཅན། ཞེན་ཁོག་ངན་པས་བརྒྱངས་བ་མང་པོ་འདུག དེ་ལས་ཀྱང་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་གཡེམ་རྒྱུགས་ལ་དགའ་བ། འུར་སྟོད་ལ་དགའ་བ། དངོས་ཡོད་ལས་སྟོང་བསམ་ལ་ཆེ་མཐོང་ཡོད་མཁན། ཤེས་འཇོན་ལས་ཁ་ཕོ་ལ་བཀུར་སྟི་བྱེད་མཁན། ལས་དོན་ལ་ཧུར་ཐག་འབད་ཐག་བྱེད་མཁན་ལས་ཆང་རྐྱལ་འུར་རྐྱལ་ལ་དད་སེམས་ཅན་ཡོད་མཁན་ཡིན་པར་སྣང་། གང་ལྟར་སྡོམ་ཚིག་ཡག་པོ་ཞིག་རྒྱབ་ཡོད། ཧ་་ཧ་་་ཧ་་་་་་
#7 ཀརྨ་བློ་གསལ། ཀ་སྟག་སྤྲུལ་སྐུའི་སྐོར་གསལ་པོ་ཆགས་དགོས་ན། ཀ་སྟག་སྤྲུལ་སྐུ་ལ་སེམས་གཏིང་ནས་དད་པ་ཡོད་ན། ཀ་སྟག་སྤྲུལ་སྐུ་འདས་བའི་གནད་དོན་དེ་སྤེན་པ་ཚེ་རིང་དང་འབྲེལ་བ་དངོས་སུ་ཡོད་པའི་བདེན་དཔང་ཚད་ལྡན་ཡོད་ན། ཁོང་ཁྲིམས་ལ་མི་སྦྱོར་བར་ཁྱི་རྒན་ཨབ་སྟངས་བྱས་བསྡད་ན་ཅི་ལ་ཕན། ཆུ་ནང་ལ་འོག་རླུང་བཏང་བ་དང་གཅིག་པ་རེད། དེ་མིན་ན་ཀ་སྟག་སྤྲུལ་སྐུའི་རྣམ་ཤེས་འགྲོ་འདུག་ལའང་གནོད་པའི་སྐྱུག་བྲོ་བའི་ཆབ་སྲིད་མ་རྩེ་ཞིག
#1 ཏྲེ་ཧོར་བྱམས་པ་རིན་ཆེན། #5 པདྨ ་#7 ཀརྨ་བློ་གསལ་ གསུམ་འདི་སྦྱིན་བདག་གི་ལས་དོན་བྱེད་མཁན་ཡིན་པ་འདྲ། སྦྱིན་བདག་ནས་དངུལ་དངོས་འབོར་ཆེན་གནང་ཡོད་སྲིད་ནའང་། རང་ཉིད་བོད་མི་རྩམ་གཟན་ཞིག་ཡིན་པ་དང་ཕྲག་ཏུ་བབ་པའི་ལས་འགན་བསྒྲུབས་མ་ཐུབ་པ་ཕར་བཞག རྩ་དོན་ལ་གཏོར་བཤིག་རབས་དང་རིམ་པ་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་འདིས། གཡར་བའི་རང་ལུས་འདི་བསྐྱུར་ནས་ཕྱི་མའི་ཡུལ་དུ་འགྲོ་སྐབས་འགྱོད་པ་གཏིང་ནས་སྐྱེ་ན་འཕྱི་དྲགས་པ་རེད། ཤ་ཚཱ
གནད་དོན་གསར་པ་ཞིག
ཀ་སྟག་སྤྲུལ་སྐུའི་སྐོར་གླེང་ནས་སྤེན་པ་ཚེ་རིང་ལ་ནག་ཉེས་འཛུགས་མཁན་བོད་མི་གཉིས་བྱུང་བ་རེད།
དང་པོ་དེ་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་རེད། གཞན་དེ་བཀའ་བརྒྱུད་སྤྱི་འཐུས་སམ་མདོ་སྟོད་ཀྱི་གྲྭ་བསྟན་པ་ཡར་འཕེལ་མིང་ཅན་གཉིས་རེད།
མི་འདི་གཉིས་ཀྱིས་བོད་སྤྱི་ལ་སྨན་པའི་ཕུལ་བྱུང་བྱ་བ་འདི་བསྒྲུབས་རེད་ཟེར་བ་ཞིག་གོ་མྱོང་མཁན་མེད་ཀྱང་། མི་འདི་གཉིས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་སྤེན་པ་ཚེ་རིང་ནག་པོ་བཟོ་ཐབས་བྱས་པ་རེད་ཅེས་ཀུན་ལ་གྲགས་ཡོད།
དེ་སྔ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་བའི་གྲྭ་བ་དེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་མི་གསོད་ཁྲག་སྦྱོར་གྱི་སྐད་ཆ་ཐོག་མར་གླེང་སྐབས། མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེངྒེའི་ཕྱོགས་ནས་འོས་འགྲན་གྱི་འགོ་དངོས་སུ་བརྩམས་སོང་ཟེར་གྱི་ཡོད། རང་ཉིད་ཀྱི་ཕྱོགས་གཏོགས་ཀྱིས་རང་ཉིད་ཀྱི་ཁ་གཏད་ནག་པོ་བཟོ་ཐབས་བྱེད་རྒྱུ་དེ་དེང་སྐབས་ཀྱི་དབང་ཆ་རྩོད་སྟངས་ཤིག་ཡིན་སྲིད།
