ཕབ་སྒྲིག་པ། རྫ་ཚེ་རིང་བཀྲ་ཤིས།
༼ཕབ་སྒྲིག་པའི་གསལ་བཤད། ༡ བཀའ་སློབ་འདིའི་གོ་རིམ་གྱི་ཆ་ཤས་ལ་འགྱུར་བ་ཕྲན་བུ་སོང་ཡོད་ན་ཡང་། ནང་དོན་ལ་འགྱུར་བ་གང་ཡང་སོང་མེད།
༢ བཀའ་སློབ་འདིའི་ནང་དུ་བསྡུས་གྲྭ་རྩལ་འདོན་བྱ་རྒྱུ་མེད་གསུང་ཡུལ་དེ་བླ་རུང་སྒར་རང་གི་སློབ་གཉེར་གནས་སྟངས་ཐོག་གཙོ་བོར་གསུངས་པ་ཡིན་པ་ཧ་ཅང་གསལ།
༣ བཀའ་སློབ་འདིའི་ནང་དུ་ཐ་ན་བླ་རུང་རང་དུ་ཡང་བསྡུས་གྲྭ་འོས་འཚམས་སྦྱངས་ན་འགྲིགས་པ་དང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང་ཆེད་དུ་བཀག་པ་མེད་ཅེས་ནན་བརྗོད་གནང་འདུག
༤ བཀའ་སློབ་ཆ་ཚང་མ་གཟིགས་པའམ། དྲ་ཐོག་གི་ཁ་བྱང་ནོར་འཁྲུལ་ཅན་རེ་ལ་འཁྲིས་ནས་མཁན་ཆེན་མཆོག་ལ་སྐྱོན་འཛུགས་དང་། གོ་བ་ལོག་སྒྲུབ་བྱེད་པ་ནི་ང་ཚོ་ཐུན་མོང་གི་བརྡབས་བསིགས་ཤིག་ཡིན། དེས་ན་གོ་ནོར་དེ་རིགས་ཉུང་དུ་གཏོང་ཆེད་བཀའ་སློབ་འདི་ཕབ་སྒྲིག་ཞུས་པ་ཡིན།
༥ མཁན་པོ་ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མཁན་ཞིག་ཡིན་པས་ང་ཚོས་ཁོང་ལ་སྐྱོན་བརྗོད་བྱེད་པའི་སྔོན་དུ་གཟབ་ནན་གྱིས་ཐུགས་བསམ་བཞེས་དགོས།
༦ སྤྱི་ཚོགས་ཀྱི་མི་སྣ་གལ་ཆེན་སུ་ཞིག་ལ་སྐྱོན་བརྗོད་བྱེད་སྐབས།ཁོང་ལ་དད་མོས་བྱེད་པའི་སྐྱེ་བོ་མང་པོ་ཞིག་གི་སེམས་ཁམས་དང་བརྩེ་དུངས་ལ་དོ་ཕོག་འགྲོ་མིན་དེ་ཡང་བསམ་བློ་གཏོང་གཞི་ཞིག་ཡིན།
༧ གོ་སྐབས་སྤྱད་ནས་ཆེད་དུ་གླེང་ཕྱོགས་བཟོ་མཁན་ཡོད་སྲིད་ན་ཡང་།ལྷག་བསམ་ཟོལ་མེད་ཡིན་པའི་སྤྱི་ཚོགས་ཀྱི་གྲོགས་པོ་སུ་ཡིན་ཡང་བསམ་ཚུལ་མ་བཏོན་པའི་སྔོན་དུ་ཕར་ཕྱོགས་ཀྱི་སྐད་ཆ་ལ་ཁྱོན་ཡོངས་ནས་གོ་བ་ལེན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ།
༨ བཀའ་སློབ་འདི་དུས་ཐུང་ནང་ཕབ་སྒྲིག་ཞུས་པས་བྱས་པས་ཡིག་ནོར་ངེས་ཅན་ཡོད་སྲིད།
༢༠༡༦/༡/༢༢ ལ། ཕབ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས། ༽
མི་ཕམ་རིང་ལུགས་བསྡུས་གྲྭ་མིན།
བསྡུས་གྲྭ་ལྟ་བུ་ཞིག་ཡིན་ན། འུ་ཅག་གི་ནང་ན་ཅུང་ཟད་བཤད་མཁན་དང་འཕེན་མཁན་འདུག ཉུང་ཉུང་ཙམ་ཡིན་ན་གནད་འགག་མི་འདུག སྤྱིའི་ཆ་ནས་འདི་མང་པོ་དར་དུ་འཇུག་མི་ཉན། སྔར་ཡིན་ན་གསང་སྔགས་རྙིང་མ་པ་དེ་ཚོས་བསྡུས་གྲྭ་འདི་རྩོག་བལྟས་ཏེ་དམ་སེལ་ཡོད་ཟེར་བ་དེ་འདྲ་ཡང་བྱུང་བ་རེད།
བླ་མ་མི་ཕམ་ཚང་གིས་ཀྱང་། གངས་ཅན་འདི་ན་ཕྱྭ་བ་སོགས། །རིགས་པ་ཤེས་པའི་བློ་འཕྲུལ་གྱིས། །བློ་གསལ་འགའ་ཞིག་རྨོངས་སུ་བཅུག །ཅེས་གསུངས་པ་ལས། ཧ་ཅང་རྩ་ཆེན་ཡིན་གསུང་མི་འདུག ཁོང་གི་རྩོད་རིགས་སྨྲ་བའི་སྒོ་འབྱེད་དུ་ཡང་། བསྡུས་གྲྭ་རྐྱང་རྐྱང་དགག་བཞག་ཡོད་པ་དེ་འདྲ་རེད།
བསྡུས་གྲྭའི་རིགས་པ་དེ་ཚོ་བླ་མ་མི་ཕམ་པའི་གཞུང་དང་མི་མཐུན་པར་མ་ཟད། རྣམ་གྲངས་མ་ཡིན་པའི་དོན་དམ། ཕྱག་ཆེན། རྫོགས་ཆེན་དེ་ཚོ་དང་ཡང་རིགས་པའི་འགྲོ་སྟངས་མི་འགྲིག་པ་རེད། བསྡུས་གྲྭའི་ལམ་ནས་རྣམ་གྲངས་མིན་པའི་དོན་དམ་བཤད་ཐུབ་ནི་མ་རེད། བླ་མ་མི་ཕམ་པས་རབ་གསལ་བརྒལ་ལན་གཅིག་པུའི་ནང་དུ་ཡང་དེའི་སྐོར་ལ་དགག་བཞག་ཅི་ཙམ་གནང་འདུག དེ་ཚོ་ཧ་གོ་དགོས་པ་རེད།
དགེ་ལུགས་པའི་ཉམས་ལེན་པ་དག་གི་ནང་ལ་ཡང་། རྣམ་གྲངས་མིན་པའི་དོན་དམ་ཁས་ལེན་ཀུན་བྲལ་ལྟ་བུའི་བོད་སྔ་རབས་པའི་ལྟ་བའི་ཐོག་ལ་ཐོན་དུས་བསྡུས་གྲྭ་འདིས་ད་དུང་ཅུང་ཟད་འགལ་རྐྱེན་རྩོམ་གྱི་འདུག་ཅེས་པའི་གསུང་སྲོལ་སྔར་ནས་ད་བར་ཡོད་པ་རེད།
ཚད་མའི་དམ་བཅའ་རྣམ་འགྲེལ་གཙོ།
ཁར་ཉིན་ང་ཚོའི་ཚད་མའི་དམ་བཅའ་དེ་འདྲའི་ནང་དུ་ཡང་། བླ་མ་མི་ཕམ་པའི་གཞུང་དང་འགལ་བ། བླ་མ་མི་ཕམ་པའི་གཞུང་གིས་ཆེད་དུ་དགག་པ་བརྗོད་ཡོད་སའི་བསྡུས་གྲྭའི་ཟེར་ལུགས་དེ་འདྲ་མང་པོ་འཕངས་སོང་། བར་ལམ་ཞིག་ནས་རང་ལུགས་ཀྱི་ཡིག་ཆར་མ་བལྟས་པར་དེ་ལྟར་སོང་བ་ཡིན་ན། རང་ལུགས་ཡིན་ནམ། གཞན་ལུགས་ཡིན་མི་གོ་བ་དེ་འདྲ་ཞིག་ཆགས་སྲིད། དེས་ན་བསྡུས་གྲྭ་འདི་དེ་ཙམ་མི་དགོས།
ད་ནི་དཔེ་ཆ་བརྗེད་སོང་བས་ཅང་མི་ཤེས་གི དེའི་དབང་གིས་སོ་མེད་ན་སྲིན་འབུ་མེད། ཟེར་བ་ལྟར་བསམ་རྒྱུ་ཡང་ཆེན་པོ་མི་འདུག་མ་གཏོགས། སྔར་དང་པོ་ང་ཚོས་དཔེ་ཆ་ཐོག་མར་ལྟ་སྐབས་དེ་འདྲ་ཞིག་ཡིན་དར། མི་ཞིག་ལ་ཞེད་པོ་ཞིག་ཟེར་དགོས་སྣང་ཤར། བསྡུས་གྲྭའི་ནང་དུ་ཡིན་པ་མིན་པ་དང་། མིན་པ་ཡིན་པར་བསྒྱུར་སྤྱད་དེ་འདྲ་ཡོད་པ་ཡིན་དུས་དེ་སྦྱང་འདོད་ལངས་པ་དེ་འདྲ་ཡོང་གི་ཡོད། དེ་ལ་བོད་པ་ཚོས་རིགས་ལམ་ཟེར་གྱི་འདུག ངོ་མ་བཤད་ན། དེ་འདྲའི་རིགས་ལམ་དེ་ཕར་ཉན་ན། ཁྱོད་ཀྱིས་དེ་འདྲ་ཟེར་ན་ངས་འདི་འདྲ་ཟེར་དགོས་རེད་ཟེར་བ་ལྟ་བུ། དང་པོ་ནས་འཆར་གཞི་བཞག་ནས་གཅིག་གིས་གཅིག་སུན་འབྱིན་བྱས་བསྡད་པ་ཙམ་ལས་ཅང་མི་འདུག
མང་པོ་ཞིག་ནི་ང་ཚོ་ལྟ་བུ་ཞིག་གིས་ཉན་པ་ཡིན་ན་ཡང་། ཚིག་འཁྲི་རྐྱང་རྐྱང་སྟེ། དོན་གྱི་ཐོག་ན་དེ་དེའི་དོན་རེད་དེ། ཚིག་གི་ཐོག་ནས་ཆེད་དུ་ཁ་བསྒྱུར་འགྲོ་གི་འདུག་སྙམ་པ་ཙམ་ལས་ཆེན་པོ་མི་འདུག
