—-རྔ་བ་རྒྱལ་ཁམས་པ།
སངས་རྒྱས་ཀུན་ཏུ་བཟང་བོ་ལ་ཕྱག་འཚལ་ལོ།
དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ལས། དེ་ནས་དེ་ནི་སྙིང་སྟོབས་ཡངས་ལྡན་མིག་ནི་དེ་ཉིད་དག་ལ་གཏད། །སྲིད་པའི་ཆུ་གཏེར་བྱིངས་པའི་འབྱུང་པོ་ཀུན་ལ་རྗེས་སུ་བརྩེ་ལྡན་ཞིང་། །ཡང་དག་རིག་པ་སྤྲོ་བ་དང་ལྡན་མངོན་པར་གསར་པ་བསྐྱེད་པ་ལས། །སེམས་ཅན་རྣམས་ནི་ཡང་དག་བསྒྲལ་ཕྱིར་དགེ་བའི་ལམ་དག་བགྱིས་པར་གྱུར། ། ཞེས་གསུངས་པ་ལྟར། དམ་པའི་སྐྱེས་བུ་དག་ནི། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་ཉོན་གྱི་རྒྱ་མཚོ་ཆེན་པོ་འདིའི་ནང་། སྐྱེ་དགའ་ན་འཆིའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བཞིན་པའི་ངང་ཚུལ་གསལ་བོར་གཟིགས་ཤིང་། སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ་དེ་དག་གི་སྡུག་བསྔལ་སེལ་ཐབས་ལ་ལུས་སྲོག་ལོངས་སྤྱོད་ཐམས་ཅད་བློས་བཏང་སྟེ། གཞན་དོན་ཁུར་དུ་འཁྱེར་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་ལ་འཇུག་པར་བྱེད་དོ།།
དེ་ཡང་སངས་རྒྱས་བྱང་སེམས་རང་གི་མངོན་རྟོགས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ནི། རང་དང་དགོངས་པ་མཉམ་པའི་སྐྱེས་བུ་ནང་ཕན་ཚུན་ཁོ་ནའི་སྤྱོད་ཡུལ་ཅན་དུ་ངེས་པས། གང་ཟག་ཐ་མལ་བ་རྣམས་ལ་ཡང་དག་པའི་གནས་ལུགས་བསྟན་ཏེ་སྡུག་བསྔལ་ལས་གྲོལ་བའི་ལམ་སྟོན་པ་ལས། རང་གིས་ཐོབ་པའི་ས་ལམ་ཡོན་ཏན་རྣམས་གཞན་གྱི་རྒྱུད་ལ་འཕོ་ནི་མི་ནུས། དེ་ཡང་འོད་སྣང་གཏན་ནས་ཡོད་མ་མྱོང་བའི་མུན་ནག་ཅིག་ཏུ་འོད་ཅིག་སྤར་དགོས་པ་དང་། བྱིས་པ་ལོ་བརྒྱད་ཅིག་ལ་རབ་འབྱམས་པའི་ཡོན་ཚད་ཀྱི་སློབ་སྦྱོང་ཞིག་སྤྲོད་དགོས་པ་ལྟ་བུ་ཡིན་པས། སྣང་ཚུལ་དང་གནས་ཚུལ་གོ་ལྡོག་ཏུ་སོང་སྟེ་མ་དག་རྒྱུན་འབྱམས་ཀྱི་གནས་ཚུལ་རྒྱུན་ལྡན་དུ་གྱུར་ཟིན་པའི་སེམས་ཅན་དག་གི་སྒོ་གསུམ་ལ་ཕྱིར་བཅོས་གཏོང་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།
དེར་བརྟེན་ཐུན་མིན་སྣང་ངོར་ས་ལམ་གྱི་གོ་རྟོགས་མཐོན་པོར་སླེབས་ཡོད་སྲིད་ཀྱང་། མཐུན་སྣང་དུ་སེམས་ཅན་ཐ་མལ་བའི་ལུས་བླངས། སྐྱེ་དགའ་ན་འཆི་ཞེས་འབོད་པའི་སྲིད་པའི་གྲོག་རོང་ཆེན་པོ་འདི་དག་བགྲོད་ཀྱིན་བགྲོད་ཀྱིན་རྒྱུ་འབྲས་ཀྱི་སྤང་བླང་ལ་འཇུག་ལྡོག་གི་ལམ་བསྟན་ཏེ། སེམས་ཅན་ལ་ཕན་བདེ་སྒྲུབ་པར་བྱེད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔས་མཛད་པ་མི་སྟོན་རང་སྟོན་གྱི་འགྲོ་བ་སྒྲོལ་ཐབས་ཤིག་ཡིན་ནམ་སྙམ། ངས་བྱང་ཆུབ་སེམས་དཔའི་སྐྱེས་རབས་རྣམ་ཐར་རེ་བཀླགས། བླ་མ་སྐྱེས་ཆེན་དག་གི་སྲིད་པ་འཛིན་མཁན་རྣམ་པའི་མཛད་སྤྱོད་ལ་བསམ་གཞིག་རེ་གཏོང་སྐབས། ངས་སེམས་ངོར་ཡང་ཡང་ཤར་ཡོང་བ་ནི། སྣང་སྲིད་དཔེ་ཆར་ལྟ་དགོས་པའི་ཕྱོགས་ངོས་གཞན་ཞིག་རེད།
གསལ་བོར་བཤད་ན། བླ་མ་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་གི་ཡང་སྲིད་ཚུལ་ཕེབས་ཏེ། ང་ཚོ་ནང་བཞིན་མགོ་ཀ་ཁ་ནས་བཟུང་སྟེ་མཇུག་ས་ལམ་གྱི་རྟོགས་པ་མཐོན་པོར་མ་སླེབས་པར་དུ་སྐྱེ་བ་སྔོན་མས་བསྒྲུབས་ཟིན་པའི་བྱ་བ་རྣམས་སླར་ཡང་བསྐྱར་ཟློས་གནང་དགོས་པ་འདི་ཚོ། ང་ཚོ་སྲིད་ཞིའི་མཐའ་ལས་བཅིང་གྲོལ་ཐོབ་དགོས་ན། དེའི་ཆེད་དུ་དཀའ་སྤྱད་འབད་བརྩོན་འདི་ལྟར་གྱིས་ཞེས་ཆོས་ཀྱི་མཛད་སྤྱོད་སྟོན་པའི་ལེའུ་དེ་ཚོ་སྲིད་པ་མ་ཟད་ཀྱི་བར་དུ་ཡོང་བཞིན་པ་ཞིག་ཨེ་ཡིན་ནམ་སྙམ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། ཀ་ཐོག་མཁན་ཆེན་ངག་དབང་དཔལ་བཟང་གི་རང་རྣམ་མཇལ་སྐབས། བླ་མ་དེ་ཚོ་སྐུ་མི་ལུས་སུ་བཞུགས་ཀྱང་། ཐུགས་སངས་རྒྱས་ཀྱི་ཞིང་ཁམས་མཐའ་མེད་པར་འགྲུལ་བཞུད་གནང་གི་འདུག
གཅིག་བྱས་ན༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་འདི་པའང་། སྐྱེ་བ་མང་བོའི་གོང་རོལ་ཞིག་ནས་ས་ལམ་གྱི་གོ་འཕང་མཐོན་པོར་ཕེབས་ཟིན་པ་ཞིག་ཡིན་སྲིད་ཀྱང་། ཐུན་མོང་སྣང་ངོར་ང་ཚོའི་སྐལ་བར་བྱོན་པའི་རྣལ་འབྱོར་བ་ཆོས་ཀྱི་་དོན་དུ་བསམ་གྱིས་མི་ཁྱབ་པའི་དཀའ་སྤྱད་གནང་མཁན་ཞིག་རེད། དག་པའི་སྣང་ཚུལ་རྣམས་ནི་དག་པའི་ལུས་ཅན་དག་གི་སྣང་ངོར་འཆར་ཞིང་ངོས་ལེན་བྱེད་ཐུབ་པ་ཞིག་ལས། མ་དག་པའི་སེམས་ཅན་གྱི་སྣང་ངོར་འཆར་མི་ནུས་པ་དང་། དེ་དག་གི་བློའི་གནས་ཚད་ལས་རྒྱང་རིང་དུ་བརྒལ་ཟིན་པ་ཞིག་ཡིན་སྟབས། ཐུན་མིན་གྱི་རྣམ་ཐར་དེ་ཚོ་རང་རེས་ངོས་ལེན་བྱེད་དཀའ་ཞིང་བསམ་ཡུལ་དུ་ཤོང་མི་ཐུབ་པ་ཞིག་ཡིན།
༧སྐྱབས་རྗེ་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་དགོངས་པ་ཆོས་དབྱིངས་ཐིམ་ནས་རིང་བོར་མ་ཐོགས་པར། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ལྷིང་འཇགས་ཀྱི་དབེན་ཁྲོད་དེ་ནས། དུས་ཚོད་ཐུང་ངུ་ཞིག་གི་ནང་ཁོང་དག་ཞིང་གནང་ཚུལ་གྱི་གནས་ཚུལ་ཞིག་སའི་གོ་ལའི་ཕྱོགས་སོ་སོར་ཀུན་ནས་ཁྱབ་པར་གྱུར། ཐོག་མར་གུས་པ་གནས་ཚུལ་དེར་གཏན་ནས་ཡིད་མ་ཆེས། འོན་ཀྱང་། བླ་མ་ཁོང་ཚེ་དང་སྒྲུབ་མཐར་ཕྱིན་ནས་དགོངས་ན་མཐོན་པོར་ཕེབས་ཡོད་པ་དང་། ལོ་བར་མང་བོའི་རིང་ཆེ་ཆུང་དྲག་ཞན་སུ་ལའང་མཇལ་འཕྲད་གནང་གི་མེད་པའི་གནས་ཚུལ་ཞིག་ཐོས་པས། ཁོང་སྐུ་ཚེའི་འདུན་པ་གཞན་ཞིག་ཏུ་གཏོད་ཀྱིན་ཡོད་པ་ཨེ་ཡིན་ནམ་སྙམ་ནས་དུས་རྒྱུན་དུ་མཉམ་འཇོག་བྱས་པ་ཡིན། ཁོང་དག་ཞིང་གནང་ཟིན་པའི་གནས་ཚུལ་གསལ་བོར་ཧ་གོ་རྗེས། གཞི་ནས་ཕྲན་ལ་བྱུང་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་ཁག་ཅིག་དེ་དང་འབྲེལ་བ་ཞིག་ཡོད་པ་ཞིག་ཨེ་ཡིན་སྙམ་ནས་སོམ་ཉིར་ཚུད། སྤྱི་ཟླ་བཅུ་གཉིས་པའི་ཟླ་སྨད་ཅིག་ཏུ་ངའི་ལག་འདོག་ཆུ་ཚོད་འཁོར་ལོ་གློ་བུར་བསྡད་ཅིང་དུས་ཡུན་ཆུ་ཚོད་ཕྱེད་ཀ་ལྷག་འགྱང་བོར་ཆགས། ངའི་ཁྱིམ་ན་ཡོད་པའི་མེ་ཏོག་གི་སྡོང་བུ་ཆུང་ཆུང་དེར་མེ་ཏོག་བརྒྱ་ཕྲག་མང་བོ་གློ་བུར་དུ་བཞད། གནས་ཚུལ་དེ་དག་བླ་མ་ཁོང་དགོངས་པ་རྫོགས་པ་དང་མི་མངོན་པའི་འབྲེལ་བ་ཞིག་ཡོད་པ་ཨེ་ཡིན་ནམ་སྙམ།