ཡང་ཚོགས་གཙོས་མདོ་སྟོད་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་ཁོང་ལ་དགོངས་དག་ཞུས་ཚུལ་གསལ་བཤད་བྱས་སྐབས། འབའ་བ་སྐལ་བཟང་རྒྱལ་མཚན་དང་། ལི་ཐང་འཇམ་དབྱངས་བཟོད་པ། གསེར་རྟ་ཚུལ་ཁྲིམས་འོད་ཟེར་གསུམ་གྱིས་བརྒྱུད་སྐུལ་བྱས་ཏེ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་ཀྱི་གསར་འགོད་པ་ཞིག་ལ་བཅར་འདྲིའི་ལམ་ནས་བསོད་ནམས་སྟོབས་རྒྱལ་ལ་སྐད་ཆ་ཅི་འདོད་དུ་བཤད་བཅུག་པ་དེ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲིག་གཞི་དང་འགལ་བས་ལས་གནས་ནས་ཕུད་པ་རེད། གནད་དོན་འདི་དང་འབྲེལ་བའི་ཐད་དེ་སྔོན་ཨ་རི་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྐལ་ལྡན་བློ་གྲོས་རྒྱ་གར་ལ་ཡོང་སྐབས། འབའ་བ་སྐལ་བཟང་རྒྱལ་མཚན་དང་། ལི་ཐང་འཇམ་དབྱངས་བཟོད་པ། གསེར་རྟ་ཚུལ་ཁྲིམས་འོད་ཟེར་གསུམ་གྱིས་ཁོང་ལ་ཁ་པར་བཏང་ནས་ལས་བྱེད་དེ་ཕྱིར་ལས་ཐོག་ལ་འཇུག་དགོས་པའི་སྐུལ་མ་བྱས།
གཟབ་གཟབ་མ་བྱས་ཚེ། བོད་སྤྱི་ལ་གནོད་སྐྱེལ་ཞིང་ནང་ཁུལ་ལ་དཀྲུག་ཤིང་རྒྱག་པའི་ཆབ་སྲིད་པ་ཆུང་ཆུང་ཚོས་མི་སེར་དཀྱུས་མ་རྣམས་སྡུག་ལ་སྦྱོར་ངེས་པ་གསལ་པོ་རེད།
ཅང་ཤེས་རྟ་མཆོག་གམ༼གོག་ཤེས་རྟ་རྒས༽ལགས།
སུས་སུ་ལ་ཀུན་དགའ་སྤྲད་ཀི་ཡོད་པར་ཁུངས་སྐྱེལ་ར་སྤྲོད་ཡོད་ན་དགའ་བསྲུ་ཡོད། གཞན་མི་དཀར་ལ་ཞྭ་ནག་བསྐོན་ན་ཉིན་གཅིག་ཐོད་པའི་སྒང་ལ་མཛུབ་མོ་བཙུགས་འོང་དུས་ཕྱིས་ཚར་རེད་གདའ། གོ་བར་གྱིས།
ཁྱེད་ཚོའི་ཞེན་ཁག་གི་ཕུང་བོ་འདི་ཉིན་ཞིག་མེ་ལ་འབར་སྲིད།
སྐུ་ངོ་མཆོག་ནི་དྲང་གནས་སྐྱེས་བུ་ཞིག་རེད།
བོད་ཀྱི་ཁ་བརྡའི་གསར་འགོད་པའི་འགན་འཛིན་མཆོག་ལ།
ཆེད་ཞུ། བོད་ཀྱི་དུས་བབ་དྲ་ཚིག་སྟེང་རྩོམ་པ་པོ་བསྟན་འཛིན་རང་གྲོལ་ཞེས་པའི་མཚན་འོག་རྩོམ་གི་འགོ་བརྗོད་ “ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཅི་ཞིག་ནོར་ཡོད་དམ།” ཞིག་སྤེལ་འདུག ། རྩོམ་གྱི་འོག་རྩོམ་པ་པོས་རྒྱབ་ལྗོངས་ངོ་སྤྲོད་གང་ཡང་གསལ་མེད་ཙང་མི་མང་ནང་རང་བཞིན་གྱི་གླེང་གཞི་ཞིག་ཏུ་འགྱུར་སྲིད་པ་མིན་འདུག ། རྩོམ་པ་པོ་མིང་དེ་ཡི་འོག་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༨ ཉིན་རྩོམ་ “སྤེན་པ་ཚེ་རིང་། ང་རང་ཧང་སངས་སོང་།” (https://www.khabdha.org/?p=79413) ཞིག་ཁ་བརྡའི་དྲ་ཚིག་སྟེང་སྤེལ་ཡོད ། དེ་ཡིས་རྐྱེན་པས་སྤྱི་ཚོགས་ནང་རང་བཞིན་གྱི་རྙོག་གླེང་མི་ཉུང་བ་ཞིག་བྱུང་ཡོད ། དེས་ན་ཁྱེད་རྣམས་ཀྱིས་མཁྱེན་གསལ་ལྟར་ང་ཚོའི་སྤྱི་ཚོགས་ནང་འདི་ལྟ་བུའི་གླེང་གཞི་དག་ཚོར་བ་སྐྱེན་པོའི་རང་བཞིན་ཞིག་ཏུ་འགྱུར་ཡོད་ཙང་། མི་མང་ནང་རྩོམ་པ་པོ་ལས་འགལ་ཏེ་མི་མང་དཀྱུས་མ་གུས་ལྟ་བུ་ལ་ཐེ་ཚོམ་བསྐྱེད་གཞི་མི་འགྱུར་བའི་སླད་རྩོམ་པ་པོ་དེ་ཡི་ངོ་སྤྲོད་ངེས་པར་དུ་གསལ་གནང་ཡོང་བ་ཞུ། བྱང་ཀེ་ལི་ཕོར་ནི་ཡ་རུ་གནས་སྡོད་བསྟན་རང་གྲོལ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས ༢༠ ཉིན་བཟང་པོར། ཕུལ།