ད་ལོར་མཚོན་ན། རྣམ་འགྲེལ་འཛིན་གྲྭས་དམ་བཅའ་འཇོག་དུས་ཚད་མ་རྣམ་འགྲེལ་རང་གི་ཐོག་ནས་རྟགས་གསལ་འཕེན་མཁན་མི་གཅིག་ཡོད་སོང་། གཞན་ཅང་མི་འདུག ཕར་ལྟ་སར་འུར་འུར་ཟིངས་ཟིངས་བྱས་སོང་སྟེ། དོན་ནང་ཉམས་ལ་བསྡུས་གྲྭ་རྐྱང་རྐྱང་ཆགས་སོང་། དམ་བཅའ་འཛིན་མཁན་ཚོ་ཡང་དེ་འདྲ་ཞིག་རེད། དེ་འདྲ་མུ་མཐུད་པ་ཡིན་ན། བླ་རུང་སྒར་འདི་ཡང་། ག་ལེ་ག་ལེར།ཕར་ལྟ་སར་འཆད་ཉན་ཞིག་ཡོད་ནི་ཡོད། མདོ་སྒྱུ་སེམས་གསུམ་དང་། སྔ་རབས་པའི་ལྟ་དགོངས་ཟབ་མོ་དེ་ཚོ་ནི་མེད་པ། ཤོག་བུའི་ངོས་ལ་བྲིས་པའི་སྟག་འདྲ་ཞིག་ཆགས་ཨེ་འགྲོ་ཧ་མི་གོ དེས་ན་འདི་རིགས་ལ་དཔེ་ཆ་བ་རྣམ་པས་ཧ་ཅང་གཟབ་གཟབ་དགོས།
བསྡུས་གྲྭ་ཅུང་ཟད་བལྟས་པས་ཆོག
བསྡུས་གྲྭ་ལ་ཅུང་ཟད་རེ་བལྟས་ན་ལོས་ཆོག གྲྭ་ཆུང་དེ་ཚོས་བློ་ཁ་བྱང་སྤྱད་ཅུང་ཟད་རེ་སྦྱངས་ན་མི་ཆོག་རྒྱུ་མི་འདུག དེ་མ་འགྲིག་པ་ཞིག་མ་རེད། བླ་མ་ཡིད་བཞིན་ནོར་བུས་ཀྱང་རྩ་བ་ནས་དགག་བཞག་པ་དེ་འདྲ་ཡོད་པ་མ་རེད། འོན་ཀྱང་། འདི་ཤུགས་ཆེན་པོར་དར་ཡོང་བ་ལ་ཡང་དགོས་པ་ཆེན་པོ་མི་འདུག་བསམ་གི
ཡང་དེང་སང་གྲྭ་ས་རྣམས་ནས་འདིར་རྩོད་པ་བྱེད་མཁན་འགའ་རེ་ཡོང་གི་ཡོད་པ་རེད། དེ་ཚོ་སླེབས་དུས་རྩོད་པ་རྒྱག་སྤྱད་ལ་བསྡུས་གྲྭ་རེ་ཤེས་དགོས་ཀྱི་འདུག་བསམ་པ་ཡིན་ན་ཐང་མོད། དེ་ཡང་ཕྱོགས་གཅིག་ནས་ཅུང་ཟད་ཤེས་ལོས་དགོས་སྟེ། ཕྱོགས་གཞན་ཞིག་ནས་བསམས་ན། དེ་ཚོ་ཕེབས་ཡོང་ན་ཡང་།ཁོང་རྣམ་པར། ང་ཚོའི་ཆོས་གྲྭའི་ནང་བསྡུས་གྲྭ་འཕེན་མི་དགོས། དེ་མ་ཡིན་པའི་གཞུང་དངོས་ཤིག་གི་ཐོག་ནས་སྐད་ཆ་བཤད་དགོངས་ན་ཤོད་ཅེས་ལབ་ན། དེས་བློ་བསྐྱེད་ཀྱང་ཐོན་གྱི་རེད། བསྡུས་གྲྭ་བརྩད་ཡོང་ན། རྩོད་པ་མི་བྱེད། དམ་བཅའ་ཡང་མི་འཛིན་ལབ་ན། ངེས་པར་དུ་ཁྱོད་ཀྱིས་བསྡུས་གྲྭའི་དམ་བཅའ་མ་བཟུང་ན་མི་ཆོག་ཟེར་མཁན་ཞིག་ཡོང་གི་མ་རེད།
སློབ་ཆེན་ཁག་གི་རྩོད་གླེང་།
དེང་སང་འཛམ་གླིང་དུ་རྒྱལ་ཁབ་དག་གིས་བཙུགས་པའི་སློབ་གྲྭ་བསམ་གྱིས་མི་ཁྱབ་པའི་ཆེན་པོ་མང་པོ་ཡོད་རེད། དེ་ཚོ་ཚང་མས་ཀྱང་བོད་ཀྱི་རྩོད་པ་རྒྱག་སྟངས་འདི་མིན་པར། ཕན་ཚུན་ཕར་གཏུགས་ཚུལ་འབྲེལ་གྱིས།བགྲོ་གླེང་དམ་བཅའ་ནང་བཞིན་རྩོད་གླེང་བྱེད་ཀྱི་ཡོད། དེ་ལ་གོ་རྒྱུ་ཡང་ཆེན་པོ་ཡོད་པ་རེད། བགྲོ་གླེང་དམ་བཅའི་ཐོག་ཏུ་ཆོས་ཀྱི་གྲགས་པའི་རིགས་པ་བཞག་ནས་གླེང་ཆོག་གི་རེད། ཕྱོགས་གླང་ཆོས་གྲགས་ཀྱི་རིགས་པ་ཕྱོགས་ཆོས་འཁོར་ལོ་དགུ་བ་དང་། རིགས་གཏེར། བླ་མ་མི་ཕམ་གྱི་བློ་རིགས་དང་རྟགས་རིགས་སོགས་དང་། རྣམ་འགྲེལ་གྱི་གཞན་དོན་ལེའུ་སོགས་ཀྱི་ནང་དུ་ཡོད་པ་འདི་དག་གིས་མ་ཆོག་པ་ཞིག་མེད། དེ་ཡག་པོ་ཞིག་ཤེས་ན་དེ་ལས་ལྷག་པའི་རིགས་ལམ་ཞིག་མི་དགོས།
ངོ་མ་ཟེར་དུས། ཚད་མ་རྣམ་འགྲེལ་གྱི་སྟོན་པ་ཚད་སྒྲུབ་ལྟ་བུ་ཞིག་ང་ཚོས་སྐད་ཆ་བཤད་པ་ནང་བཞན་བྱས་ནས་ཤོད་དགོས་པ་ཡིན་ན། ང་ཚོ་ཡིན་དང་ཡིན།ཡར་མར་གྱི་མཁས་པ་གཞན། ཅུང་ཤེས་ཟེར་མཁན་ཞིག་ཡིན་ན་ཡང་། གནད་ངོ་མ་ཞིག་གི་ཐོག་ནས་བཤད་ཡོང་དུས་ག་འདྲ་ཆགས་ཡོང་མི་ཤེས། དེ་འདྲ་ཡིན་དུས།གནད་དེ་ཚོ་མ་ཤེས་པར་ཡན་ལག་ཉིང་ལག་དེ་ཚོའི་ཐོག་ལ་བརྩད་ནས་མགོ་འཁོར་བསྡད་ན་དོན་དག་ཆེན་པོ་མི་འདུག
བཀའ་བརྒྱུད་རང་གཞུང་ངེས་ཆ་དགོས།
ད་ལོ་བཀའ་བརྒྱུད་པས་ཀྱང་བཀའ་བརྒྱུད་དགུན་ཆོས་འཚོགས་པ་རེད།ཁར་ཉིན་ང་ཁྲིན་ཏུ་ན་ཡོད་དུས་ནས་གོ་སོང་། འཚོགས་པ་ལས་མ་འཚོགས་པ་དགའ་གི་ཟེར་མཁན་ཡང་འདུག ཁོང་ཚོས་བཤད་ན། དཔལ་སྤུངས་སོགས་ནས་ཡོང་མཁན་དག་གིས་བསྡུས་གྲྭ་རྐྱང་རྐྱང་འཕེན་གྱི་འདུག གཞུང་རང་ལ་ངེས་ཆ་ཡོད་མཁན་ཆེན་པོ་མི་འདུག མ་ཟད། དེང་སང་བཀའ་བརྒྱུད་པ་བཤད་གྲྭ་ཅུང་ཟད་ཡོད་ས་དེ་ཚོ་ཚང་མས། ད་ཕྱིས་དགུན་ཆོས་འཚོགས་རྒྱུ་ཡོད་པ་རེད།བསྡུས་གྲྭ་ལྟ་དགོས་ཟེར་ནས་འུར་འདྲེས་འདུག་ཟེར། བཀའ་བརྒྱུད་པའི་གཞུང་དང་བསྡུས་གྲྭ་གཉིས་རྩ་བ་ནས་ཁ་ཁ་རེད་དེ། དབུ་རུལ་བ་ཤིངས་ཀྱིས་མ་ཚོར་བ་དེ་ཚོ་དེ་འདྲ་རེད། དཔེ་ཆ་མི་ཤེས་མཁན་གྱི་དགོན་དཔོན་ཚོས་ཀྱང་དེ་དགོས་རྒྱུ་ཞིག་ཡིན་ས་རེད་བསམ་ནས་བསྡད་ཡོད་པ་རེད།
དེང་སང་བཀའ་བརྒྱུད་པའི་དཔེ་ཆ་དེ་ཚོའི་ལུང་རྒྱུན་རེ་བླངས། འཆད་ཉན་རེ་བྱས་ཏེ། མགོ་ཅུང་ཟད་ཁྱོགས་ནས་གྲུབ་མཐའ་རེའི་འཇོག་ལུགས་ཡོད་ཡོང་གི་ཡོད་པའི་སྐབས་འདིར། བསྡུས་གྲྭ་ཁོ་ནའི་ནང་ལ་མགོ་འཁོར་ནས་ཅང་མེད་པ་ཞིག་ཆགས་འགྲོ་གི་འདུག ད་དུང་ཁོང་ཚོར་རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་ཟེར་དུས། ཧབ་བགད་བྱེད་ཀྱི་འདུག་ཟེར། རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་ཧབ་བགད་བྱེད་ས་ཞིག་ཆགས་ཚར་ན། དེ་ནས་བཀའ་བརྒྱུད་པའི་གྲུབ་མཐའ། ཕྱག་རྒྱ་ཆེན་པོ་དང་། དབུ་མ་ཆེན་པོ་དེ་ཚོ་ཅི་འདྲ་བྱས་ནས་འཇོག
ཇོ་ནང་ཕ་ཆོས་བསྡུས་གྲྭ་མིན།