གུས་པ་སྐལ་བ་དམན་པས་བླ་མ་ཁོང་གི་ཉེ་གནས་བརྒྱུད་བཀའ་སློབ་རེ་ཞུས་པ་ཙམ་ལས། ཁོང་དང་དངོས་སུ་མཇལ་འཕྲད་ཀྱི་གོ་སྐབས་ཤིག་ཐོབ་མ་མྱོང་། དེ་ལྟ་ནའང་ངས་བྱ་བྲལ་སངས་རྒྱས་རྡོ་རྗེ་ཞེས་འབོད་པའི་མཚན་སྙན་པོ་དེ་སྤྱི་ལོ་དགུ་བཅུ་གོ་གྲངས་ཤིག་ནས་ཐོས་མྱོང་། ང་བོད་དུ་ཡོད་སྐབས་ངའི་ཤག་མཚེར་རུས་ཁུངས “ཤ་བསད་ཚང” ཞེས་འབོད་པ་དང་འབྲེལ་འདྲིས་ཡོད་པའི་གྲྭ་དཀྱུས་ཤིག་ཡོད། རྒྱུན་ལྡན་ལྟར་ཉིན་ཞིག་ང་ཚོ་གྲོགས་པོ་ཁ་ཤས་ཤིག་གྲྭ་ཤག་དེར་འཛོམས་ནས་སྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་གྱི་གནས་ཚུལ་མང་བོར་དངོས་བདེན་གྱི་རྒྱུ་མཚན་ཅིའང་མེད་ཀྱང་། ཅི་ཞིག་ཤེས་མདོག་དང་། གང་ཞིག་མཐོང་ཡོད་མདོག་གིས་ཆོས་དང་འཇིག་རྟེན་གྱི་སྐད་ཆ་མང་བོ་མང་བོ་ཞིག རླུང་ཡན་བཞིན་ལྡང་བཞིན་པའི་སྐབས་དེའི་སྤྱི་ཚོགས་ཀྱི་ཟེར་སྐད་མང་བོ་དང་བསྲེས་ནས་ཁ་བརྡ་སྣ་ཚོགས་བྱས། བར་སྐབས་ཤིག་ལ་གྲྭ་བ་དེས”ཤ་བསད་ཚང་གི་བླ་མ་བྱ་བྲལ་སངས་རྒྱས་རྡོ་རྗེ”ཞེས་པས། རྒྱ་བལ་གྱི་ཡུལ་གྲུ་དག་ཏུ་སྒོམ་གྲྭ་བཟུང་སྟེ་གནས་ངེས་མེད་མང་བོར་སྒྲུབ་པ་ཉམས་ལེན་གནང་གི་ཡོད་ཚུལ་ཞིག་གློ་བུར་དུ་གླེང་། དེ་ནི་ཕྲན་གྱིས་བླ་མ་ཁོང་གི་མཚན་ཐོས་པ་ཐོག་མ་དེ་ཡིན།
སྐབས་དེ་ཤེད་དུ་རྒྱ་གར་དང་བལ་ཡུལ་གྱི་སྐོར་གླེང་དུས། ངའི་རྟོག་ངོར་ཡང་ཡང་དྲན་ཡོང་བ་ནི། མཐུ་སྟོབས་རྫུ་འཕྲུལ་གྱི་ནུས་པས་འཛམ་གླིང་དབང་དུ་སྡུད་བཞིན་པའི་ཕྱི་བཞུགས་བོད་ཀྱི་བླ་མ་རྣམས་དང་། སྐྲ་ཉམས་རྫིག་ཅིང་སྨིན་མ་སྟུག་པོ་གཟུགས་སྟོབས་ཆེ་བའི་རྒྱ་གར་གྱི་ཕོ་སར་རྣམས་དང་། མཛོ་མིག་ལྟར་ཆེ་བའི་སྤྱན་དང་། དུང་ཟླ་ལྟར་དཀར་ལ་ཟླུམ་བའི་ཞལ། སྣ་ལུང་དང་། རྐང་ལག་གི་གདུབ་སྒྲ་སིལ་སིལ་སྒྲོག་བཞིན་ལྟེ་བའི་བུ་ག་སྨུག་པོ་ཡང་ཡང་ཕྱི་ལ་ངོམ་ནས་གླུ་གར་གྱི་སྒྱུ་རྩལ་ལ་རོལ་བཞིན་པའི་རྒྱ་གར་མ་འཆོར་སྒེག་ཅན་དེ་ཚོ་ཡིན། ངས་གློག་བརྙན་དེ་ཚོ་མཐོང་སྐབས་སེམས་ལ་དགའ་སྣང་དང་། སྐྲག་སྣང་ཡང་སྐྱེ་འོང་རྒྱུ་མཚན་ཅི་ཡིན་མི་ཤེས། གང་ལྟར་མ་མཐོང་རྒྱང་རིང་གི་དངོས་དོན་དང་། སྒྲུང་གཏམ་འདྲེས་པའི་གཏམ་རྒྱུད་སྙན་མོ་དེ་དག་གིས་ངའི་སེམས་པ་རང་དབང་མེད་པར་རྒྱང་རིང་གི་ཡུལ་གྲུ་དེ་དག་ཏུ་ཤོར་འགྲོ། དུས་ནམ་ཞིག་རྒྱ་བལ་གྱི་ཡུལ་གྲུ་དེ་དག་ཏུ་སླེབས་ཐུབ་པ་ཞིག་བྱུང་ན་སྙམ་པའི་འཁྲེང་སེམས་འགོག་དཀའ་བ་ཞིག་གིས་ངའི་ལུས་ངག་ཡིག་གསུམ་དམ་པོར་བཅིང་སོང་། ཟླ་ཕྱེད་ལྷག་གི་རྐང་འགྲུལ་བརྒྱུད་བལ་ཡུལ་དུ་འབྱོར། བལ་ཡུལ་གྱི་སྲང་ལམ་དག་ན་ཚོར་རྒྱུ་ཡོད་པའི་དྲི་ཞིམ་ལྡན་པའི་བདུག་སྤོས་ཀྱི་དྲི་བསུང་དང་། ཡུལ་མིའི་ཆ་ལུགས་གོས་སྟབས་ཀྱིས་རང་ཉིད་སྦས་ཡུལ་ཁྱད་པར་བ་ཞིག་ཏུ་སླེབས་སོང་བ་ལྟ་བུའི་ཚོར་སྣང་སྐྱེས།
༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་སྐུ་ཚ་རིག་ལོ་ཞེས་ཞུ་བས་རྡོ་གྲུབ་ཀྱི་བཀའ་སློབ་དང་། སྲུང་མདུད། དངུལ་ལོ་བཅས་བསྣམས་ནས་ང་ཚོར་གཟིགས་སྐོར་དུ་ཕེབས། སྐུ་ཚ་མཆོག་གིས་ང་ཚོ་མཇལ་འཕྲད་ཞུ་ཡུལ་གྱི་གནས་ཚང་གི་ཁྱིམ་བདག་ཚོར་ཁོང་དོན་དག་ཅི་ཞིག་གི་ཆེད་བྱ་བྲལ་ཚང་གི་སྐུ་མདུན་དུ་བཅར་དགོས་ཚུལ་དང་། ཞྭ་དམར་པ་ཞེས་པའི་བླ་མ་ཞིག་གི་སྐོར་བཀའ་མོལ་གནང་བཞིན་པ་ཞིག་ཐོས་ཀྱང་། ང་ཚོ་ནི་གསར་འབྱོར་ལྐུགས་པ་སྐོར་ཞིག་ཡིན་པས། ལྟོ་གོས་དང་དངུལ་ཕྲན་ཚེགས་དེ་ལས། ཆ་མེད་རྒྱུས་མེད་ཀྱི་ཡུལ་གྲུ་དེ་ནས། བླ་མ་དང་གནས་རྩ་ཆེན་དེ་འདྲ་རྩད་འཚོལ་བྱ་རྒྱུའི་བསམ་བློ་ཞིག་སེམས་ན་འཁོར་མ་ཐུབ། ངོ་མ་བཤད་ན་སྐབས་དེར་བྱ་བྲལ་དང་དུས་མཁྱེན་སོགས་བླ་མ་རྩ་ཆེན་མང་བོ་བལ་ཡུལ་དུ་ཞལ་བཞུགས་པའི་སྒང་ཞིག་ཡིན་འདུག་ནའང་། ཡོད་ཚད་གཞན་དབང་སྟབས་བསྟུན་ལྟ་བུས་གོ་སྐབས་ཅིའང་མ་ལྡན། དེ་ནི་ངས་བྱ་བྲལ་རིན་པོ་ཆེའི་མཚན་ཐོས་པ་ཐེངས་གཉིས་པ་དེ་རེད།
རྒྱ་གར་དུ་སླེབས་རྗེས་ཁོང་གི་གསུང་རྩོམ་འགའ་རེ་ཀློག་རྒྱུ་བྱུང་ཞིང་། ཁོང་གི་སྐོར་ལ་སྙན་མི་སྙན་གྱི་སྐད་ཆའང་སྣ་ཚོགས་ཤིག་གླེང་སློང་བྱས་པ་ད་དུང་ཡང་དྲན་གྱི་འདུག དེ་ལྟ་ནའང་ངས་རྒྱུས་ལོན་བྱས་པ་ལྟར་ན། བླ་མ་ཁོང་ནི་ཚེ་འདི་ཕྱི་གཉིས་ལས་ཕྱི་མ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ལས་ཐམས་ཅད་མཁྱེན་པ། ཆོས་སྲིད་གཉིས་ལས་ཆོས་ཁོ་ནར་ཉམས་བཞེས་གནང་མཁན། འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་སྤྱོད་གཏན་ནས་མི་བཞུགས་པའི་ཆོས་པ་མགོ་མཁྲེགས་ཤིག་ཡིན་པ་གསལ་བོར་ཧ་གོ དེ་ནས་བཟུང་ཁོང་ལ་དྲང་ལྡོག་གཉིས་ཀའི་ལམ་ནས་གླེང་སློང་བྱེད་བཞིན་པའི་སྐད་ཆ་དེ་ཚོ་འཇིག་རྟེན་པའི་ཁ་དབང་འཐེན་འཁྱེར་གྱི་རུལ་སོང་བསམ་བློའི་སྙིགས་མ་ཞིག་ལ་ཐུག་ཡོད་པ་ཧ་གོ་ཞིང་། ཆོས་པ་རྣམ་དག་ཅིག་ལ་ལྟོས་ན་ཡང་དག་པའི་ཁོང་གི་བཞེངས་ཕྱོགས་དེར་བདེན་ཁ་མི་སྟེར་རང་སྟེར་དུ་གྱུར།