དེ་ནང་བཞིན། ཇོ་ནང་པ་ཚོས་ཀྱང་། དགོས་རྒྱུའི་གཞན་སྟོང་མི་བཤད་པར། མི་དགོས་པའི་བསྡུས་གྲྭ་རེ་བཤད་ཁུལ་བྱས་ནས་བསྡད་འདུག ངས་ཀྱང་ཐེངས་མང་ཞུས་ཚར། བླ་མ་ཡིད་བཞིན་ནོར་བུས་ཀྱང་། གནའ་པདྨ་རྫོང་གི་ལྕག་རི་རྡོ་ཁ་ནས་ཇོ་ནང་ཚང་གི་དགོན་པ་ཞིག་ལ་བྱོན་སྐབས། ཁྱེད་ཚོས་ཕ་ཆོས་གཙང་མ་གཞན་སྟོང་གི་གྲུབ་མཐའ་མི་བཤད་པར། བསྡུས་གྲྭ་རེ་བཤད་ནས་བསྡད་ན་ཡག་པོ་མ་རེད་གསུངས་ནས་བཀའ་བཀྱོན་མཛད་སོང་། དེ་ངོ་མ་རེད། ཕན་ཚུན་གཅིག་གཅིག་གི་བར་ལ་མཐུན་སྒྲིལ་མི་ཡོང་ཆེད་བཤད་པ་མིན་སྟེ། དགེ་ལུགས་པས་རྣམ་མཁྱེན་མི་རྟག་པ་ཡིན་ཞེས་གསུངས་ཀྱི་ཡོད་པ་རེད། དེང་སང་རྒྱ་གར་ན་ཡང་ཇོ་ནང་པ་དཔེ་ཆ་ཅུང་ཟད་ཤེས་མཁན་ཚོ་དགེ་ལུགས་པའི་གྲུབ་མཐའི་ནང་དུ་སོང་ནས་མང་ཆེ་བ་དེས་བསྡུས་གྲྭ་བརྩད་ནས་བསྡད་འདུག་ཟེར། གཞུང་ཐོག་གི་གོ་བ་ཟབ་མོ་དེ་ཚོ་ཞེ་དྲགས་གོ་ཡི་ཡོད་པ་མ་རེད།
ཡིན་ན་ཡང་། བཀའ་བརྒྱུད་ཇོ་ནང་སོགས་ཀྱིས་གང་གནང་ཁོང་ཚོས་ཤེས། དེ་ཞོར་འཕྲོས་ཙམ་རེད།
བླ་རུང་སྒར་གྱི་སློབ་ཁྲིད།
བླ་རུང་སྒར་ལ་མཚོན་ན། རྒྱ་གར་མན་ཆད་ན་ཚང་མས། གཞུང་གི་གོ་བ་བཟང་གི རིགས་ལམ་མི་འདུག་ཟེར་གྱི་ཡོད་རེད། རིགས་ལམ་མི་འདུག་ཟེར་བ་དེ་བསྡུས་གྲྭ་ཤེས་ཀྱི་མི་འདུག་ཟེར་གྱི་ཡོད་པ་རེད་དེ། ང་ཚོ་ལ་བསྡུས་གྲྭ་ཤེས་མ་ཤེས་ཆེར་མེད། མདོ་སྒྱུ་སེམས་གསུམ་དང་། ཀུན་མཁྱེན་ཀློང་ཆེན། འཇམ་མགོན་མི་ཕམ་སོགས་ཀྱི་གཞུང་ཟབ་མོ་དེ་ཚོར་བལྟ་རྒྱུ་དང་། བློ་སྦྱོང་དེ་ཚོ་རང་རྒྱུད་ལ་སྦྱོར་རྒྱུ། འཆད་ཉན་གྱི་སྐབས་སུ་དེ་དག་ལ་འཆད་ཉན་དང་། དོན་ཐོག་གི་གོ་བ་ཡག་པོ་རེ་ཨེ་ལོན་དང་། སངས་རྒྱས་ཀྱི་བསྟན་པ་སྤྱི་ཁྱབ་ལ་གོ་བ་ཅུང་ཟད་རེ་ཨེ་ལོན་ལྟ་རྒྱུ་གལ་ཆེ།
ང་ཚོར་དགོས་པའི་རིགས་ལམ།
ཡང་རིགས་ལམ་མི་དགོས་པ་ཡང་མ་རེད། འོན་ཀྱང་། ཆོས་ཀྱི་གྲགས་པའི་རྣམ་འགྲེལ་དང་། ཕྱོགས་ཆོས་འཁོར་ལོ་དགུ་བའི་ནང་དུ་སློབ་དཔོན་ཕྱོགས་གླང་གིས་གསུངས་པ་དག་དང་། གཞན་དོན་ལེའུ་སྐབས་ཀྱི་རྟགས་ཆོས་ཚུལ་གསུམ་གྱི་རྩི་སྟངས་དེ་ཙམ་གྱིས་འགྲིག དེ་འདྲ་ཞིག་གི་ཐོག་ལ་སོོང་ན་སྙམ་པ་ང་རང་གི་ལྟ་ཚུལ་ཡིན། དེ་བཞིན་བླ་རུང་གི་མཁན་པོ་བཤད་གྲྭ་ཁག་ལ་སོང་ཡོད་པ་དེ་ཚོ་དང་། བླ་རུང་སྒར་གྱི་ཡན་ལག་ཡིན་ཟེར་བ་དེ་འདྲ་ཡང་བླ་མ་ཡིད་བཞིན་ནོར་བུ་བཞུགས་ཡོད་སྐབས་མང་པོ་ཡོད་དར། དེ་ཚོ་ཡིན་ན་ཡང་དེའི་ཕྱོགས་ལ་ཐུགས་བསམ་རེ་བཞེས་ན་ཡག་གི་རེད།
དེ་མ་ཡིན་པར་བསྡུས་གྲྭ་ཤུགས་ཆེན་པོ་དར་བ་ཡིན་ན། འདིས་ཟབ་མོ་ཐམས་ཅད་ལ་བློ་ཁ་མི་འགྲོ་བའི་རྐྱེན་བྱེད་སྲིད་གི་རེད།
བསྡུས་གྲྭ་སྦྱོང་སྟངས་ཡག་རྩོག
བསྡུས་གྲྭ་སྦྱོང་སྟངས་ཡག་ན་ཡག་པོ་ཞིག་ཡོང་བ་ཡང་སྲིད། སྔོན་གྱི་དམ་པ་མང་པོ་དང་། དགེ་ལུགས་པའི་ཕྱོགས་ལ་མཚོན་ན་ཡང་། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཅི་འདྲའི་མང་པོ་ཞིག་ཕེབས་པ་རེད། དེ་ཚོས་ཀྱང་མ་དགག་པ་རེད། འོན་ཀྱང་སྦྱོང་སྟངས་རྩོག་ནས་གཅིག་གིས་གཅིག་ཚར་གཅོད་སྤྱད་ཙམ་ཆགས་ན་དོན་སྙིང་ཆེན་པོ་མི་འདུག བཤད་གྲྭར་ལོ་གཅིག་འཆད་ཉན་བྱས་པའི་དམིགས་ཡུལ། སང་ཕོད་དགུན་ཆོས་སྐབས་ཕར་ཕྱོགས་ཚར་གཅོད་པའི་ཆེད་དུ་ཡིན་པ་ཞིག་ཆགས་སོང་ན་དེ་འདྲའི་བཤད་གྲྭ་ཞིག་ལ་དོན་སྙིང་གང་འདྲ་ཡོད་ས་རེད།
འོན་ཀྱང་འདི་དག་བླ་རུང་སྒར་ལ་འཆར་གཞི་བཞག་པ་ཞིག་མིན། འཆར་གཞི་འཇོག་དགོས་ན་ཚང་མ་གྲོས་བསྡུས་བརྒྱུད་དེ་འགྲོ་དགོས་པ་ཞིག་རེད་མ་གཏོགས། མི་གཅིག་གིས་འཇོག་རྒྱུ་ཞིག་ཀྱང་མ་རེད།
རྫོགས་སོ། །།
དེ་རིང་རྫ་ཚེ་ཡང་ཅུང་ཙམ་འཁྱོགས་འདུག
བསྡུས་གྲྭ་དགོས་ཀྱང་བསྡུས་ཚན་ཚང་མ་མི་དགོས། །
རིགས་པའི་འགྲོ་སྟངས་ཆགས་ཙམ་སྦྱངས་ན་ལོས་ཆོག །
གཞུང་ཆེན་རྟོག་གེའི་རིགས་པས་བསླད་པའི་སྐྱོན་འདིས། །
ཆོས་བརྒྱུད་དག་ལ་སྐུ་ངལ་ཆེན་པོ་བཟོས་འདུག །
ད་བལྟས་ན་ཚུལ་བློ་འདི་ཡང་ཏོག་ཙམ་འཁྱོགས་འདུག་་་་ལྷག་བསམ་ཆེ་མདོག་ཕྱི་ཚུལ་ཙམ་ལས་ནང་ན་འཁོན་སེམས་ལྟ་བུ་ཞིག་ཡོད་པ་འདྲ། རྙིང་ཁོངས་ནས་རེ་བ་བྱེད་ས་གཅིག་པུ་དེ་ཡིན་ཟེར་མཁན་མང་ཐལ། བསྡུས་གྲྭས་ཅིག་བྱེད་ཀི་ཟེར་ན། ད་ཁོང་ཡང་ཚར་ཡོད་ཀི། ཁོང་གིས་བསྡུས་གྲྭ་མི་མཁྱེན་པ་འདྲ། འཇིག་རྟེན་བསྡུས་གྲྭ་ལ་ཕྱོགས་དུས། བླ་རུང་སྒར་གཅིག་པུ་ཁ་རོག་གེར་སྡོད། ཧཧཧཧཧ། དགོངས་པ་མ་ཚོམས།
ཚུལ་བློ་འཁྱོག་འདུག་ཟེར་ན་མི་མང་པོ་རྣ་བར་མི་འགྲོ་ཀི་་་་་ཆོས་ཉམས་སུ་ལེན་པར་ལེན་སྟངས་ཤེས་དགོས། དེ་ཡང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་ཐུབ་ན་སྤུས་དག་པོ་ཡོང་གི་ཡོད་པ་ཤེས་ཀི་མོད། སྐད་ཅ་འདི་དེང་སང་རྣ་བར་མི་བཏགས་ཀི་་་་་་མི་ཚེ་ཧྲིལ་པོ་བསྡུས་གྲྭ་ལ་སྐྱེལ་མཁན་གང་ན་འདུག་གམ། ཅིག་སྟོན་དང་དག་ངས་ཕུད་ཆོག་གདའ། ད་དུང་བོད་ནང་དགེ་བཅུ་ཁྲིམས་དང་འབྲེལ་བའི་མ་འཚམས་པའི་ལས་མང་ཙམ་བྱས་ཟིན་ཡང་བདེན་གཏམ་བཤད་ན་ཕྱོགས་ཞེན་གྱི་དབང་དུ་སྦྱར་ཡོང་གི་་་་་་་དུས་ལ་བབ་ཚེ་གསལ་པོ་ཞུ་ཆོག་ཨ།
བསྡུས་གྲྭའི་གོ་དོན་ནི་བཅུ་ཕྲག་རིག་པའི་གནས་དང་ལྷག་དོན་དུ་གཞུང་ལུགས་རྒྱ་ཆེན་པོའི་རིགས་ལམ་གྱི་སྒོ་དང་ཤེས་བྱའི་རྣམ་གྲངས་སོགས་ཀྱི་མདོར་བསྡུས་ནས་བསྟན་པའི་རིག་པའི་ལམ་སྒོ་འབྱེད་བྱེད་ཅིག་ཡིན། དེ་ཡི་ནང་དུ་ཡིན་ལོག་མིན་ལོག་འགལ་མི་འགལ་རྐྱང་རྐྱང་བཤད་པ་ཞིག་མིན། དེའི་ནང་དུ་ཤེས་བྱའི་ཡིན་ལུགས་དང་དབྱེ་བ་དང་ཁྱབ་མཉམ། སེམས་དང་སེམས་འབྱུང་གི་ཡིན་ལུགས། རྟོག་པ་དང་རྟོག་མེད་ཀྱི་ཡིན་ལུགས། རྒྱུ་འབྲས་ཀྱི་གནས་ལུགས། དགེ་མི་དགེའི་གནས་ཚུལ་ལས་སོགས་བསྟན་པའི་གཞུང་ཅིག་རེད། དེ་དག་ནི་དབུ་མ་ཆེན་མོ་དང་ཕྱག་རྒྱ་ཆེན་མོ་དང། གཞན་སྟོང་དང་རྫོགས་ཆེན་སོགས་ཀྱི་གཞུང་ལུགས་རྣམ་གཞག་ཕྲ་བ་ནས་ཤེས་དགོས་ན་དེ་དག་མེད་ན་མི་རུང་བའི་གནད་དོན་ཅིག་རེད་བསམ།
ཚུལ་བློ་འདི་ཕྱོགས་ཞེན་ཆེ་ཙམ་འདུག
རིགས་ལམ་དགོས་བསྡུས་གྲྭ་མི་དགོས་ཟེར་ན་སྨྱོན་པའི་སྐད་དང་གཉིས་སུ་མ་མཆིས། བསྡུས་གྲྭའི་བསྡུས་ཚན་འགའ་རེ་དགོས་ཚང་མ་མི་དགོས་ཟེར་ན་གང་གང་མི་དགོས་པ་སྨོས་དང་། འདི་མི་དགོས་ཞེས་བཤད་མི་ཐུབ་པ་ངས་ཤེས་ཀི། གང་ལ་ཟེར་ན་ཚུལ་ཁྲིམས་བློ་གྲོས་གཙོས་ཁྱེད་ཅག་གིས་བསྡུས་གྲྭ་ཚད་མ་རིགས་པ་མ་ཡིན་པར་ཐག་བཅད་ཡོད་པ་དེ་ལས། འཇིག་རྟེན་གཏམ་དཔེར། ས་ཕྱར་ན་རྡོ་ལྷང་ལ་འབུད་ཟེར་བ་ལྟར་རེད། བསྡུས་གྲྭ་ཟེར་བ་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱ་རྟོག་གེ་ཚིགས་དོན་བརྒྱད་པོ་གོ་བདེ་དང་འཆད་ཉན་གནང་སླ་བའི་ཕྱིར་དུ་བསྡུས་ནས་ཟུར་དུ་བཀོད་པས་ན་བསྡུས་གྲྭ་ཞེས་གནའ་ནས་ད་བར་དུ་མཚན་སྙན་ཧ་ཅང་ཆེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཚད་མ་ཡིད་ཀྱི་མུན་སེལ་དུ་མདོ་ལུང་དང་སྦྱར་ནས་འབྲས་རང་མ་དམིགས་པའི་རྟགས་སོགས་དངོས་སུ་བསྟན་སྟངས་འདིར་བཀོད་ན་ཧ་ཅང་མང་བས་རེ་ཞིག་བཞག།
མདོར་ན་རྙིང་མ་པ་ལ་བསྡུས་གྲྭ་མི་དགོས་ཟེར་ན་རྙིང་མའི་ཞབས་འདྲེན་དང་། རིགས་ལམ་མ་སྦྱངས་ན་རྙིང་མའི་བསྟན་པ་ལྟག་ཆུ་ཆད་པའི་རྫིང་བུ་ནང་བཞིན་ཆགས་ངེས་ཡིན་པ་མངོན་སུམ་དུ་རྟོགས་ཐུབ།
གྲུབ་མཐའ་གཞན་གྱིས་འཇང་དགུན་ཆོས་ཆེན་མོ་འཚོགས་ནས་ཆོས་འཁོར་བར་ཐ་གསུམ་གྱི་བརྗོད་བྱ་རིགས་པས་གཏན་ལ་ཕབས་ན། བླ་རུང་སྒར་ན་སྐྱ་སེར་རྒྱ་གསུམ་འཚོགས་ནས་མགོན་པོ་འོད་མེད་ཀྱི་མཚན་སྔགས་མང་ཙམ་བཏོན་ན་བདེ་བ་ཅན་གྱི་ཞིང་ཁམས་སྐྱེ་རྒྱུར་ཐེ་ཚོམ་མེད་ཟེར་ནས་ཞིང་བསྒྲུབ་ཆེན་མོ་ཟེར་བ་ཞིག་འཚོགས་བཞིན་པ་ནི། དེང་སང་རྒྱ་ནག་ནང་མི་མང་མགོ་བསྐོར་གཏོན་མཁན་གྲྭ་རྫུན་དང་བླ་རྫུན་མང་པོས་ཀྱང་མ་ཎི་ཁྲི་གཉིས་བཏོན་ན་ངན་སོང་དུ་མི་འགྲོ་བ་ངས་ཁག་ཐེག་བྱེད་ཐུབ་ཟེར་བ་དང་། གཏེར་སོགས་ཕུལ་ན་ཕྱུག་པོ་ཆགས་པ་དང་། ཚེ་ཐར་བཏང་ན་ཚེ་རིང་བ། རྡོ་དྲིལ་དང་དཔེ་ཆ་ལག་ཏུ་འཆང་བ་ཙམ་གྱིས་གྲོལ་བ་སོགས་བཤད་ནས་མགོ་བསྐོར་གཏོང་བཞིན་པ་དང་གཞན་ཁྱད་པར་གང་ཡང་མེད། ད་དེ་ཙམ་བྱོས།
་ཧ་ཧ་་་་་ཚུལ་བློའི་སྐད་ཆ་དེ་ལ་བལྟས་ན་ཤེས་ཡོན་མེད་པའི་རྟགས་མང་པོ་མཐོང་ཡ་འདུག བསྡུས་གྲྭ་ཟེར་ན་ཅི་ཡིན་ཅང་ཧ་གོ་བཞིན་ཡོད་ཟོལ་མི་འདུག་ག བསྡུས་གྲྭ་བལྟ་མཁན་དགེ་ལུགས་པ་ཚོ་ཤོག་བུའི་ངོས་སུ་བྲིས་པའི་སྟག་རེད་མདོག་མདོག་ཤུགས་བསྟན་བྱས་འདུག་ག་་་་ཧཧཧ
གོང་གི་སྐད་ཆ་དེ་དག་ལ་དགག་པས་ཆར་པ་འབབ་འབབ་བྱེད་འོང་གི་རེད་འདོད། དགག་པ་བརྒྱབ་ཡ་ལས་སླ་མོ་དེ་འདྲ་རེད་ཤག་་་་་་ཧཧཧ
དགེ་ལུགས་པས་རྣམ་མཁྱེན་མི་རྟག་པ་རེད་ཅེས་བཤད་ཀྱི་ཡོད་པར་བདེན་་་་ཚུལ་བློའི་རང་ལུགས་བྱས་ན་རྣམ་མཁྱེན་རྟག་པ་རེད་དམ། ཧཧཧ་་་་་རྙིང་མ་བའི་རང་ལུགས་བྱས་ན་རྣམ་མཁྱེན་རྟག་པ་རེད་དམ་མི་རྟག་པ་རེད། ལན་རེ་ཡོད་ན་གསུང་རོགས་བྱོས།
རྫ་ཚེ་བཀྲ་ཡིས་ཕབ་སྒྱུར་བྱས་པ་འདི་ཅུང་ཡིད་ཆེས་བྱེད་དཀའ་མོ་འདྲ་ཞིག་རེད། སྔོན་མར་མཁན་པོ་བསོད་དར་གྱི་ཡེ་ཤུའི་འཁྲུངས་སྐར་ལ་དགག་པའི་རྒྱ་ཡིག་ཞིག་ཕབ་སྒྱུར་བྱས་པ་ཡིན་ཟེར་ནས་ཁ་བརྡའི་ཐོག་ཏུ་ལུང་རྟོགད་དང་རྫ་ཚེ་བཀྲ་གཉིས་ཀྱིས་བཀོད་སོང་། རྗེས་སུ་རྫུན་རེད་འདུག མཁན་པོ་བསོད་དར་ཀྱི་རྩོམ་ཡིག་རེད་མི་འདུག བྱས་ཙང་་་མཁན་པོ་ཚུལ་བློ་ཁོ་རང་གི་གསུངས་འདི་བཀོད་ན་ཡིད་ཆེས་ཆོག་པ་ལས་་་་གཞན་ཡིད་ཆེས་ཏོག་ཙམ་ཁག་པོ་རེད། ཁ་བརྡའི་ཐོག་གི་དྲ་པ་ཚོས་ཤེས་དགོས་པའི་གནད་དོན་རེད།
བོན་གྱི་བླ་མ་ཞིག་གིས་འདི་ལྟར་གསུངས་འདུག །
རྩོད་པའི་རྒྱ་མཚོ་གཏིང་ཟབ་བརྒལ་མིན་ན།
འཆད་པ་རིན་ཆེན་གླིང་དུ་མི་ཕྱིན་པས།
རྩོམ་པ་ནོར་བུའི་མཛོད་ལ་སྤྱོད་བྱར་ཅི།
དེའི་ཕྱིར་ཀུན་གྱིས་ཚུལ་འདིར་འཇུག་པར་རིགས། །
དོ་སྣང་གནང་རིན་མི་འདུག་ལོ
རྙིང་མ་པ་ལ་གནའ་སྔ་ནས་བསྡུས་གྲྭ་སྦྱང་བའི་ལམ་སྲོལ་མི་འདུག་ལ་དུས་ད་ཡང་མི་དགོས། བསྡུས་གྲྭ་འི་བདག་པོ་དགེ་ལུགས་པ་ཚོས་བསྡུས་གྲྭ་སྦྱང་ཤོག གཞན་ལ་ཇུས་གཏོག་བྱེད་ཀི་མ་འདུག
སྙིང་མ་པ་ཚོས་རྩོད་པ་མང་པོ་བརྒྱབ་ན་ཁོང་ཚོའི་སྔགས་རྫོགས་གཞུང་ལུགས་ཀྱི་ཉམས་ལེན་ལ་གནོད་སྐྱོན་ཡོང་གི་ཡོད་པ་སྔ་རབས་ནས་བླ་མ་མང་པོས་གསུངས་གནང་བ་དེ་ཧ་ཅང་ངོ་མཚར་ཆེན་པོ་རེད། བླ་མ་དེ་ཚོས་གསུངས་ཚུལ་ག་འདྲ་བྱས་ནས་གསུངས་འདུག་དེ་ཚོ་ཡག་པོ་ཤེས་དགོས་ཀྱི་ཡོད།
ཡིན་ནའང་དེང་སང་གི་སྙིང་མ་འདི་ཚོས་ཕྱག་རྫོགས་དབུ་གསུམ་ལྟ་བ་གཅིག་ཡིན་པར་འདོད་ཀྱི་ཡོད་སྐད་རེད། དེ་ལྟར་དུ་འདོད་པ་ཡིན་ན། བསྡུས་གྲྭ་དང་རྟགས་རིགས་བློ་རིག་གི་རྣམ་བཞག་དེ་ཚོས་གནོད་སའི་གཞི་ལྟ་སྒོམ་དེ་ནི་གཅིག་པ་ཡིན་སོང་དུས། ད་གནོད་བྱེད་དེས་གནོད་རྒྱུ་ཟེར་ཆེན་པོ་རང་ཨ་ཡོད་ན།