སྤྱི་ལོ༡༩༩༨གྱི་ལོར་ང་རང་དོན་དག་གལ་ཆེན་ཞིག་གི་ཆེད་བོད་ཡུལ་དུ་ལོག་དགོས་བྱུང་ཞིང་། སྐབས་དེར་ངའི་ཁུ་བོ་དང་བླ་མ་གཉིས་ཆ་ཡིན་པ། རྡོ་གྲུབ་མགར་ར་མཁན་ཆེན་བློས་ཚུལ་ལམ། གྲུབ་ཆེན་བླ་མའམ། ཡོངས་གྲགས་རོང་བ་བླ་མ་ཞེས་ཞུ་བས་དཔེ་ཁྲིད་ཀྱི་ཞར་དང་ཞོར་དུ། གུས་པ་རྒྱ་གར་དུ་སོང་བའི་དོན་འབྲས་ལ་ཐུགས་སྣང་ཆེན་པོས་དྲི་བ་མཛད་ཅིང་། ཁྱད་པར་དུ་བླ་མ་དགེ་བའི་བཤེས་གཉེན་ཚད་ལྡན་སུ་དང་སུ་ལ་མཇལ་སྐོར་ནན་འདྲི་གནང་། ངས་ཀྱང་རང་དང་འབྲེལ་བ་ཡོད་པའི་བླ་མ་དགེ་བཤེས་ཚོ་རེ་རེ་བཞིན་སྙན་ལ་ཞུས། ཁོང་གིས་གློ་བུར་དུ་ཨ་ཁ་ཁ། ཁྱོད་ཀྱིས་ཅུང་འགྲིགས་མི་འདུག བྱ་བྲལ་སངས་རྒྱས་རྡོ་རྗེ་ཚང་ལ་གཏུག་དགོས་པ་རེད། བླ་མ་དེ་མཁན་པོ་ངག་ཆུང་གི་སློབ་མ། ཀུན་མཁྱེན་འཇིགས་མེད་གླིང་བ་ཆེན་པོ་ལས་བརྒྱུད་པའི་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམ་པ། རྒྱུད་པ་གསེར་ནག་གི་ཐག་པ་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ་ཞིག་ཡོད་པ་རེད། དིང་སང་སྒྲུབ་པའི་བསྟན་པ་འཛིན་མཁན་ལ་ཁོང་ལས་ལྷག་པ་ཞིག་ཨེ་ཡོད་མི་ཤེས། ཞེས་གསུངས།
ངས་ཁོང་གི་གསུང་དེ་ཐོས་མ་ཐག་མཚན་དེ་གློག་འཁྱུག་པ་ལྟར་ངའི་རྣ་ལམ་བརྒྱུད། ང་སོང་ཟིན་པའི་རྒྱ་བལ་གྱི་ས་ཁུལ་དག་ཏུ་ཤ་ར་ར་སྐྱོད་བཞིན་པའི་སྣང་བ་ཤར་ཞིང་། དཀའ་ཐུབ་ཀྱི་གཉེར་མས་བརྒྱན་པའི་ཁྲོ་ཉམས་ཅན་གྱི་ཞལ་རས་དང་། དབུ་སྐྲ་དང་རྨ་ར། ཨག་ཚོམ་ཧྲེ་བོར་གྱུར་ཅིང་། ན་བཟའ་ངན་ངོན་བཞེས་པའི་སྐམ་རུད་ཀྱི་སྐུ་ལུས་སྨུག་པོ་རི་མཐོ་ལུང་ཟབ་ཀྱི་ཧི་མ་ལ་ཡའི་རྫ་ཕུག གངས་ཕུག ནགས་ཁྲོད་སོགས། གནས་ངེས་མེད་དུ་འགྲིམས་ནས་སྒྲུབ་པའི་རྒྱལ་མཚན་འཛུགས་བཞིན་པའི་ཁེར་རྐྱང་གི་བུ་རྒོད་ཅིག་གི་ངང་ཚུལ་དང་། རྣོ་ཞིང་མཁྲེགས་ལ་བརྟན་ཅིང་བརླིང་བའི་རྒྱུ་མཚན་དང་གནས་ལུགས་ཀྱིས་ཕྱུག་པའི་ཁོང་གི་གསུང་རྩོམ་རེ་རེ་ངའི་སེམས་ནང་ན་ལྗིད་ཏིག་གེར་གསལ་ཡོང་།
དེ་ལྟ་ནའང་ང་དོན་དངོས་ཐོག་ཅིའི་ཕྱིར་བླ་མ་དེར་གཏུགས་མ་ཐུབ་པ་ཡིན་ནམ། སྐྱེ་བ་སྔོན་མའི་ལས་ཀྱི་འབྲེལ་བ་མེད་སོང་བ་ཡིན་ནམ། རང་ཉིད་སྒྱུད་ལུག་དང་ལེ་ལོ་འཁོས་ཀ་གཞན་དབང་ཅན་དུ་གྱུར་སོང་བས་ཡིན་ནམ། ཡང་ན། ང་ལའང་གཞན་པས་ཁ་ཟེར་ལས་བྱུང་བའི་བག་ཆགས་ཤིག་གིས་ཟིན་ཡོད་པ་ཡིན་ནམ། དེ་ནས་རིང་བོར་མ་ཐོགས་པར་ང་སླར་ཡང་བལ་ཡུལ་དུ་སླེབས། བལ་ཡུལ་དུ་ངའི་ངོ་ཤེས་གྲོགས་པོ་ཨ་མདོ་རྔ་བའི་ཚོང་དགེ་ཞིག་ཡོད། ཉི་མ་ཞིག་ལ་ང་ཁོང་གི་བཞུགས་གནས་སུ་ཕྱིན་པ་ཡིན། གྲྭ་བ་དེ་ཁང་བ་ཐོག་རྩེག་གཉིས་ཅན་ཞིག་གི་འོག་དུ་བསྡད་འདུག ང་ལ་ཁོང་གིས་ཟས་མགྲོན་བཏང་སྟེ་སྣེ་ལེན་ཧ་ཅང་གི་ཡག་པོ་ཞིག་གནང་། གྲོགས་པོ་དེས་དེ་རིང་བྱ་བྲལ་ཚང་འདིར་ཕེབས་ནས་ཐོག་ཁང་དུ་བཞུགས་བསྡད་འདུག་ཟེར། སྐབས་དེར་ངའི་མི་ཚེའི་ཐོག་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་པས། བླ་མ་ཁོང་མཇལ་འདོད་ཀྱི་འདུན་པ་དེའང་ཤུགས་ཆུང་དུ་ཕྱིན། ངའི་ཁོང་ལ་མཇལ་རྒྱུ་དེ་ནི། དཀྱུས་མའི་མཇལ་ཁ་ཞུ་བ་ཙམ་མ་ཡིན་པར། སྒྲུབ་པ་ཉམས་ལེན་གྱི་མི་ཚེ་སྐྱེལ་རྒྱུའི་གནད་དོན་ཞིག་གི་ཐོག་ཡོད། ཡིན་ནའང་དོན་དག་དེ་ནི་དུས་ཡུན་ཐུང་ངུ་དང་། གློ་བུར་མཇལ་ཁ་ཙམ་གྱིས་ཡོང་ཐུབ་པ་ཞིག་མ་རེད།
ད་ཆ་གནས་ཚུལ་དེར་བསམ་བློ་གཏོང་སྐབས། གོ་སྐབས་དེ་དམ་འཛིན་བྱེད་མ་ཐུབ་པ་ནི། རང་ཉིད་ལ་མི་ཚེའི་འདུན་མ་ཐག་གཅོད་ཀྱི་སྙིང་སྟོབས་བརྟན་པོ་མེད་པའི་ངན་གཤིས་ཤིག་ཏུ་ཚོར་གྱིན་ཡོད། ང་རང་ལོ་ན་ཆུང་ངུའི་དུས་ནས་བླ་མ་ཚད་ལྡན་ཞིག་བསྟེན་ཏེ། དབེན་པའི་རི་ཁྲོད་འགྲིམས་ནས་དམ་ཆོས་གཤའ་མ་ཞིག་བྱེད་དགོས་སྙམ་པའི་སྨོན་སེམས་ཤིག་ནི་དུས་རྒྱུན་དུ་ཡོད་ཡོད་པ་ཡིན། འོན་ཀྱང་འདོད་ཡོན་རྣམ་ལྔའི་ཀྱག་ཀྱོག་གི་ལམ་ཁ་ཆེ་ཆུང་སྣ་ཚོགས་བརྒྱུད་མཐར། ཨ་རི་ཞེས་སྙན་གྲགས་ཅན་གྱི་རྒྱལ་ཁབ་དེར་སླེབས། ཕྱི་ནང་གི་ཤེས་བྱ་མང་བོ་ཞིག་མཐོང་ཐོས་བྱུང་ཞིང་། ངས་རང་ཉིད་ཀྱི་མི་ཚེའི་བརྒྱུད་ལམ་དག་ལ་ཕྱི་མིག་རེ་འཕེན་སྐབས། ཐོག་མའི་ཀུན་སློང་ལེགས་པོ་ཞིག་ཡོད་ནའང་། བར་གྱི་ཀུན་སྤྱོད་ཕལ་ཆེར་རྐྱེན་སྣ་ཚོགས་ཀྱིས་བསྒྱུར་ཏེ། ལམ་ཁ་གཞན་དང་གཞན་དུ་སྐྱོད་བཞིན་པ་གསལ་བོར་ཧ་གོ ཉིས་སྟོང་བཅུ་ཡས་མས་ཤིག་ནས་སེམས་ཐག་གཙང་བཅད་ཀྱིས། བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ལ་གཏུགས་ཏེ་སྒྲུབ་པ་ཉམས་ལེན་ཐུབ་ཚོད་ཅིག་བྱེད་དགོས་བསམས་ནས། ཁོང་གི་ཉེ་གནས་བརྒྱུད་འབྲེལ་ལམ་ཐེངས་ཤས་བྱེད་ཐུབ་པ་བྱུང་བ་མ་ཟད། བྱམས་དང་བརྩེ་བའི་བཀའ་སློབ་དང་། དད་རྫས་རེའང་སྤྱི་བོའི་མཛེས་རྒྱན་དུ་འབྱོར།
འོན་ཏེ་སྟབས་མ་ལེགས་པ་ཞིག་ནི། ངའི་ནང་མིར་གློ་བུར་ཐོག་བབ་ཀྱི་གོད་ཆག་ཆེན་པོ་ཞིག་བྱུང་སྟེ། དམིགས་ཡུལ་ཐོག་བསྐྱོད་རྒྱུར་དཀའ་ངལ་བསྐྱར་མ་ཞིག་དང་འཕྲད་བཞིན་པའི་མུ་ནས་བླ་མ་ཁོང་སྐུ་གཤེགས་པ་རེད། ང་ལ་མཚོན་ན། བླ་མ་ཁོང་ལ་དངོས་སུ་གཏུག་མ་ཐུབ་པ་ནི། རང་གི་མི་ཚེའི་ནང་གི་ཕམ་ཁ་ཆེ་ཤོས་དེར་ཆགས་ཡོད། འོན་ཏེ་ངས་བླ་མ་ཁོང་ལ་འཛིན་པའི་དད་འདུན་ནི་སྔར་ཡང་འགྱུར་མ་མྱོང་ལ། ཕྱིས་ཀྱང་འགྱུར་མི་སྲིད། སྤྱིར་བླ་མའི་བྱིན་རླབས་ཞེས་པ་ཕྱོགས་མེད་དུ་ཤར་ཡོད་པའི་ཉི་མ་འོད་ཆེན་ཞིག་ཡིན་ན། མི་རང་རང་གི་དད་འདུན་ཆེ་ཆུང་ནི། བྱིན་རླབས་ཀྱི་ཉི་འོད་འཛིན་པའི་གློག་རྡོ་ཞིག་གམ། བྱིན་རླབས་ཀྱི་ཉི་འོད་རང་ཁྱིམ་དུ་འདྲེན་པའི་སྒེ་ཁུང་ཞིག་དང་གཉིས་སུ་མེད་པས། ངས་ནི་ཉིན་རེའི་རྒྱུན་འདེབས་ཆོས་སྤྱོད་ཀྱི་ནང་དུ་བླ་མ་ཁོང་ཡང་གདན་འདྲེན་གསོལ་འདེབས་ཀྱིས། དབང་གི་བྱིན་རླབས་དང་མཆོག་ཐུན་དངོས་གྲུབ་ཞུ་བཞིན་པ་ཡིན། སྐབས་རེར་ངའི་རྨི་ལམ་གྱི་ངོགས་སུ་བླ་མ་ཁོང་དང་མཇལ་རྒྱུ་བྱུང་བ་ནི། རང་གི་དད་འདུན་ལ་བླ་མའི་ཐུགས་རྗེ་གཡོས་པ་ཞིག་ཡིན་པར་ཐེ་ཚོམ་མེད། བླ་མ་འདིར་བོད་ཀྱི་ཆོས་པ་གཞན་ལ་མཐོང་དཀོན་པའི་ཁྱད་ཆོས་མང་བོ་ཞིག་ཡོད་པ་ལས། རོབ་ཙམ་ཞིག་དད་ལྡན་དག་གི་གསོས་སུ་གླེང་ཁུལ་ཞུས་ན།
གཅིག རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་ཡོངས་སུ་གྲགས་པའི་ཟབ་ཆོས་དེའི་སྔོན་དུ་འགྲོ་བའི་ཆོས་ལ། སྐྱབས་འགྲོ་འབུམ། སེམས་བསྐྱེད་འབུམ། ཕྱག་འབུམ། མནྡྲལ་འབུམ། བླ་མའི་རྣལ་འབྱོར་འབུམ་བཅས་འབུམ་ལྔ་ཁ་སྐོང་དང་བཅས་པ་འགྲོ་དགོས་པར་གསུངས་ཅིང་། སྔོན་འགྲོ་ཚར་གཅིག་གཏོང་བ་ལ་མ་མཐའ་ཡང་ལོ་གཅིག་དང་ཕྱེད་ཀ་འགོར་བཞིན་ཡོད་པར་གྲགས། བླ་མ་འདིས་དེ་ལྟ་བུའི་སྔོན་འགྲོའི་ཆ་ལག་ཡོངས་སུ་རྫོགས་པ་ཚར་བཅུ་བཞི་བཏང་བར་བཤད་ཅིང་། སྔོན་འགྲོ་དེ་འདྲ་མང་བོ་གཏོང་མཁན་ཞིག་སྔགས་རྙིང་མའི་ལོ་རྒྱུས་ཀྱི་སྟེང་ཕལ་ཆེར་བྱུང་མྱོང་མེད་པར་བཤད། གལ་ཏེ་དེ་བདེན་པའི་དབང་དུ་བྱས་ན། བླ་མ་འདིས་ཆོས་པ་ཞིག་གི་མི་ཚེའི་ནང་ཆོས་རྣམ་དག་ཅིག་བསྒྲུབ་ཐུབ་མིན་དང་། ཆོས་སྤྱོད་ཀྱི་བྱ་བ་རྣམས་ཆོས་དང་མཐུན་པར་ལེགས་ལམ་དུ་འགྲོ་མིན་ནི། སྔོན་འགྲོའི་བློ་སྦྱོང་གི་གཞི་རྐང་བརྟན་པོ་ཞིག་ཡོད་མེད་ལ་རགས་ལས་ཡོད་པ་རྩལ་འདོན་གནང་འདུག
རྣམ་ཐར་དེ་ལས་ང་ཚོས་བསླབ་བྱ་ལེན་དགོས་པ་ཞིག་ནི། སྔོན་འགྲོའི་ཚོགས་གསོག་སྒྲིབ་སྦྱོང་གནད་དུ་སྨིན་པ་ཞིག་མ་བྱས་ན། ཕྱག་རྫོགས་དབུ་མ་སོགས་ལྟ་དགོངས་མཐོ་བརླིང་གང་ཞིག་ཉམས་སུ་བླངས་ཀྱང་། སྒྲིབ་པས་གོལ་སར་ལྷུང་སྟེ། གནས་ལུགས་རྟོགས་པའི་ཤེས་རབ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཕུང་ཁམས་སྐྱེ་མཆེད་སོགས་གནས་དག་པའི་དག་ཆ་ནས་འཆར་ཡོང་བའི་རང་གནས་ཀྱི་ཡོན་ཏན་རྣམས་མཐོང་མི་ཐུབ་པ་དང་། ངེས་འབྱུང་ཤུགས་དྲག་གིས་དྲངས་ཡོང་བའི་ཚེ་འདི་བློས་གཏོང་གིས་དམ་ཆོས་གཤའ་མ་ཞིག་ཉམས་སུ་ལེན་པའི་སྙིང་སྟོབས་དང་སྤོབས་པ་སྐྱེ་མི་ཐུབ་པ་དེ་རེད། དེའང་ཡིན་དགོས་ཏེ་རང་ཅག་རྣམས་ནི་མ་རིག་པ་ཞེས་པའི་བག་ཆགས་སྟུག་པོ་ཞིག་གི་ཀློང་ན། སྣང་ཚུལ་དང་གནས་ཚུལ་གཉིས་རྦད་དེ་རྒྱབ་འགལ་དུ་ཕྱིན་པའི་སྣང་བ་བན་བུན་འདིའི་ངོགས་ནས་སྐྱེ་འཆིའི་འཁོར་ལོ་སྲང་མདའི་མཐོ་དམན་ལྟར་བར་མེད་དུ་བསྐོར་ཏེ། མུ་མཐའ་མེད་པའི་དཀའ་སྡུག་ཅིག་མྱོང་དགོས་པའི་འགག་རྩ་ཕར་དེད་ན། ལྷན་སྐྱེས་དང་། ཀུན་བཏགས་ཀྱི་མ་རིག་པ་དང་དེའི་བག་ཆགས་ཀྱིས་རང་གནས་ཀྱི་ཡེ་ཤེས་བསྒྲིབས་ནས་མགོ་འཁོར་ཡོད་པ་འདི་ལ་ཐུག་ཡོད་པ་སྟེ། རྗེ་བཙུན་ཙོང་ཁ་པ་ཆེན་པོས། འཇིག་རྟེན་རྒུད་པ་ཇི་སྙེད་པ།། དེ་ཡི་རྩ་བ་མ་རིག་པ།། གང་ཞིག་མཐོང་བས་དེ་ལྡོག་པ།། རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས།། ཞེས་གསུངས།
གཉིས། བླ་མ་ཁོང་གིས་མི་ལོ་ཉི་ཤུ་ལྷག་གི་རིང་བླ་མ་མཚན་ཉིད་དང་ལྡན་པ་ཚུལ་བཞིན་བསྟེན་ནས། ལྟ་སྒོམ་སྤྱོད་པའི་ཐད་རང་སྐྱ་འཕེལ་བའི་མཁྱེན་ཡོན་རྫོགས་སྐབས། རྡོ་རྗེའི་སློབ་དཔོན་གྱིས“བྱ་བྲལ”ཞེས་པའི་མཚན་གྱི་ཅོ་པན་གནང་སྟེ། མི་ཚེ་བློས་གཏོང་གིས་སྒྲུབ་པ་སྙིང་བོར་འཛིན་དགོས་པའི་བཀའ་བསྩལ་པ་ལྟར། ཁོང་གིས་ཀྱང་བཀའ་བཞིན་སྒྲུབ་པའི་མཆོད་པ་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གཟིགས་ཏེ། ཡུལ་ངེས་མེད། གནས་ངེས་མེད། རྫ་ཕུག ནགས་ཁྲོད། གངས་ཁྲོད། གཉན་ཁྲོད་སོགས་དཔའ་བོ་ཁེར་འགྲོས་ཀྱིས་བཅད་དེ་ལྟོ་སྐྱ་གོས་ཧྲལ་གྱི་འཚོ་བ་ངན་ངོན་ཞིག་ལ་བརྟེན་ནས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཡོད། མཛད་པ་དེ་ལས་ང་ཚོས་བསླབ་བྱ་ལེན་དགོས་པ་ཞིག་ནི། རྫོགས་ཆེན་དཔལ་སྤྲུལ་གྱིས། འོན་ཀྱང་བརྟན་པ་མ་ཐོབ་པར།། འདུ་འཛི་སྤངས་ནས་སྒོམ་པ་གཅེས།། ཞེས་གསུངས་པ་ལྟར། གསང་ཆེན་སྔགས་ཀྱི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ཁོང་གིས་ཀྱང་། ཐུན་མོང་སྣང་ངོར་དབེན་པའི་གནས་སུ་སྒྲུབ་པ་ཉམས་ལེན་ལ་ཨུ་ཚུགས་མཐའ་བསྐྱེལ་བརྒྱབ་དགོས་པའི་ངང་ཚུལ་དེ་ལྟར་ལགས་ན། ང་ཚོས་ཀྱང་བླ་མ་ཁོང་གི་རྣམ་ཐར་དེ་ལྟ་བུ་ཞིག་བསྐྱང་མ་ཐུབ་ཀྱང་། ཆོས་ཅི་ཞིག་ཤེས་པ་རང་རྒྱུད་དང་འདྲིས་ཐབས་ལ་འབད་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད་སྙམ།
གསུམ། དངོས་གནས་ཆོས་པ་རྣམ་དག་ཅིག་མིན་ན། འཇིག་རྟེན་ཆོས་བརྒྱད་ཅེས་པ་འདི་སྤོང་ཐུབ་རྒྱུ་སྲིད་མཐའ་ཙམ་རེད། ཆོས་པ་ཕལ་ཆེར་ཞིག་ཡང་མིན་ན་ཆོས། ཡང་མིན་ན་སྲིད་ཀྱི་ཁ་དབང་། ཡང་མིན་ན་སྟོབས་འབྱོར། ཡང་མིན་ན་རིགས་རུས། ཡང་མིན་ན་མཚན་སྙན་གྲགས་སོགས། འདོད་ཁམས་ཀྱི་འདོད་ཡོན་ངར་ཤུགས་ཆེན་པོ་དང་། ཚོར་བ་རྐྱེན་པོ་དག་དང་འཕྲད་སྐབས། རང་ཚུགས་ཤོར་ཡོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། བླ་མ་འདིས་ནོར་གྱི་ཆེད་དུ་ཆོས་བཙོང་མ་མྱོང་ལ། མཚན་སྙན་གྲགས་ཀྱི་དོན་དུ་མཐོ་བཞི་གྲགས་བརྒྱད་ཚོའི་ཁ་ངོའང་སྲུང་མ་མྱོང་། ཆོས་སྲིད་ཉ་ཉུང་བསྲེས་ཏེ་ཐུབ་པའི་རྣམ་ཐར་གཙང་མའི་རྗེས་སུ་རང་འདོད་ཀྱི་གོམ་པའང་བརྒྱབ་མ་མྱོང་། མདོར་ན། ཆོས་ཀུན་ལ་མཉམ་ཉིད་ཀྱི་ལྟ་སྟངས་ཤིག་ཁོང་གི་ཐུགས་རྒྱུད་ན་བཞུགས་པ་ནི། ཆོས་དང་འཇིག་རྟེན་གྱི་སྣང་ཞེན་གཉིས་ཆ་ནང་ནས་ཞིག་ཡོད་པའི་རྟགས་མཚན་གསལ་བོ་ཞིག་རེད་སྙམ།