བསྡུས་གྲྭ་དང་རྟགས་རིགས་བློ་རིག་གི་རྣམ་བཞག་འདི་ཚོ་སྦྱང་ཐུབ་པ་ཡིན་ན་དགེ་མཚན་ལས་གནོད་སྐྱོན་ཡོད་པར་ཡེ་ནས་མི་འདོད། ཡིན་ནའང་དེ་སྔ་བསྒྲིགས་པའི་ཚད་མ་དང་བློ་རིག་གི་རྣམ་བཞག་འདི་ཚོས་སྔགས་རྫོགས་ཀྱི་གཞུང་ལུགས་སམ་ལྟ་བ་དངོས་དེ་གཏན་ལ་འབེབ་བྱེད་ལ་ནུས་པ་དེ་ཙམ་མེད་པ་ལྟ་བུར་སྣང། ཅིས་ན་གཞུང་ལུགས་ཀྱི་འདོད་ཚུལ་གང་ཞིག་འབད་དེ་ཐ་དད་དུ་གྱུར་བས་སོ། ལྟ་བ་གཏན་ལ་འབེབ་མ་ཐུབ་ན་ཉམས་ལེན་རྒྱུད་ལ་སྦྱོར་མི་ཐུབ། ཉམས་ལེན་རྒྱུད་ལ་སྦྱར་མ་ཐུབ་དུས་དགོས་པ་དེ་ཙམ་མེད་པ་ཞིག་ངང་གིས་མཐོང་གི་ཡོད་པ་རེད། བསྡུས་གྲྭ་མང་པོ་བརྩད་ནས་བསྡད་ན་དུས་ཚོད་འཕྲོག་བརླག་རེད་ཟེར་བ་ནི་སྐད་ཆ་ཧ་ཅང་ཆུང་ཆུང་རེད། དེ་སྐད་ཆ་དངོས་གནས་དེ་མ་རེད། ང་ཚོས་ཤེས་དགོས་པ་དེ་ནི་སྐད་ཆ་དངོས་གནས་ཐུག་ས་དེ་གང་ཡིན་པ་ཤེས་དགོས་ཀྱི་ཡོད། རྣམ་བཞག་འདི་ཚོ་ངེས་པར་དུ་མཁྱེན་དགོས། །
བོད་བཞུགས་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས། ༸གོང་ས་མཆོག་མཇལ་ཁ་དེ་ཆེན་པོ་གཟིགས་པ་རེད། མི་རབས་གཉིས་པའི་མཁན་པོས། དེ་གལ་ཆེན་པོ་མིན་པར་བརྩིས་པ་འདིས། ང་ལ་བློ་དྭོགས་ཅིག་ཤར་བཞིན་ཡོད། དེ་མིན་རང་ལུགས་རྙིང་ཆོས་ཉར་བ་ལ། བཀའ་བསྟན་ཡང་། མ་ལྟ་ཟེར་ན་ཡང་། འགན་འཁུར་ཁོ་རེའི་རང་དབང་རེད། ལགས་མ་རེད་པེ།
རྫ་ཚེས་ཚུལ་བློའི་ལམ་སྟོན་ཟབ་མོ་ཡིག་ཐོག་ཏུ་ཕབ་སྟེ་བཀྲམ་པ་ཤིན་ཏུ་དྲིན་ཆེ། དེ་མིན་འགའ་ཞིག་གིས་ཚུལ་བློས་དེ་ལྟ་བུ་ཞིག་གསུངས་མེད་ཟེར། ཁ་ཤས་ཀྱིས་ངན་རབས་བཤད། མགོ་རྨོངས་མཁན་ནི་མི་མང་རེད། ད་ནི་གསལ་པོ་ཆགས་སོང་། གསུངས་པར་མ་ཟད། ཅུང་ཙམ་་་་་་། འོན་ཀྱང་། ཚུལ་བློར་དགོངས་གཞི་ཟབ་མོ་ཞིག་གམ་དམིགས་ཡུལ་ངེས་ཅན་ཞིག་ཡོད་ངེས། གང་ལྟར་རྫ་ཚེ་ལ་བཀའ་དྲིན་ཆེ་སླར་ཡང་ཞུ།
བསྟན་པ་ཡང་དག་དང་སྟོན་པ་སྐྱོན་མེད་དུ་སྒྲུབ་པའི་རིགས་པ་ནི་ལེགས་ལྡན་དང་ཕྱོགས་ཀྱི་གླང་བོ་ཡབ་སྲས་ཀྱི་གཞུང་ལས་རྒྱས་པ་མི་སྣང་བས་ཕྱཱ་བའི་རིགས་ལམ་གྱི་ཆུ་མགོ་གང་ལ་ཐུག་ས་ནི་ཚད་མ་སྡེ་བདུན་མདོ་དང་བཅས་ལ་ལགས་ན། རང་རེའི་ཤིང་རྟ་ཆེན་པོ་དེ་དག་གི་རྣམ་དཔྱོད་ནི་ཟླ་མེད་པ་མཐོང་ཐུབ་ལ། བཀའ་དྲིན་ཆེན་པོ་ཡིན་པའི་ཚུལ་དེ་ལ་བསམ་ན་ནི་མིག་ཆུ་རང་དབང་མེད་པར་འཆོར་བ་ཞིག་འོང་ངེས་ཡིན་པས་བླུན་པོ་དག་བག་ཡོད་པར་གྱིས་ཤིག་་་
སྔར་བཤད་པ་ལྟར། སྔ་འགྱུར་ལུགས་ལ་བསྡུས་གྲྭ་དང་ཚད་མ་སོ་སོར་བརྩི། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མ་རིགས་པ་ཤིན་ཏུ་གལ་ཆེན་བྱེད། བོད་དུ་ཚད་མ་རིགས་པ་ཐོག་མར་སྤེལ་མཁན་མཁན་ཆེན་ཞི་བ་འཚོ་རྙིང་མའི་བསྟན་པ་དབུ་འཛུག་མཁན་རེད། རོང་ཀློང་རྣམས་ཀྱི་བཞེད་པ་དབུ་ཚད་སེངྒེ་འཇིང་བསྣོལ་དགོས་པར་བཤད། ཀློང་ཆེན་པ་ལ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་གཞུང་ཡོད། མི་ཕམ་ལ་རིག་གཏེར་དང་། རྣམ་འགྲེལ་མཆན་། བསྡུས་ཚན་སོགས་བཞུགས། དེ་ལ་རྙིང་མའི་ཡང་སློབ་སྦྱོང་གནང་། །རྩོད་པ་བྱེད་ཚུལ་ཡང་ཡིན་ཡང་། རྩོད་པའི་ཤན་འབྱེད་ལས། རང་ཉིད་རྒྱལ་བར་འདོད་པའི་ཆགས་པ་དང་། གཞན་དག་ཕམ་པར་འདོད་པའི་ཞེ་སྡང་དང་། །རང་གཞན་གྲུབ་མཐའི་གཞུང་ལ་རྨོངས་པ་གསུམ། རྩོད་པའི་བསམ་པ་དུག་ཅན་ཡིན་པས་སྤོངས། །ཞེས་པ་ལྟར། གཞི་ཀུན་སློང་ཕན་སེམས་ཀྱིས་ཟིན་པ། སྦྱོར་བ་ལུས་ངག་གི་མ་གུས་པ་སྤང་བ། མཐར་འབྲས་ཐེ་ཚོམ་སེལ་བ་ཞིག་དགོས་ཞེས་འཇུ་མི་ཕམ་པ་སོགས་ཀྱི་ཞལ་རྒྱུན་དུ་བཞུགས། རྟོག་གེའི་ཚིག་འཁྲི་ཁོ་ནས་ཚར་གཅོད་ནུས་པ་རིགས་པ་ལ་མཁས་པ་ལས། དཔེ་ཆ་ལ་མཁས་པར་མི་བརྩི། རྙིང་མའི་བསྡུས་གྲྭའི་ངོས་འཛིན། བསྡུས་གྲྭའི་དྲུག་སྒྲ་སོགས་ཤེས་པས་འགྲིག་གཙོ་བོ་བྱས་ནས་རྩོད་མི་དགོས་ཟེར། རྩོད་གཞིའི་སྟེང་དུ་དྲུག་སྒྲའི་ནུས་པ་བརྒྱ་དང་གཅིག་བརྩི་བཞག་བྱེད་པ་སོགས་འདི་གལ་ཆེན་མི་བྱེད། མདོ་ཕྱོགས་ལ་བེད་སྤྱོད་ཆེར་མི་གནང་། སྔགས་ཕྱོགས་ལ་རིགས་པ་དང་གཏན་ཚིག་ཡང་དག་ལས། རྩོད་པ་ལྷུར་ལེན་པའི་བསྡུས་གྲྭའི་རིགས་པ་བཀོལ་མི་རུང་བར་སྨྲ། ཟབ་མོའི་གནས་ལ་རྟོག་གེའི་རིགས་པས་མཇལ་ན་རྩ་ལྷུང་བཅུ་གཅིག་པ་འབྱུང་བས། གསང་བ་སྔགས་ཉམས་སུ་ལེན་པའི་ཆོས་གྲྭ་དང་། སྒྲུབ་སྡེ། སྒོམས་གྲྭ། སྔགས་གྲྭ་སོགས་ལ་བཤད་པ་བྱེད་སྐབས། ཚིག་གསལ་བོ། དོན་མ་འདྲེས་པ། བླ་མ་བརྒྱུད་པའི་ཞལ་རྒྱུན་ཅི་བཞིན་པ། ཡི་གེ་གླེག་བམ། ཚིག་དོན་རེ་རེ་ནས་གུས་པ་དང་བཅས་པའི་སྒོ་ནས་འཆད་པ་ལས་དཔྱད་པ་ཐལ་མི་ཆེ་བར་བཤད། དེ་ཆོས་གྲྭ་སོ་སོའི་ཁྱད་ཆོས་འདོན་ཚུལ་ཡིན་པས་དེ་ག་རང་དུ་འཇོག་པ་ལས་གཅིག་སྡུད་བྱེད་དགོས་པ་ཀྱང་མི་འདུག་སྙམ།
༡༽མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བཀའ་ལན་གང་གནང་ཕྱི་ནང་གཉིས་རེ་ཡོད་པའི་མགོ་བདེའི་གཏམ་མིན་པར་ལྷག་བསམ་གཙང་མས་ཐུགས་ལ་ཤར་ཚད་སྨྲ་བ་དང་། ཕན་ཐོགས་པ་གཙོ་བོ་ལས་རྩོད་པ་ལྷུར་ལེན་པ་མི་གནང་། དེ་བཞིན་རང་ཉིད་ལ་ཀུན་གྱིས་བཀུར་བའི་ཆེད་དུ་ཁ་བདེ་དང་གཞན་ངོ་འཛིན་པའི་གཏམ་སྙན། གྲགས་ཅན་རྣམས་ཀྱི་རྗེས་སུ་འབྲངས་ཏེ་རང་ཉིད་ཀྱི་སྟོབས་དང་དབང་ཐང་རྒྱ་བསྐྱེད་ཆེད་དུ་ཆེན་པོའི་་དཔུང་སྒྲིགས་མི་གནང་། ཀུན་ལ་འཇུག་པ་བདེ་བའི་ལམ་ཁ་གཉེར་མ་ཤེས་པ་དང་མ་ཐུབ་པ་མིན་ཀྱང་ཤ་ཚ་དང་སྙིང་ཉེ་བས་ཅི་མཛད་གཞན་ཕན་ཤ་སྟག་ཡིན་པར་བླ་རུང་གི་མཁན་པོ་གྲྭ་མང་རྣམས་ལ་ཡོངས་སུ་གྲགས། བྱ་བ་རེ་སྤེལ་ཚེ་རང་ཉིད་ལ་སྐུར་འདེབས། ཁ་སྨོད་ཡོང་བ། ཁེ་ཕན་མེད་པ་གསལ་བོ་དགོངས་བཞིན། ཉམས་ཆུང་མི་སེར། ཉམས་ཆུང་སློབ་གཉེར་པ། ཉམས་ཆུང་དུད་འགྲོ་རྣམས་ཀྱི་མགྲིན་ཚབ་བྱས་ཏེ་ཕྱག་ལས་གནང་བཞིན་ཡོད་པ་རྒྱུས་ཡོད་ཀུན་ལ་ཤིན་ཏུ་གསལ་བས་རྒྱུས་ཅི་ཙམ་ཡོད་པ་དེ་ཙམ་གྱིས་གུས་པ་འཕེལ་ཞེས་ཡོངས་སུ་གྲགས། ༢༽ཞལ་སློབ། བཀའ་བརྒྱུད། རྙིང་མ། ཇོ་ནང་། ས་སྐྱ། དགེ་ལུགས་སོགས་ཀྱི་སློབ་མ་མང་། བོད་མི་མང་ལོ་ཆུང་ཁྲོད་ཀུན་གྱིས་བཀུར་བའི་གྲྭ་བ་ལོ་གཞོན་ཨང་དང་པོ་དེ་རེད། ཁོང་ལ་ལྟོས་བཅས་ཀྱི་བཀའ་བརྒྱུད་དང་ཇོ་ནང་པའི་མཁན་པོ་རྣམས་ལ་བཀའ་སློབ་གནང་པར་འགལ་བ་མེད་སྙམ། བཀའ་བརྒྱུད་པའི་མཁན་པོའི་ཁྲོད་ཁོང་ལྟ་བུའི་བཀའ་བརྒྱུད་ཀྱི་སློབ་མ་གྲངས་མང་པོ། ལོ་ནས་ལོའི་བར་དཀའ་ལས་བརྒྱབ་ནས་སྐྱོང་མཁན་དཀོན་པོ་རེད། དེ་བཞིན་མཁན་པོ་ཞིག་ལ་བཀའ་བརྒྱུད་སློབ་མ་མང་ཤོས་རེད་ཅེས་བཤད་ཀྱང་སྐྱོན་དུ་མི་འགྱུར། ཆོས་བརྒྱུད་དང་རིགས་རུས་ཀྱི་འབྲེལ་བ་བྱས་ན་སོ་སོའི་དབུ་འཛིན་དེ་གཙོ་བོ་ཡིན་པ་སྨོས་མེད་ལ། ཆོས་ཀྱི་བཀའ་དྲིན་གྱིས་ངོས་ནས་བྱས་ན་རང་ཉིད་ལ་བླང་དོར་གྱི་མིག་འབྱེད་པའི་དཔེ་ཁྲིད་ཀྱི་བཤེས་ཉེན་གཙོ་བོར་བརྩི་བས། སློབ་དཔོན་གྱིས་རང་གི་སློབ་བུར་སྙིང་གཏམ་གནང་བར་གཞན་ལ་ཐེ་གཏོགས་ཅི་ཡོད། ༣༽ཁམས་ཕྱོགས་ཀྱི་རྙིང་མའི་བླ་སྤྲུལ་དགེ་འདུན་པ་བརྒྱ་ཆའི་80་ཙམ་ཁོང་ལ་ཆོས་འབྲེལ་ཡོད་ཅིང་། རྙིང་མའི་བསྟན་བདག་ཏུ་འཁོད་པ་ལ་དཀའ་བ་མེད་མོད། ཁོང་ལ་ཁྲི་བ་སོགས་ཀྱི་ཐུགས་བཞེད་མེད་པ་དང་། བོད་ནང་ཁུལ་དུ་ཕྱག་ལས་རྒྱ་ཆེ་བས་ཕེབས་མི་བདེ་བ། གང་འགྲོ་གཞན་དབང་དུ་གྱུར། སྣ་ཐག་གཞུང་ཆེན་པོས་འཛིན་པ་སོགས་ཀྱིས་གདན་འདྲེན་ཞུ་མཁན་ཤིན་ཏུ་མང་ཡང་རེ་ཞིག་བཞག་གནང་པ་རེད། གང་བཤད་པ་ཆགས་སྡང་འཔེལ་བའི་རྒྱུ་རུ་མ་གྱུར་ཅིག །
ནམ་རྒྱུན་རྫ་ཚེ་འདི་ཅུང་གཟུར་པོར་གནས་པ་ཅིག་ལ་ངོས་འཛིན་ཡོད། ད་རེས་ཁོས་་དགེ་ལུགས་པས་རྣམ་མཁྱེན་མི་རྟག་པ་རེད་ཟེར་གི་ཡོད་པ་རེད་ཟེར་ནས་ཡིག་ཐོག་ལ་ཕབ་སྟངས་ལ་བལྟས་ན་ཁོ་ལ་གླེན་རྟགས་ཅུང་ཞིག་མེད་དམ་སྙམ་པ་ཞིག་ཀྱང་འདུག གང་ལྟར་རྫ་ཚེས་མ་བསྒྱུར་ན་ཡང་མགོ་ལོག་གི་སྐད་ང་ཚོས་ཡང་གོ་གི་ཡོད། གང་ལྟར་འདི་ནི་སོ་སོས་ཨམ་ཆོག་གབ་ནས་དྲིལ་བུ་རྐུ་པའི་དཔེ་ལས་མ་འདས་པས་གད་མོ་ཤོར་ཡ་རང་རེད།
རྣམ་མཁྱེན་རྟག་མི་རྟག་གང་ཡིན་རྩོད་པ་ཞིག་བྱེད་ན་གང་འདྲ་འདུག་གམ། ཚིག་སྦམ་པོས་ས་ཆོད་ཁག་པོ་རེད། དེ་ནས་བསྡུས་གྲྭ་དགོས་དང་མི་དགོས་ཀྱི་གནད་དོན་ཐག་ཆོད་བྱེད་ཐུབ་ཀྱི་རེད་བསམ།།
ཁྱུང་སེ་ལགས། འདི་རྣམ་མཁྱེན་རྟག་དང་མི་རྟག་གི་རྩོད་པ་ཞིག་མ་རེད། རྫ་ཚེས་ཚུལ་བློའི་གཏམ་ཁ་བསྒྱུར་ཐབས་ཀྱི་གཡོ་བྱུས་ཞིག་རེད། གསལ་པོར་བཤད་ན་ཚུལ་བློས་དགེ་ལུགས་པས་ཇོ་ནང་པ་མི་སྟེགས་རེད་ཟེར་གི་ཡོད་ནི་རེད་ཟེར་བ་འདི། རྫ་ཚེས་ཁ་བསྒྱུར་དེ་དགེ་ལུགས་པས་རྣམ་མཁྱེན་མི་རྟག་པ་རེད་ཟེར་གི་ཡོད་ནི་རེད་ཞེས་ཡིག་ཐོག་ལ་ཕབ་པ་རེད། མདོར་ན་འདི་ནི་རྫ་ཚེས་གླེན་རྟགས་བསྟན་པ་ཞིག་རེད་མ་གཏོགས་འདི་ཡིས་ཚུལ་བློ་དག་འབུད་བྱེད་མི་ཐུབ་ལ་གནས་ཚུལ་ཚབས་ཆུང་དུ་ཡང་གཏོང་མི་ཐུབ།
འོ་ཡ་མ་ལགས་དེ་འདྲ་ད་ཨའི་ཡིན་ན། ཚུལ་བློས་དགེ་ལུགས་པས་ཇོ་ནང་པ་མུ་སྟེགས་རེད་ཅེས་བཤད་ཡོད་དམ
བསྡུས་གྲྭ་དགོས་མིན་སྐོར་གྱི་བགྲོ་གླེང་ལ་དཔྱད་པ།
2016-01-23 དོ་སྣང་☞ 谢塘梅朵
བསྡུས་གྲྭ་དགོས་མིན་སྐོར་གྱི་བགྲོ་གླེང་ལ་དཔྱད་པ།
རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
ཡང་རྩེར་འཛེགས་པའི་སྐས་ཐེམ་བཞིན། །
ཀླུ་ཐོགས་གཉིས་ཀྱི་དགོངས་ཀློང་དུ། །
རིག་པའི་གཤོག་རྩལ་བརྐྱང་འདོད་ན། །
རིགས་ལམ་རླུང་གི་རྟ་ལ་ཞོན། །
བདེ་བླག་ཉིད་དུ་རིག་གཞུང་རྟོགས། །
བརྡ་དག་ཚིག་གསལ་བོད་སྐད་གཙང་། །
དུས་གསུམ་འཛོལ་མེད་འབྲི་འདོད་ན། །
སུམ་རྟགས་གཉིས་ཀྱི་གཞུང་ལ་སྦྱོངས། །
སྒེག་པའི་དབྱངས་ཀྱི་ཚིག་སྦྱོར་སྙན། །
ཉམས་འགྱུར་འབུམ་གྱིས་བརྗོད་དོན་ཕྱུག །
ལད་ཟློས་སྤང་པའི་རང་སྐད་ཀྱི། །
རྩོམ་རིག་འདོད་ན་སྙན་གཞུང་ལྟོས། །
ཉེ་ཆར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྡུས་གྲྭ་སྦྱོང་པ་ལ་དགོས་པ་མེད་པའི་སྐོར་གསུངས་པ་རེད། ཅེས་དེ་ལ་འགྲིག་མིན་སྐོར་མང་པོ་ཞིག་འཕྲིན་ཕྲན་བརྒྱུད་ནས་སོ་སོའི་ལྟ་ཚུལ་རྣམས་བཤད་ཅིང་འདུག དེ་ལ་བརྟེན་ནས་ཕྲན་གྱིས་ཀྱང་དེང་དུས་བོད་ཀྱི་རིག་གཞུང་གང་ཞིག་དགོས་པ་དང་། གང་ཞིག་མི་དགོས་པ་ཡིན་པ་བཤད་མཁན་དག་ལ་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར།།
གཅིག བསྡུས་གྲྭ་དགོས་མིན་གྱི་སྐོར།