བཞི། བོད་ཀྱི་ཆོས་པའི་ཁྲོད་ཤ་མི་བཞེས་མཁན་ཞིག་ཕལ་ཆེར་ཉུང་ཉུང་རེད་ལ། མི་ཚེ་ཕལ་ཆེར་དཀར་སྐྱོང་གིས་མཐའ་སྐྱེལ་གནང་མཁན་ནི་དེ་བས་ཀྱང་དཀོན་པོ་རེད། ཆེས་ངོ་མཚར་བ་ཞིག་ལ། གསང་བ་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་ཞིག་གིས། སྐུ་ཚེ་ཧྲིལ་བོར་ཤ་ཁྲག་དང་། བྱ་སྒོང་འདྲེས་པའི་བག་ལེབ་ལྟ་བུའང་མི་བཞེས་པར་དམར་ཟས་རིགས་རྩ་སྤོང་མཛད་ཡོད་པར་གྲགས་ཤིང་། དད་རྫས་ཀྱང་ཕལ་ཆེར་ཚེ་ཐར་དང་སྲོག་བླུའི་དོན་དུ་བཏང་སྟེ། སེམས་ཅན་ས་ཡ་མང་བོར་ཚེ་སྲོག་གི་སྐྱབས་སྦྱིན་གནང་ཡོད་འདུག
དོན་དག་འདི་ལྟ་བུ་ནི། ཁ་རྒྱུན་ཞིག་ཏུ”ལྟ་དགོངས་ནམ་མཁའ་དང་མཉམ་ཡང་། ལས་རྒྱུ་འབྲས་གྲོ་བྱེ་ལས་ཀྱང་ཞིབ”ཅེས་ཤོད་སྲོལ་ཡོད་པ་ལྟར། བླ་མ་ཁོང་ནི་ནང་བའི་ཆོས་ཀྱི་རྨང་གཞི་བདེན་བཞིའི་རྒྱུ་འབྲས་ཀྱི་འཇུག་ལྡོག་ལ་གོ་བ་གཏིང་ཟབ་ཅིང་། ལག་ལེན་དོན་ཐོག་ཏུ་འདེབས་མཁན་གྱི་བླ་མ་ལས་འབྲས་པ་ཞིག་ཡིན་པ་གསལ་བོ་རེད། སྤྱིར་ལྟ་སྤྱོད་གཉིས་གཅིག་གི་འོག་ཏུ་གཅིག་ཤོར་མི་རུང་བར། ལྟ་སྤྱོད་གཤོག་ཡངས་ཁ་སྤྲོད་ཀྱི་ཚུལ་དུ་འཁྱེར་ཤེས་པ་ནི། རྟོགས་ལྡན་དག་གིས་ཆོས་དང་འཇིག་རྟེན་ལ་རོལ་མྱོང་བྱེད་ཐབས་ཀྱི་ལམ་ཡོད་ན་མེད་ན་ཞིག་ཡིན་པ་འདྲའང་། ཕྱི་ཚུལ་ལ་བླ་མ་འདི་པ་ལྟ་སྤྱོད་གཉིས་ལས་སྤྱོད་ཕྱོགས་ལ་དགོངས་པ་གཙིགས་ཆེར་བཞེས་མཁན་ཞིག་ཨེ་ཡིན་ནམ་སྙམ། མཛད་པ་དེ་ལས་ང་ཚོས་ལེན་དགོས་པའི་བསླབ་བྱ་ནི། རང་ལ་ཚོར་བ་བདེ་སྡུག་ཡོད་པ་བཞིན་དུ་སེམས་ཅན་གཞན་ལའང་གཅིག་མཚུངས་ཡིན་པས། རང་གི་བདེ་སྐྱིད་ཀྱི་ཆེད་དུ། སེམས་ཅན་གཞན་བག་མེད་དུ་བཀོལ་སྤྱོད་བྱེད་མི་རུང་བར། ཚེ་སྲོག་ཀུན་ལ་གཅིག་མཚུངས་གཅེས་འཛིན་གྱི་བྱམས་སེམས་རང་རྒྱུད་ལ་འཁོར་དགོས་པ་དང་། ལྟ་དགོངས་མཐོན་པོ་ག་འདྲ་ཞིག་བརྙེས་ཡོད་དུ་ཆུག་ཀྱང་། སྤྱོད་པ་བདག་ཡག་པོ་ཞིག་བརྒྱབ་མ་ཐུབ་ན། ལྟ་སྤྱོད་ཁ་རལ་དུ་སོང་སྟེ་གཞན་རྒྱུད་ལ་མི་དགེ་བའི་ས་བོན་བསྐྲུན་ནས་ངན་སོང་ངན་འགྲོ་མུ་མཐའ་མེད་པའི་གནས་སུ་ལྟུང་སྲིད་པས། སྤྱོད་པ་ལ་ཤིན་ཏུ་གཟོབ་དགོས་ཚུལ་བསྟན་ཡོད།
ལྔ། དིང་སང་གི་ཆོས་གསུང་མཁན་བླ་གྲྭ་རྣམ་པའི་ཁྲོད་དུ། རང་ཉིད་ཀྱིས་བླ་ན་མེད་པའི་ལྟ་དགོངས་ཅི་ཞིག་རྟོགས་ཡོད་པ་དང་། དེའང་ཅི་ཞིག་ཐོབ་འདོད་ཀྱི་ཆེད། ཕ་རོལ་བོའི་བསམ་བློའི་གནས་ཚོད་དང་། རྒྱབ་ལྗོངས་སོགས་ལ་ཅི་མི་སྙམ་པར་ཁོག་ན་ཡོད་ཚད་ཁ་ནས་ལུད་འཇོག་མཁན་དེ་འདྲ་མང་བོ་ཡོད། གོ་ཚོད་ཅིག་ལ་བླ་མ་འདི་བས་སྤྱིར་ཆོས་མང་བོ་ཞིག་མི་གསུང་བ་དང་། གལ་ཏེ་གསུངས་ནའང་ཕ་རོལ་གྱི་རྒྱུད་ཚོད་དང་འཚམས་པའི་ཆོས་ཤིག་ཐད་ཀར་གསུང་བ་ལས། གནད་ལ་མ་ཕོག་པའི་མཐོ་བཤད་དམའ་བཤད་གཏན་ནས་གནང་གི་མེད་པ་འདྲ། ངས་རྩིས་འཁོར་བརྒྱུད་ཁོང་གི་བཀའ་ཆོས་འགའ་རེར་ཉན་ཐུབ་པའི་གོ་སྐབས་བྱུང་། མཐོང་བ་ཙམ་གྱིས་དད་པ་འདྲེན་འོང་བའི་ཁོང་གི་ཞལ་ལས། གཏིང་ཟབ་ཅིང་གདངས་རགས་པའི་བཀའ་ཆོས་དག་ལ། ཚིག་སྔ་ཕྱི་འབྲེལ་མ་ཆགས་པ་དང་། བརྗོད་བྱ་ཟློས་སྐྱོན་ཅན། ལུང་རིགས་ཀྱི་སྤྲོས་བཤད་མང་བོ་མེད་པ། ཚིག་ཉུང་དོན་འདུས་པ། གང་གསུང་བཅོས་སྒྱུར་མ་དགོས་པར་ཡིག་ཐོག་ཏུ་འགོད་ཆོག་པ་ཞིག་འདུག
ལྷག་པར་ཕྲན་ལ་མཚོན་ན། ཁོང་གིས་གསུང་བཞིན་པའི་བཀའ་ཆོས་ཕལ་ཆེར་དོན་གོ་མི་ཐུབ་པའམ། ཡང་ན། སྔར་ཐོས་མ་མྱོང་བ་ལྟ་བུ་ཕལ་ཆེར་མེད་ནའང་། གསུང་ཚིག་རེ་རེ་སེམས་ནང་ཟུག་སྟེ། ཤེས་ཟིན་པའམ་བསྒྲུབས་ཟིན་པའི་དོན་དག་ཅིག་ཡིན་ནའང་། གནད་དོན་དེར་ཉིན་ཞག་མང་བོའི་རིང་བསམ་གཞིག་གཏོང་དགོས་པར་ཆགས་འགྲོ། དེ་ནི་གཞུང་ལུགས་དག་ཏུ་བདེན་ཚིག་གྲུབ་པའི་རྣལ་འབྱོར་བས། གང་སྨྲས་གཞན་ལ་ཕན་ཐོགས་པར་གསུངས་པ་དང་གནད་གཅིག་པ་སྟེ། གཞན་དུ་ན་ཚིག་ལ་མཁས་ཀྱང་དོན་གྱི་ཉམས་ལེན་རང་རྒྱུད་དུ་མེད་མཁན་ཞིག་གིས་ཆོས་བཤད་ཀྱང་། སེམས་ལ་ཕན་དེ་ཙམ་ཞིག་མི་ཐོགས། ལུང་རིགས་ཀྱི་སྤྲོས་པ་རྒྱ་ཆེར་སྤྲོ་མ་ནུས་ཀྱང་། གང་ཤེས་པ་དེ་རང་རྒྱུད་དང་འདྲིས་ཡོད་མཁན་ཞིག་གི་ཉེ་སར་བཅར་བ་དང་། ཆོས་ཀྱི་བཤད་པ་གནང་ཚེ། གང་སྨྲས་སེམས་ལ་ཕན་ཞིང་ཡིད་གཡོ་ནུས་པའི་ཁྱད་ཆོས་ལྡན་པ་ཡིན།
དྲུག བླ་མ་ཁོང་ཆོས་དང་འཇིག་རྟེན་གཉིས་ལས་ཆོས་ཁོ་ནར་གཙིགས་ཆེར་གཟིགས་མཁན་ཞིག་ཡིན་པའི་ཆ་ནས། འཇིག་རྟེན་གྱི་ཁ་དབང་འཐེན་འཁྱེར་དང་། མཚན་སྙན་གྲགས་དོན་དུ་གཉེན་མཁན་ཞིག་མིན་པ་ཤིན་ཏུ་གསལ་མོད། སྐབས་ལ་ལར། ཆོས་ལུགས་དང་ཆོས་བརྒྱུད་འཐེན་འཁྱེར་གྱི་བར། གཟུར་གནས་མཁས་ཆེན་གྱི་ངོ་བོར་བཞེངས་ནས། ལུང་རིགས་རྡོ་རྗེའི་མེ་ཆར་ཕབ་མྱོང་བ་དང་། དེའང་བྱམས་སྙིང་རྗེས་གཞན་དབང་དུ་གྱུར་ཏེ། འདི་ཕྱིའི་དགེ་རྩ་མི་གཅོད་པའི་ཐབས་ཤེས་རབ་དང་རིམ་པར་ཕྱག་བསྟར་གནང་བ་སོགས་ནི། དགག་དགོས་ཀྱི་རྒྱུ་མཚན་ཛ་དྲག་ལ་བརྟེན་ནས་དེ་ལྟར་མ་གནངས་ཐུ་མེད་བྱུང་བ་ཞིག་ལས། ཁོང་གི་ནང་ཐུགས་རྒྱུད་ཀྱི་ངོས་ན་གཞན་གནོད་གཞི་དང་བཅས་པའི་གྲིབ་མ་ཙམ་ཡང་ཡོད་མི་སྲིད་པ་ནི། རྫོགས་པ་ཆེན་པོའི་ལྟ་བའི་གནས་ལུགས་ཀྱིས་ཐག་བཅད་ཟིན་པ་ཞིག་རེད།