སྤྱིར་བཏང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལྟ་བུ་མཁས་པ་ཆེན་པོ་ཞིག་གིས་བསྡུས་གྲྭ་བསླབ་མི་དགོས་པ་གསུང་མི་སྲིད་པ་བསམ་བྱུང་། གཅིག་བྱས་ནས་ཁོང་གི་གསུང་ལ་མི་རྣམས་ཀྱིས་གོ་ནོར་ཐེབས་པའང་ཡིན་སྲིད། ཡང་ན་དགོངས་པ་དང་ལྡེམ་དགོངས་ཀྱི་གསུང་ཡིན་ན་དོན་དག་ཁ་ཁ་རེད། དཔེར་ན། ཚད་མ་རྣམ་འགྲེལ་དང་། རྣམ་ངེས་སོགས་ཀྱི་ལུང་བཏོན་པ་ལ་བསྡུས་གྲྭ་ཤེས་མི་དགོས་པ་དང་། ཡང་ན་དག་ཡིག་གི་ངོས་ནས་ཚད་མའི་རིག་གཞུང་ལ་ཚིག་འགྲེལ་བྱ་བ་ལ་བསྡུས་གྲྭ་ཤེས་མི་དགོས་པ་གསུངས་སྲིད་པ་རེད། དེ་ལྟར་མིན་ན་ཚད་མ་རིག་པ་ནི་གཞུང་ཆེན་རྣམས་ཀྱི་དགོངས་པ་གཏན་ལ་ཕབས་པའི་རིགས་ལམ་མེད་ཐབས་མེད་པ་ཞིག་ཡིན་ལ། རིགས་ལམ་དེ་བྱང་ཆུབ་པར་ཞིག་དགོས་ན་བསྡུས་གྲྭར་མ་སྦྱང་ན་རིགས་ལམ་བྱང་པ་ཞིག་ཡོང་མི་སྲིད་པ་ཞིག་རེད། དེས་ན་དབུ་ཕར་འདུལ་མཛོད་ཀྱི་གཞུང་རྣམས་མཐར་ཕྱིན་པ་ཞིག་གོ་དགོས་ན་ཚད་མའི་རིག་པ་བྱང་ཆུབ་པ་ཞིག་ཤེས་དགོས་ལ། ཚད་མའི་རིག་པ་བྱང་ཆུབ་པ་ཞིག་དགོས་ན་ངེས་པར་དུ་བསྡུས་གྲྭ་ནས་མགོ་བཙུགས་ཏེ་སྦྱང་དགོས། སྤྱིར་ཚད་མ་རིག་པ་ནི་མཚན་ཉིད་རིག་པ་ཡིན་ཞིང་། དེ་ནི་གནའ་བོའི་ཆོས་ཀྱི་རིག་གཞུང་དང་། དེང་རབས་ཚན་རིག་རིག་གཞུང་། སྲིད་འབྱོར་རིག་གསུམ་གྱི་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་སྒྲོམ་གཞི་ཞིག་ཡིན། ཚད་མ་རིག་པའི་སྒྲོམ་གཞིའི་ནང་དུ་ཐུན་མོང་དང་། ཐུན་མིན་གྱི་རིག་གནས་ཐམས་ཅད་ལ་སོ་སོའི་རིག་པའི་སྤྱི་འགྲོས་(公式) རེ་གཏན་འབེབ་བྱས་ཡོད་པ་རེད། དེས་ནས་ཚད་མ་རིག་པའི་གཞུང་ལུགས་ལ་མཁས་པ་མཐར་ཕྱིན་པ་ཞིག་བྱ་དགོས་ན། ཐོག་མར་བསྡུས་གྲྭ་བྱང་ཆུབ་པ་ཞིག་མ་བྱང་ན་ཚད་མ་མཁས་པ་ཡོང་ཐབས་མེད་དེ། ཚད་མ་རིག་པའི་བརྗོད་བྱ་གཙོ་བོ་གང་ཡིན་མདོར་བསྡུས་ནས་བཤད་ན། ཤེས་བྱའི་ཡུལ།(客观存在) ཤེས་བྱེད་བློ།(主观意识) བློ་དང་ཡུལ་གཉིས་འབྲེལ་བ་གྲུབ་ཚུལ་དང་གསུམ་གྱི་ནང་དུ་འདུས་ཡོད་པ་རེད། ང་ཚོ་སོ་སྐྱེའི་ས་ལ་གནས་པའི་གང་ཟག་རྣམས་ཀྱིས། དེ་དག་སོ་སོའི་རང་བཞིན་དང་ཆོས་ཉིད་གསལ་པོར་བཤད་དགོས་ན། དེ་དག་གི་མཚན་གཞི་དང་། མཚན་ཉིད་ཀྱི་མཚན་མཚོན་ཁྱབ་པ་སྒོ་བརྒྱད་ཀྱི་འབྲེལ་བ་ངེས་དགོས། གལ་སྲིད་བསྡུས་གྲྭའི་རིགས་ལམ་ཡང་དག་པ་མི་ཤེས་པ་ཞིག་གིས་ཚད་མ་རྣམ་འགྲེལ་དང་། རྣམ་ངེས་སོགས་ཚད་མའི་གཞུང་ལུགས་ཡང་དག་པ་དང་། མཐར་ཕྱིན་པ་ཞིག་བཤད་མི་ཐུབ་པ་ནི་ཤེས་སླ། འོན་ཀྱང་ཚད་མ་རྣམ་འགྲེལ་སོགས་ཀྱི་ལུང་བཏོན་པ་དང་། ཚིག་འགྲེལ་འདྲ་པོའི་ཐོག་ནས་འཆད་ཁྲིད་གནང་ན་བསྡུས་གྲྭ་མ་ཤེས་ནའང་འགྲིག་འགྲོ་བགྱི་རེད། །
མདོར་བསྡུས་ན། ཚད་མའི་གཞུང་བསླབ་པ་ལ་ཐོག་མར་བསྡུས་གྲྭ་མི་དགོས་ཟེར་བ་ནི། སུམ་རྟགས་དག་གསུམ་སྦྱོང་པ་ལ་ཐོག་མར་ཀ་ཁའི་སྦྱོར་ཀློག་མཐར་ཕྱིན་པ་ཞིག་བསླབ་མི་དགོས་ཟེར་བ་དང་དོན་གཅིག
གཉིས། སུམ་རྟགས་དང་སྙན་ངག་མི་དགོས་ཟེར་བ།
དེང་དུས་སློབ་གྲྭའི་ནང་དུ་སུམ་རྟགས་དང་སྙན་ངག་དགོས་མཁོ་མི་ཆེ་ཟེར་བའི་དགེ་རྒན་ཁག་གཅིག་བྱུང་དང་འབྱུང་བཞིན་པ་རེད། འཛམ་བུ་གླིང་གི་མི་རིགས་མི་འདྲ་བ་སུ་ཡིན་ཀྱང་སློབ་གྲྭའི་ནང་དུ་ཐོག་མར་སྦྱོང་རྒྱུ་ནི་སྐད་ཡིག་དང་། སུམ་རྟགས་དག་གསུམ་ཡིན་པར་སྨོས་མ་དགོས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་བོད་ཡིག་ཐོག་མར་སླར་གསོའི་སྐབས་སུ་བོད་ཁམས་ཡོངས་ལ་སུམ་རྟགས་དག་གསུམ་དར་རྒྱས་ཡག་པོ་བྱུང་བ་དེས་བོད་ཡིག་འཕེལ་རྒྱས་ལ་ཕན་ཐོག་ཆེན་པོ་བྱུང་ཡོད། དེང་དུས་སློབ་གྲྭ་ཆེན་མོའི་ནང་དུ་དགེ་རྒན་འགའ་ཞིག་གིས་རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། སུམ་རྟགས་དང་། སྙན་ངག་ལ་དགོས་པ་མེད་ཚུལ་བཤད་པས་སློབ་མ་ཚོས་ཀྱང་དེ་དག་ལ་དོ་སྣང་མ་བྱས་པའི་དབང་གིས། དེང་དུས་ཁམས་དང་ཨ་མདོའི་ཕྱོགས་ནས་ཡིག་ནོར་ཁ་བ་འབབ་འབབ་ཡོང་གི་འདུག སློབ་གྲྭ་ཆེན་མོ་བ་ལྟ་ཅི། རབ་འབྱམས་པ་དང་། འབུམ་རམས་པ་རྣམས་ཀྱི་དཔྱད་རྩོམ་ནང་དུ་ཡིག་ནོར་དང་། ལྷག་པར་དུ་བྱ་ཚིག་རྣམས་ནི་འདས་མ་འོངས་གོ་ལྡོག་སྟེ་འབྲི་མཁན་ཇེ་མང་དུ་འགྲོ་བ་འདི་ནི་དགེ་རྒན་ཁག་གཅིག་གིས་རང་གི་མི་ཤེས་པ་རྒྱུ་མཚན་ཏུ་བྱས་ཏེ།
སུམ་རྟགས་དང་། སྙན་ངག་ལ་དགོས་པ་མེད་ཚུལ་བཤད་པས་སློབ་མ་ཚོས་ཀྱང་དེ་དག་ལ་དོ་སྣང་མ་བྱས་པའི་དབང་གིས། དེང་དུས་ཁམས་དང་ཨ་མདོའི་ཕྱོགས་ནས་ཡིག་ནོར་ཁ་བ་འབབ་འབབ་ཡོང་གི་འདུག སློབ་གྲྭ་ཆེན་མོ་བ་ལྟ་ཅི། རབ་འབྱམས་པ་དང་། འབུམ་རམས་པ་རྣམས་ཀྱི་དཔྱད་རྩོམ་ནང་དུ་ཡིག་ནོར་དང་། ལྷག་པར་དུ་བྱ་ཚིག་རྣམས་ནི་འདས་མ་འོངས་གོ་ལྡོག་སྟེ་འབྲི་མཁན་ཇེ་མང་དུ་འགྲོ་བ་འདི་ནི་དགེ་རྒན་ཁག་གཅིག་གིས་རང་གི་མི་ཤེས་པ་རྒྱུ་མཚན་ཏུ་བྱས་ཏེ། སུམ་རྟགས་དག་གསུམ་གལ་ཆེན་མ་ཡིན་པར་བཤད་པས། གཞོན་ནུ་རྣམས་ཀྱིས་སུམ་རྟགས་དག་གསུམ་སྣང་མེད་དུ་བཏང་། ཁ་ནས་གང་བྱུང་གི་ཡུལ་སྐད་ཡིག་ཐོག་ཏུ་བྲིས་པ་འདི་ཡིས། མ་འོངས་པར་བོད་ཀྱི་སྤྱི་སྐད་ཕར་ཞོགས། སྤྱིར་ཡིག་ཀྱང་མེད་པར་འགྱུར་བའི་ཉེན་ཁ་ལ་སླེབས་འདུག་པས། ཀུན་ཀྱིས་བརྩི་བཀུར་བྱ་ཡུལ་བླ་སྤྲུལ་དང་། དགེ་རྒན་རྣམ་པས་ཐུགས་བསམ་ལེགས་པར་བཞེས་ནས་གསུང་བཤད་གནང་ན་ལེགས་པར་སེམས། །