མདོར་ན། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས།། བར་དུ་མཁས་པའི་ཚོགས་སུ་ལེགས་པར་བཤད།། ཐ་མ་འདྲིས་པའི་ཚོགས་ལ་བརྩོན་པས་བསྒོམས།། དུས་གསུམ་རྒྱལ་བ་ཀུན་ཀྱི་བཞེད་གཞུང་ཡིན།། ཞེས་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས།། དང་བོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམ་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཞེས་ཆོས་པ་ཡང་རབ་ཅིག་གི་སྐུ་ཚེ་གང་གི་ཆོས་སྤྱོད་ཀྱི་བྱ་བ་མཚོན་པའི་རྣམ་ཐར་དེ་ལྟ་བུ་བླ་མ་འདི་ལ་མི་ཚང་ན་སུ་ལ་ཚང་སྙམ་དུ་བདག་ནི་སོར་བཅུ་སྙིང་ཁར་སྦྱར་ནས་དད་གུས་དང་བཅས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་རོ།།
དེ་ལྟར་བླ་མ་ཁོང་གིས་རིན་ཐང་གཞལ་དུ་མེད་པའི་མཛད་འཕྲིན་སྣ་ཚོགས་སྟོན་བཞིན། བཀའ་གདམ་གོང་མའི་གཏད་པ་བཞི་ལྡན་གྱི་རྣམ་ཐར་ཏེ། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏད་ཅེས་པའི་ངོ་མཚར་བའི་ལོ་རྒྱུས་དེ་ཚོ། ལོ་རྒྱུས་ཙམ་དུ་མ་བཞག་པར་སྐུ་དངོས་ཀྱིས་ལག་ལེན་ཉམས་བཞེས་གནང་སྟེ། ཤམ་བྷ་ལའི་ཞིང་ཁམས་དང་། སྟེང་ཕྱོགས་ལྷའི་འཇིག་རྟེན་དང་ཐག་ཉེ་བར་བཅར་བ། ལྷ་དང་དྲང་སྲོང་རིག་པ་འཛིན་པའི་བྱིན་རླབས་དང་ཐུགས་རྗེའི་སྣང་བ་སྤྲིན་ཕུང་ལྟར་འཁྲིགས་པའི་ཧི་མ་ལ་ཡའི་རི་ཀླུང་ཕལ་ཆེར། ཁྱུང་ཆེན་ལྡང་སྟབས་ཀྱི་ཐོས་པས་གོ་རྒྱ་བཅད། སྟག་མོ་ཉུལ་སྟབས་ཀྱི་བསམ་པས་དཔྱད་པ་རྫོགས། སེངྒེ་འགྱིང་སྟབས་ཀྱི་སྒོམ་པས་བཙན་ས་བཟུང་སྟེ། བཤད་དང་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་ལོ་རྒྱུས་འདི་དག་ནི། ཕ་མ་གཉོམ་ཆུང་ལས་བྱུང་བའི་བུ་རྒོད་པོ་ཞིག་གིས། རང་ཉིད་ཀྱི་ཕ་མ་དང་དགེ་བའི་བཤེས་གཉེན་གྱི་ཐུགས་འདུན་བསྒྲུབས་པའི་མཆོད་སྤྲིན་གྱི་གར་ཕྲེང་རིང་མོ་ཞིག་དང་། སྔགས་རྙིང་མའི་རྣལ་འབྱོར་བ་སྟོབས་ལྡན་ཞིག་གིས། སྲིད་ཞིའི་གཡུལ་ངོ་བཟློག་པའི་དཔའ་བོའི་ངར་འདུག་ཅིག་ཡིན་ལ། བོད་མི་དཀྱུས་མ་ཞིག་གིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་སྲུང་སྐྱོབ་མཛད་པའི་ལོ་རྒྱུས་ཀྱི་རྡོ་རིང་གཞན་པ་ཞིག་ཀྱང་ཡིན། ༢༠༡༦ལོའི་ཟླ་༡ཚེས་༢༠ཉིན་རང་ཁྱིམ་དུ་སྤེལ། དགེའོ།།
རྔ་བ་རྒྱལ་ཁམས་པས་ཡག་པོ་བྲིེས་འདུག ཡིན་ཀྱང་བྱ་བྲལ་རིན་པོ་ཆེ་དགོངས་པ་རྫོགས་རྗེས་སུ་རྟགས་མཚན་གང་འདྲ་བསྟན་ཡོད་མེད་གསལ་ཁ་གང་ཡང་མི་འདུག
བླ་མས་རྟགས་མ་འདོད་ཀྱང་རྟགས་གྱིས་བླ་མ་འདོད་ཟེར་བའི་དཔེ་བཞིན་དངོས་གནས་རྣལ་འབྱོར་བ་ཞིག་ཡིན་ན་རྟགས་མཚན་མ་འདྲ་བ་ཞིག་ངེས་པར་དུ་དགོས་པ་རེད། དེ་མིན་ཁ་ཅིག་གིས་ཚུལ་ཆོས་ཁོ་ནས་མི་ཚེ་སྐྱལ་མཁན་ཡང་ཡོད་པ་རེད། ཉེ་ཆར་དགེ་ལུགས་པའི་བླ་ཆེན་༧ གོང་ས་མཆོག་གི་འཕྲོ་ནས་རྩིས་བཞིན་པ་ཞིག་རྟགས་མཚན་དང་ཐུགས་དམ་སོགས་གང་ཡང་མེད་པར་གྲོངས་འདུག་པས་སོ། དེ་ནི་ཕྱི་གསལ་ནང་གསལ་བྱས་ན་དོན་དངོས་ཐོགས་ཉམས་ལེན་མེད་པ་གསལ་པོ་རེད་འདུག རྒྱུ་མཚན་དེའི་ཕྱིར་གལ་ཏེ་རྟགས་མཚན་ཐུན་མོངས་མ་ཡིན་པ་རེ་ཡོད་ན་གསུང་རོགས་ཞུ། །
་་་་་་་་ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་ཡོངས་སུ་གྲགས་པའི་ཟབ་ཆོས་དེའི་སྔོན་དུ་འགྲོ་བའི་ཆོས་ལ། སྐྱབས་འགྲོ་འབུམ། སེམས་བསྐྱེད་འབུམ། ཕྱག་འབུམ། མནྡྲལ་འབུམ། བླ་མའི་རྣལ་འབྱོར་འབུམ་བཅས་འབུམ་ལྔ་ཁ་སྐོང་དང་བཅས་པ་འགྲོ་དགོས་པར་གསུངས་ཅིང་། སྔོན་འགྲོ་ཚར་གཅིག་གཏོང་བ་ལ་མ་མཐའ་ཡང་ལོ་གཅིག་དང་ཕྱེད་ཀ་འགོར་བཞིན་ཡོད་པར་གྲགས། ་་་་་་་་་་
འདི་བོད་ཀྱི་ནང་བསྟན་ཆོས་ལུགས་བཞི་ག་གཅིག་མཚུངས་ཡིན་པ་འདྲ། དེང་གི་བོན་ཡང་། འདིར་བསྡུས་སྲིད་པ་རེད།
་་་་་་་་་་ ་་་་་་་་་་་ བོད་ཀྱི་ཆོས་པའི་ཁྲོད་ཤ་མི་བཞེས་མཁན་ཞིག་ཕལ་ཆེར་ཉུང་ཉུང་རེད་་་་་་་་་་་་་་་
་་་་་་་་་་ སྔགས་རྙིང་མའི་རྣལ་འབྱོར་བ་སྟོབས་ལྡན་ཞིག་གིས། སྲིད་ཞིའི་གཡུལ་ངོ་བཟློག་པའི་དཔའ་བོའི་ངར་འདུག་ཅིག་ཡིན་ལ། བོད་མི་དཀྱུས་མ་ཞིག་གིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་སྲུང་སྐྱོབ་མཛད་པའི་ལོ་རྒྱུས་ཀྱི་རྡོ་རིང་གཞན་པ་ཞིག་ཀྱང་ཡིན། ཞེས་བདག་ནི་སྨྲའོ།། ་་་་་་་་་
ཁ་བརྡ་ཚང་ལགས། ཀརྡོ་གཉེར་ཕྱག་ཟེར་བའི་མི་འདིས་མཆན་འདེབས་སྟངས་ལ་དྲ་གྲོགས་མང་པོ་ཞིག་ཡིད་སུན་ཡོད་པའི་ཚོར་སྣང་བྱུང་། མཆན་དོན་དང་ལྡན་པ་རེ་བྲིས་ན་དགའ་བསུ་ཡོད། དེ་མིན་མི་འདི་ལྟ་བུའི་མཆན་དག་འགོག་རོགས་ཞུ། ང་ནི་དངོས་གནས་མི་འདི་ལ་ཡིད་སུན་སོང་། མཆན་གསར་བ་རེ་མཐོང་དུས་དགའ་སྤྲོ་དང་བཅས་ལྟ་དུས་ཀརྡོ་ཉོག་མཆན་ལས་གཞན་མི་འདུག །
ཧཧཧཧཧཧ། །ཁ་བརྡ་དང་བོད་སྤྱི་ལ་ཕན་ན། ངའི་མཆན་བུ་རྣམས་ངེས་པར་དུ་དགག་རོག་གནོངས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུའོ།། །།
རྔ་བ་རྒྱལ་ཁམས་པ་རྒྱལ་གྱུར་ཅིག
རྒྱལ་ཁམས་པ་ལ་རེ་བ་ཡོད་པ་བྱ་བྲལ་བླ་མས་མཁྱེན་ཀྱང་ཆོས་གཟུགས་འགའ་རེས་རྟེན་འབྲེལ་ཐུན་གསུམ་དུས་སུ་བསྒྲིག །བྱ་བྲལ་བླ་མ་ཐུགས་རྗེ་ཆེ་བ་རྒྱལ་ཁམས་པ་ཡིས་དགོངས་ཀྱང་སྤོབས་པ་རྟུལ་ཏེ་ལེགས་སྨོན་དབང་པོའི་གཞུ་ལ་བཅོལ། །དུས་ཀྱི་རྒུད་པས་ཡོངས་སུ་གཟིར་བའི་སྟོན་གྱི་པདྨོ་བཞད་པའི་སྐབས་སུ་ཁ་བ་དཀར་པོས་རུམ་དུ་བཅུག །བླ་སློབ་རྟེན་འབྲེལ་སྔ་མོར་སྨིན་ན་དམ་པའི་བསྟན་པ་ཉིན་མོར་བྱེད་དེ་ཀྱེ་ཧོ་ད་ནི་ཅུང་ཟད་འཕྱི། །བརྗིད་པའི་རི་ཡིས་ས་ཆེན་གནོན་མོད་ད་ནི་ཆུ་བོའི་ཀླུང་དུ་བྱིང་བས་ཐལ་རྡུལ་འཚུབས་མ་མཁའ་ལ་འཕྱོ། །ཕྱོགས་རྣམས་ཀུན་ནས་བདུད་ཀྱི་སོ་སྒྲ་འུར་འུར་ལྡིར་བས་ཆོས་གཟུགས་གར་མཁན་ཁྱུ་ཚོགས་རྒྱུ། །སྔ་ན་མེད་པའི་ཆུ་གཏེར་འཕྱིར་ལ་གཡོན་ཅན་འགའ་རེ་ལྟད་མོའི་ཚུལ་གྱིས་རང་ཉིད་བྱིང་བ་མ་ཚོར་ལུས། །བདེན་རྫུན་འབྱེད་པའི་ཉི་མ་ནུབ་ལ་འབྱུང་བོའི་བྱ་ཚོགས་སྐད་གསེང་མཐོན་པོས་གད་མོ་རྒོད་པ་འཁོར་བའི་གཤིས། །ཐུབ་བསྟན་སྤྱི་དང་སྔ་འགྱུར་རྣམས་ཀྱི་རང་ཚུགས་འཛིན་པའི་སྲོག་ཤིང་འགྱེལ་བས་གཡམ་རྒྱུགས་མཁན་པོ་ཡན་གར་ཤོར་བ་སུ་ཡིས་འགོག །མི་རྟག་འཁོར་བའི་གཤིས་ལ་སྐྱོ་ཡང་ལས་ཀྱི་རྒྱར་ཚུད་མི་མཛེས་ལྟད་མོ་བརྒྱུད་མར་བྱུང་། །ཤ་ཁྲག་རུས་པའི་དྲ་བ་འཇིག་བར་སྲིད་པའི་ཁམས་སུ་ལྟད་མོར་རྒྱུའོ་ལས་ཀྱི་འཆི་བདག་མ་བྲེལ་ཅིག །
འབུམ་ལྔ་གནང་བ་ཆེས་མང་ཤོས་རྫ་དཔལ་སྤྲུལ་རིན་པོ་ཆེ་དང་། ད་ལྟ་དང་ཁང་གསར་བསྟན་པའི་དབང་ཕྱུག་གི་ཚ་བུ། སྤྲུལ་ཚུལ་ཁྲིམས་བཟང་པོས་འབུམ་ལྔ་ཚར་ཉི་ཤུ་བཏང་བ་གོ། ལོ་རེ་བཞིན་རྒན་རྒོན་རྣམས་ཁྲིད་ནས་འབུམ་ལྔ་གསོག་གནང་གི་ཡོད་པའི་གནས་ཚུལ་བདེན་པ་ཁོ་ན་ཡིན། །
༄༅། །བོད་ཁམས་ལྷ་མི་ཡོངས་ལ་ཆེད་དུ་སྤྲིངས་པ་སྐྱོན་ཡོན་མ་འདྲེས་འཆར་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
༄།།འདི་ཁོ་ནའོ། །འདྲེན་མཆོག་ཤཱཀྱའི་རྒྱལ་པོའི་བཀའ། །སྔགས་འཆང་པདྨ་ཐོད་ཕྲེང་གི་ལུང་། རིག་འཛིན་རྒྱལ་ཁམས་པ་ཁྲོ་རྒྱལ་རྡོ་རྗེའི་ཚིག འཕགས་མཆོག་རིགས་གསུམ་མགོན་པོའི་གདུལ་བྱར་གྱུར་པ་བོད་ཁ་བ་ཅན་གྱི་ལྗོངས་སུ་སྐྱེས་ཤིང་དཀོན་མཆོག་གསུམ་ལ་བླ་མར་བཟུང་བ་ནང་པ་སངས་རྒྱས་པའི་སྡེ་དང་རིས་སུ་གཏོགས་སོ་འཚལ་མཐའ་དག་ལ་ཆེད་དུ་སྤྲིངས་པ། ད་ལྟ་རྩོད་ལྡན་སྙིགས་མ་ལས་ཀྱང་ཆེས་ཡང་མཐའ་ལ་ཐུགས་པས། བོད་ཡུལ་མཐའ་དབུགས་གང་དུ་བལྟས་ཀྱང་ཕྱི་རོལ་ནས་མི་དང་མི་མིན་གྱི་ཉེར་འཚེ་མ་རུངས་པ་རླུང་འཚུབས་ལྟར་ལངས་ཤིང་། ནང་དུ་ཕན་བདེའི་གཞི་མ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛིན་ཀྱི་སྡེ་དང་བཅས་པ་འཇིག་ལ་ཤིན་ཏུ་ཉེ་བ་དང་། སྐྱེ་འགྲོ་དྲག་ཞན་མེད་པ་དབང་མེད་སྡུག་བསྔལ་གྱི་འདམ་དུ་ཚུད་པའི་གནས་སྐབས་འདི་ལྟ་བུ་བྱུང་བའི་བྱེད་པོ་གཞན་མ་མཆིས་ཏེ། མི་རྣམས་ཤེས་རྒྱུད་ཉོན་མོངས་པ་རགས་ཤིང་། ལས་སུ་མི་དགེ་བཅུ་ལ་འགྱོད་མེད་རྟག་པར་བྱོལ་ཉོག་ཏུ་སྤྱོད་པའི་དབང་གིས། སྔོན་བྱོན་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་པར་བཅས་པའི་ཆོས་སྲིད་དགེ་བའི་ཁྲིམས་བཟང་པོ་ཐམས་ཅད་ཞིག་ནས་དེང་སང་བསམ་ན་གནའ་སྒྲུང་གི་དཔེར་སོང་ནས་གདའ་བའི་ལན་རྩ་ལ་ཐུག་པ་ཤེས་ལས་ཆེ། ལར་སྤྱི་མཐུན་ལས་ཀྱི་ཆུ་ཀླུང་དྲག་པོ་བཙན་ཐབས་སུ་བཟློག་ནུས་པ་གཤིས་ཀྱིས་དཀའ་མོད། འོན་ཀྱང་ད་དུང་བདེ་སྐྱིད་སྤྲིན་བར་གྱི་ཉི་ཞུར་ཙམ་ཨེ་འབྱུང་གི་རེ་ཆེ་ལྷ་ལ་བྱེད་ཚེ། རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པས། ཁྱེད་ལུགས་གཉིས་མཁྱེན་པའི་མངའ་བདག་རྣམས་གཞན་ཕྱོགས་ཀྱི་ངོ་དགའ་དང་ཟས་ནོར་དུམ་རེ་བྱུང་བལ་བརྩིས་ཏེ་རེ་དོགས་ལ་ལྐོག་ནོར་དུ་བཟུང་ནས་ཇི་མི་སྙམ་དུ་ལྐུག་བརྫུ་འདེབས་པའི་དུས་མིན་པས། ཐལ་འགྱོད་མེད་པའི་གྲོས་ཀ་སྔ་གོང་ནས་གཟབ་ལ་བགྱིད་འཚལ། གཞན་བྱབ་ཆུང་ཁ་ཅིག་ཚོང་ཕྲུག་སྲིན་མོའི་གླིང་དུ་མགོ་འཁོར་བ་ལྟར་ཕྱིན་ཅིག་ལོག་གི་རྗེས་སུ་ངོ་ཚ་མེད་པར་མཆོངས་ནས་རང་ཕུང་གཞན་བརླག་གི་རྒྱུ་དེ་འདྲ་མ་བྱེད་བར་རང་ཕྱོགས་རྒྱང་མིག་མཐོང་བའི་ཚིག་ཕན་པར་སྨྲ་བ་བྱུང་ན་དང་དུ་ལོངས། ཕལ་ཆེ་བ་སྔ་བསམ་ཕྱིས་མནོ་གང་ཡང་མེད་པར་བོང་རྒན་ཉི་མ་འདེ་བ་ལྟར་འཐོམ་མེར་མགོ་རྨོངས་པའི་ཐབས་སྡུག་དེ་ཡང་མི་བྱ་བར་སྙིང་ལ་རུས་པ་བསྐྱེད་ནས་འཕྲལ་ཕུགས་ལེགས་ཉེས་ཀྱི་མདུན་མ་གཏོད་ཡུལ་མ་ནོར་བར་རྡོག་སྣ་གཏད་ཕྱོགས་མཐུན་པའི་སྒོ་ནས་གྱེན་དུ་གོམ་པ་གང་རེ་ཡིན་ཀྱང་སྤོས། སྤྱིར་ན་ལྷ་སྡེ་མི་སྡེ་ཚང་མས་བླང་དོར་གལ་པོ་ཆེ་རྣམས་འདིར་དོན་ཚན་ལྔར་བསྡུས་ཏེ་སྨོས་པ་ལ།
༈ དོན་དང་པོར། མཆོག་གསུམ་ཡལ་བར་བོར་ཞིང་ལས་འབྲས་ཁྱད་དུ་བསད་ནས། ཚེ་འདི་འབའ་ཞིག་གི་ཆེད་དུ་ངལ་བ་དང་ལེན་གྱིས་རྨོ་བརྐོ་སོ་ནམ་ལ་འབད་པ་ཁོ་ན་ཙམ་ལུགས་གཉིས་ཀྱི་འདུན་མའི་རྩེ་མོར་མི་རློམ་པར། འདི་ཕྱི་ཚེ་རབས་ཀུན་ཏུ་ཕན་བདེ་ལེགས་ཚོགས་མ་ལུས་པ་གང་ལས་འབྱུང་བའི་རྒྱུ་མ་ནོར་བ་ཞིང་དང་བསམ་པ་རྣམ་དག་ལ་བརྟེན་ནས་མཆོད་སྦྱིན་བསོད་ནམས་གསོག་པ་ལ་གཙོ་བོར་བཟུང་ནས་ནམ་ཡང་རྒྱུན་མི་བཅད་པ་དང་། ༈ དོན་གཉིས་པར། སྔོན་ཆད་བོད་དུ་ཡོངས་སུ་མ་དར་བའི་ཆོས་ལུགས་དང་མི་མཐུན་པའི་སྐད་ཡིག་འཕྲུལ་ཆ་སོགས་གཙོ་བོར་བསླབ་ཀྱང་དོན་ཆུང་ལ་ཚེགས་ཆེ་ཞིང་དལ་འབྱོར་དང་བློ་གྲོས་ཆུད་འཛའ་བའི་ཚུལ་ལས་ལྡོག་སྟེ། བསླབ་བྱའི་གནས་མ་ནོར་ཞིང་ཤེས་ན་དོན་ཆེ་བ་སྔོན་བྱོན་ཚད་མའི་པཎ་གྲུབ་འགྲོ་བའི་སྒྲོན་མེ་རྣམས་ཀྱི་ཐུགས་བསྐྱེད་སྨོན་པའི་དྲིན་ལས། ད་ལྟ་ཡང་ཉན་བཤད་མ་ནུབ་པའི་མདོ་སྔགས་རིག་གནས་དང་བཅས་པའི་བཀའ་དང་དགོངས་འགྲེལ་མན་ངག་གི་གནས་ལ་སེར་སྐྱ་སོ་སོའི་མོས་འདོད་རྒྱུད་ཚོད་ལ་དཔགས་པའི་སློབ་གཉེར་ཚུལ་མཐུན་བྱེད་པ་དང་། ༈ དོན་གསུམ་པར། ཉེས་པ་སྟོང་གི་སྣ་འདྲེན་དུ་རུ་ཀའི་འཕྲུལ་གྱི་མཚོན་ཆ་དང་རྫས་ངན་ཐ་མ་ཁའི་རིགས་འདི་དག་གིས་དངོས་དང་བརྒྱུད་ནས་བསྟན་འགྲོ་ལ་ཕུང་ཁྲོལ་གནོད་ཚབ་ཆེ་བས་དངོས་སུ་བསྟེན་ཅིང་ལོངས་སྤྱོད་པ་ལྟ་ཞོག་རེག་པ་དང་དྲི་ཚོར་བ་ཙམ་ཡང་འགོ་བའི་ནད་བཟིན་རིང་དུ་སྤོང་བ་དང་། དོན་བཞི་པར། བོད་ཡུལ་བཀྲ་མི་ཤིས་པའི་ལྟས་མཚན་འབྱུང་པོའི་ཆ་ལུགས་ཡ་མ་ཟུང་བསྟེན་པའི་རྐྱེན་གྱིས་ལྷ་སྲུང་གཉེན་པོ་གཡེལ་ཞིང་ཁེངས་ལོག་འབྱུང་བ་དང་ཚེ་བསོད་རླུང་རྟ་ཉམས་པར་འགྱུར་བས། སོ་སོའི་ཡུལ་སྲོལ་གནའ་བོའི་དུས་ནས་གང་དར་བ་ལ། གང་དྲན་བསྒྱུར་བཅོས་མི་བྱ་བ་དང་། ༈ དོན་ལྔ་པར། ཐུགས་རྗེ་དང་ཕྲིན་ལས་དེང་དུས་ལྷག་པ་མྱུར་བས་བོད་འབངས་སྐྱོབ་པར་བསླུ་མེད་རྡོ་རྗེའི་ཞལ་བཞེས་མངའ་བའི་ལྷ་ཐུགས་རྗེ་ཆེན་པོ་དང་། བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་ཡིད་ཆེས་ཁྱེད་ཤེས་ཀྱི་དད་མོས་བརྟན་པོའི་སྒོ་ནས་ཡིག་དྲུག་དང་། གུ་རུ་སིདྡྷི་ལ་རྒྱུན་དུ་ཁ་ཏོན་བྱེད་པ་སྟེ། གོང་གསལ་དོན་ཚན་ཚང་མར་འཇུག་ལྡོག་བག་ཡོད་དང་བས་ལྷུར་ལེན་བགྱིས་ན། བདེན་འབྲས་ནམ་ཡང་མི་བསླུ་བས་རེ་ཞིག་དུས་ངན་གྱི་ཁུག་པ་ཕྱིར་བསྲིངས་ནས། བོད་འབངས་རྣམས་ཕན་བདེའི་ཉི་མ་གསར་དུ་འཆར་བའི་དགའ་སྟོན་ལ་སྤྱོད་དུ་ཡོད་ཀྱི། གཞན་དུ་ནག་ཕྱོགས་བདུད་འགོང་ཁ་རྒྱལ་དུ་བཏང་ནས་མི་རུང་སྣ་དགུའི་བསམ་སྤྱོད་ཤ་སྟག་ལས་མེད་ཕྱིན་ཆད་དུས་མི་རིང་བར་རང་བྱས་ལས་ཀྱི་ལ་ཡོག་རང་ལ་འཁོར་ནས་བཟོད་བླག་མེད་པའི་སྡུག་བསྔལ་གྱི་ཁུར་ཆེན་མི་འདོད་བཞིན་དུ་གཉའ་བར་བརྩེགས་པ་མ་ཟད། ཤི་འཕོས་ནས་ཀྱང་ངན་སོང་དམྱལ་བའི་ཆད་པ་རྩུབ་མོ་མངོན་སུམ་མྱོང་བར་གདོན་མི་ཟ་བས་ཅི་ནས་ཀྱང་ཁེ་ཉེན་གྱི་འདམ་ཀ་མ་ནོར་བར་བྱོས་ཤིག །ཅེས་གདོང་ངན་གྱི་ལོ་དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་ལ་རང་སྣང་མ་འགག་བདེན་རྫུན་བྲལ་བའི་ཕོ་བྲང་ནས་(བྱ་བྲལ་སངས་རྒྱས་རྡོ་རྗེས)་བྲིས༎ ༎གསུང་འབུམ་༼ཧཱུྃ་༽པོད་དུ་བཞུགས།
སྤྱི་སྒེར་གཉིས་དོན་དུ། མ་ཎི་དང་། བཛྲ་གུ་ར་ུགཉིས་པོ་འདི། བོད་རིགས་ཀུན་གྱིས་ཉིན་རེར་གང་ཐུབ་གྲངས་གསོག་ཐུབ་ན་ཅི་མ་རུང་སྙམ་ལགས།
དྲི་མེད་ལྷག་བསམ་མཆོག་ལ་ཞུ་བ། སྐལ་ལྡན་སློབ་ཚོགས་མེ་ཏོག་ཡངས་པོའི་ཚལ།། བླ་མས་གསང་གསུམ་ཉི་ཟེར་དྲོན་མོ་ཡིས།། སྐྱོང་བའི་མཛད་འཕྲིན་ལང་ཚོ་དར་བའི་དུས།། རི་བོང་འཛིན་པ་གོ་ལའི་མལ་དུ་གཟིམས།། ཐང་དཀར་རྒོད་པོ་རང་དབང་གཤོག་ཟུང་གིས།། གནམ་གྱི་འཇིག་རྟེན་བང་དུ་ལེན་པའི་དུས།། འདི་སྣང་བསླུ་བྲིད་སྒྱུ་མའི་ཐོར་རླུང་གིས།། སྤོབས་པའི་བང་རྩལ་ནུབ་རིའི་ཕག་ཏུ་དེད།། སྐྱིད་སྡུག་མ་ངེས་སྲིད་པའི་གྲོང་ཁྱེར་ནང་།། དགོས་འདོད་ཀུན་འབྱུང་ལྷ་དབང་གཙུག་གི་ནོར།། ལེན་འདོད་བསམ་གཏན་རོ་ལ་ཆགས་པའི་དུས།། བྲིས་པའི་འཇའ་ཚོན་རི་མོ་གློ་བུར་ཞིག། ཆོས་བརྒྱད་སྤྲིན་གྱི་ཕང་བར་གནས་བཅས་ཏེ།། ཆོས་མིན་ཟོག་པོའི་གཏམ་གྱི་ཐོག་སེར་གྱིས།། རང་གཞན་དགེ་བའི་ཞིང་ས་བརླག་མཐོང་དུས།། ཆོས་ལྡན་བླ་མའི་རྣམ་ཐར་སྙིང་ན་ལྕི།། ཆེན་པོའི་བཀའ་རྟགས་འཛིན་པའི་ཕྱག་རྒྱ་ཡིས།། གངས་ལྗོངས་གྲུབ་མཐའི་ཁ་འཛིན་གཅིག་ཆོད་ཀྱིས།། སྒྲུབ་བརྒྱུད་ཤིང་རྟ་འཇིག་ལ་ཉེ་བའི་དུས།། བརྟན་པོའི་རང་ཚུགས་བསྟན་པའི་རྒྱན་དུ་གོ། ད་ནི་ཆོས་ལྡན་བླ་རབས་རྫོགས་ལ་ཉེ།། ཆོས་མིན་ཆོས་གཟུགས་སྨྱོན་པས་ཐུབ་བསྟན་དཀྲུག། ཆོས་ལྡན་བླ་མའི་ཞལ་སྐྱིན་འཛིན་ནུས་ཤིག། ས་སྟེང་འདི་ན་དཀོན་སྙམ་མཆུ་མ་འབབ།། ཅེས་ཀྱང་ཞུའོ།།
རིག་པའི་རྡོ་རྗེ་ལགས། བྱ་བྲལ་རིན་པོ་ཆེས་འདས་རྟགས་ཅི་ཞིག་བཞག་ཡོད་མེད་ཅིའང་མ་གོ རྙིང་མའི་བླ་ཆེན་ཁག་ཅིག་མཛད་འཕྲིན་ཧ་ཅང་གསང་བ་དམ་པོ་རེད། གློ་བུར་དུ་ཕེབས་བཞུགས་དང་ཆོས་འཆད་ཀྱི་ཡོད་ས་རེད་མ་གཏོགས། མཛད་འཆར་ཅི་ཡོད་རང་གི་ཉེ་གནས་དང་། དད་ལྡན་བུ་སློབ་ཀྱི་ནང་ནའང་ཤེས་མཁན་དཀོན་པའི་བླ་མ་དེ་འདྲ་བཞུགས། ང་ལ་མཚོན་ན་ཁོང་ཚེ་དང་སྒྲུབ་པ་མཉམ་པ་དེ་ནི་འདས་རྟགས་ཡག་ཤོས་སུ་མཐོང་གི་ཡོད། ཅིག་བྱས་ན་ཁོང་གིས་འདས་དོན་དང་འདས་རྗེས་སྐོར་གསང་བ་དམ་པོ་བྱེད་དགོས་པའི་བཀའ་ཕབ་ཡོད་ཤས་ཆེ། ཁྱེད་ཕེབས་པར་དགའ་ཡོད།
ཀརྡོ་རབ་འབྱམས་པ་ལགས། ཉིད་ཀྱིས་བོད་ཀྱི་སྐད་ཡིག་གོང་འཕེལ་གྱི་ཆེད་རྩོམ་གནད་ཟུར་འདོན་དང་། ཚིག་དོན་ཐད་དག་སེལ་གནང་བཞིན་པར་བཀའ་དྲིན་ཆེ་ཞུས་བ་ཡིན།
དྲི་མེད་ལྷག་བསམ་ཚང་གིས། བྱ་བྲལ་རིན་པོ་ཆེའི་ལྗགས་རྩོམ་བཀག་རྒྱ་མེད་པའི་རིགས་དྲྭ་སྟེང་དུ་འགོད་ཐུབ་ཚེ་ཀློག་མཁན་མང་བོར་ཐུགས་ཕན་སོས་ངེས་ལགས། ཁོང་གིས་བོད་ཁམས་ལ་སྤྲིངས་པའི་འཕྲིན་ཡིག་བཀླགས་ཟིན། བཀའ་དྲིན་ཆེ། བརྗོད་བྱ་ཙམ་དུ་མ་ཟད་རྗོད་བྱེད་ཚིག་ཉམས་ཀྱི་ཐད་ནས་ཀྱང་ལེགས་ཆ་ལེན་རྒྱུ་མང་བོ་འདུག སླར་ཡང་བཀའ་དྲིན་ཆེ་ཞུས་པ་ལགས།
རྔ་བ་རྒྱལ་ཁམས་པ་ལེགས། རྒྱུས་ཡོད་ཀྱི་མི་ཀཿཐོག་སློབ་དཔོན་བསྟན་འཛིན་དང་། གཡག་ཟེད་མཁན་པོ་གཉིས་ཀྱིས་གསུངས་པ་ལྟར་ན། བྱ་བྲལ་རིན་པོ་ཆེ་ནི། རྟོགས་ལྡན་བྱ་སྒོང་ལྟ་བུ་དེ་མིན་པར། མདོ་སྔགས་ཀྱི་གཞུང་ལ་མཁས་ཤིང་། ཁྱད་པར་ཐུན་མོང་གི་རིག་གནས། ལོ་རྒྱུས་ལམ་ཡིག སྨན་རྩིས། སྒྲ་སྙན། བྲིས་འབུར་ལྡེར་བཟོ། ཤིང་ལྩགས་གསེར་བཟོ་སོགས་ལ་བྱང་ཆུབ་ཅིང་། གཏོར་མ་བཅའ་བཟོ། མདོས་དང་མངོན་སྤྱོད། གར་འཆམ། ཆོ་གའི་ཕྱག་ལེན་གདངས་དབྱངས་རོལ་མོ་སོགས་སྔ་འགྱུར་དགོན་སྡེ་ཆེན་པོ་དྲུག བདུད་འཇོམས་གཏེར་གསར། ལྷ་བཙུན་ནམ་འཇིགས་ཀྱི་ཆོས་སྐོར་སོགས་ལ་མཁས་པ་ཕུལ་དུ་ཕྱིན་པ་ཞིག་རེད་འདུག ཕྱག་བྲིས་ཐང་ཀ དཀྱིལ་འཁོར། ལྡེབས་བྲིས་ཀྱང་མང་པོ་ཡོད་པར་འདུག །ཕྲན་ལ་གསུངས་འབུམ་ཆ་ཚང་མེད། ཆ་ཤས་རེ་ཡོད། དར་ཐང་སྤྲུལ་སྐུས་པར་ཡོད་པ་གོ་བས་རྒྱ་གར་དང་བལ་ཡུལ། ཨ་རུ་སོགས་ནས་ཐོབ་སྙམ། རྩད་གཅོད་ཐུབ་ན་ཞུས་ཡོངས།