དེ་བཞིན་དུ་དེང་དུས་སློབ་གྲྭའི་དགེ་རྒན་གྱི་ཁྲོད་དུ་སྙན་ངག་མེ་ལོང་མའི་གཞུང་ལ་མ་སྦྱོང་ནའང་རྩོམ་རིག་གསར་གཏོད་དང་། སྙན་རྩོམ་འབྲི་བའི་ལས་ཀ་བྱེད་ཐུབ་པའི་བཤད་སྲོལ་ཞིག་དར་ཁྱབ་ཡོད་འདུག དེ་ནི་ས་སྐྱ་པཎྜི་ཏས།
སྣ་ཡི་ཚབ་དང་ཉོས་པའི་བུ། །
གཡར་པོའི་རྒྱན་དང་བརྐུས་པའི་ནོར། །
སློབ་དཔོན་མེད་པའི་རིག་པ་རྣམས། །
ཡོད་ཀྱང་གཞན་གྱིས་བརྩི་བ་མེད།
ཅེས་གསུངས་པ་ལྟར། རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་མ་མྱོང་པའི་རྩོམ་པ་པོ་ཞིག་ཡོད་ན་དེ་ནི་གཞན་གྱིས་རྩོམ་ཆོས་སྙན་འཇེབས་ཅན་དག་ལ་དཔེ་བལྟས་ནས་ལད་ཟློས་ཀྱི་རྩོམ་ཡིག་ཡིན་པ་སྨོས་མ་དགོས་པ་རེད། གལ་སྲིད་རྒྱ་ཡིག་གི་རྩོམ་དེབ་ཁ་ཤས་བཀླགས། དེ་ལ་དཔེ་བལྟས་པའམ་དེའི་དོན་བོད་ཡིག་ཏུ་བསྒྱུར་ནས་རང་རྩོམ་ཡིན་ཟོལ་གྱིས་འགྲེམས་སྤེལ་བྱས་པ་ནི་རང་རྩོམ་དངོས་མིན་པས། དེ་ལ་རྩོམ་པ་པོའི་སྒྲ་དོན་ཡང་འཇུག་མི་སྲིད་དེ། ས་སྐྱ་པཎྜི་ཏས།
མ་དཔྱད་པ་ལས་དོན་གྲུབ་པ། །
བྱུང་ཡང་མཛངས་པ་སུ་ཞིག་བརྩི། །
སྲིན་འབུ་དག་གིས་ཟོས་པའི་རྗེས། །
ཡི་གེ་བྱུང་ཡང་ཡིག་མཁན་མིན།
ཞེས་གསུངས་པ་ལྟར་རོ། དེས་ན་སྙན་ངག་མེ་ལོང་མ་ནི་སྙན་ངག་གི་དཔེ་བརྗོད་རྩོམ་ཚུལ་གཅིག་པུ་མ་ཡིན་པ། རྩོམ་རིག་གི་རིག་པའི་གཞུང་ལུགས་ཤིག་ཡིན་ཏེ། དེའི་ནང་དུ་རྩོམ་རིག་གི་ལུས་དང་། རྒྱན། སྐྱོན་སེལ་བཅས་སྙན་རྩོམ་གྱི་རིག་གཞུང་ཆ་ཚང་ཡོད་པའི་ཕྱིར་ན། བོད་ཡིག་གི་རྩོམ་པ་པོ་གྲགས་ཆེན་ཞིག་ཏུ་འགྱུར་བར་འདོད་པའི་གང་ཟག་གང་ཞིག ངེས་པར་དུ་སྙན་ངག་མེ་ལོང་མའི་གཞུང་མཐར་ཕྱིན་པ་ཞིག་བསླབ་དགོས། །
ཁོ་བོའི་བསམ་ཚུལ་ནི། གནའ་བོའི་སྲོལ་རྒྱུན་རིག་གནས་དང་། དེང་རབས་ཚན་རིག་གཞུང་ལུགས་གང་ཡིན་ཡང་ཚང་མ་རང་རང་གི་ཆེད་ལས་དང་བསྟུན་ནས་འབད་བརྩོན་གྱིས་སྦྱང་དགོས་པ་ནི་སྨོས་མ་དགོས་པ་རེད། དེ་ལས་བོད་ཀྱི་སྐད་ཡིག་ཐོག་ནས་ཆོས་དང་འཇིག་རྟེན་གང་ཞིག་གི་རིག་གཞུང་བསླབ་དགོས་ན། ཐོག་མར་སུམ་རྟགས་དག་གསུམ་དང་། སྙན་ངག ཚད་མའི་རིགས་ལམ་བཅས་ཕུལ་དུ་བྱུང་བ་ཞིག་མ་ཤེས་ཐབས་མེད། དེ་དག་མི་ཤེས་པ་དག་གིས་རིག་གཞུང་གསར་རྙིང་གང་ལ་བསླབ་དགོས་ཀྱང་དཀའ་ངལ་ཆེ་བ་མ་ཟད། བོད་ཡིག་ཐོག་ལས་ཀ་བསྒྲུབ་དགོས་ནའང་སྤུས་ཚད་ཅན་གྱི་ལས་ཀ་བསྒྲུབ་མི་ཐུབ་པ་ནི་བཤད་མ་དགོས་པ་རེད། །
མ་ཤེས་པ་ནི་དགོས་མེད་མིན། །
མ་མཐོང་པ་ནི་མེད་པ་མིན། །
མ་བརྟག་པ་ནི་ཤེས་རབ་མིན། །
མ་རིག་པ་ལ་དོགས་ཟོན་མཛོད། །
ཅེས་པ་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་སློབ་གྲྭ་དང་དགོན་པའི་ནང་དུ་རིག་གནས་འཕེལ་རྒྱས་ལ་གནོད་པའི་ལབ་གླེང་གི་གཏམ་ཉོག་འགའ་ཞིག་ཐོས་པར་རྐྱེན་བྱས་ནས་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་རྨང་གཞི་སུམ་རྟགས་དག་གསུམ། སྙན་ངག བསྡུས་གྲྭ་བཅས་ཀྱི་རིན་ཐང་མདོར་ཙམ་བརྗོད་པ་འདི་ནི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༦ལོའི་ཟླ་བ་དང་པོའི་ཚེས་༢༣ཉིན་རྒྱལ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ།།
་་་་་་་་་་ ་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་རྨང་གཞི་སུམ་རྟགས་དག་གསུམ། སྙན་ངག བསྡུས་གྲྭ་བཅས་ཀྱི་རིན་ཐང་མདོར་ཙམ་བརྗོད་པ་འདི་ནི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༦ལོའི་ཟླ་བ་དང་པོའི་ཚེས་༢༣ཉིན་རྒྱལ་ནག་པེ་ཅིང་གྲོང་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྤྲིངས་སོ།། ་་་་་་་་་་
བོད་ཕྱི་ནང་གཉིས་ཀར་ལོ་རེ་ནས་ལོ་རེར་བོད་ཀྱི་རིག་གནས་རྩ་བ་ནས་སྦྱོང་བརྩོན་བྱེད་འདོད་མེད་མཁན་གྱི་གཞོན་སྐྱེས་ཇི་སྙེད་ཅིག་གྱུར་དང་འགྱུར་བཞིན་འདུག །ཁྱེད་རྣམ་པས་དེ་ཚོ་མཐོང་གི་འདུག་གམ། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཁོང་ཚོའི་ཆོས་སྒར་དུ་བསྡུས་གྲྭ་འོས་འཚམས་ཤིག་ལས་སྦྱོང་མི་དགོས་ཚུལ་དང་སྦྱོང་སྟངས་དེའང་དོན་ལྡན་ཞིག་ལས་རང་རྒྱལ་གཞན་ཕམ་གྱི་ཆེད་དུ་བྱ་རྒྱུ་མེད་ཚུལ་གསུངས་པར་གཤེ་གཤེ་དགོས་དོན་གང་ཡང་མི་འདུག་པ། མ་གཞི་རྣམ་པ་ཚོ་ལ་རྒྱབ་ལྗོངས་དམིགས་བསལ་ཅན་མོ་འདྲ་ཡོད་ན་ནི་བདག་གིས་མི་ཤེས་སོ། ཧི་ཧི་ཧི་ཧི་ཧི་ཧི་ཧི་་་་
བསྡུས་གྲྭའི་ཕན་ཐོགས་ཡོད་མེད་ལ་བསམ་བློ་གཉིས་གཏོང་དགོས། རྩོད་རིག་གོང་དུ་འཕེལ་བ་ལ་ཕན་ཐོགས་ཡོད་ཀྱང་ནང་ཆོས་ཀྱི་ཉམས་ལེན་དང་འདུལ་བའི་ཀུན་སྤྱོད། དེ་བཞིན་དད་པ་དང་དག་སྣང་། ཐ་ན་བོད་ཀྱི་སུམ་རྟགས་དག་གསུམ་ཙམ་ཡར་རྒྱས་འགྲོ་བ་ལ་ཕན་ཐོགས་ཁག་པོ་རེད། བཙན་བྱོལ་ནང་སློབ་གྲྭ་ཁག་ལ་ལོ་ངོ་ལྔ་བཅུ་ལྷག་གི་རིང་བསྡུས་གྲྭ་བསླབ་པ་རེད། ད་ཆར་གྲུབ་འབྲས་གང་ཐོབ་འདུག་ལེགས་པ་གཟིགས་དང་ཤེས་འོང་། གདན་སའི་གྲྭ་པ་ལ་མི་མང་གི་མཐོང་དང་ཆབ་འཇོག་ག་ཚོད་འདུག རྒྱང་རིང་ལ་བལྟ་མི་དགོས། གདན་སའི་ཉེ་འཁོར་ན་ཡོད་པའི་བོད་པ་དང་རྒྱ་གར་བ་ལ་དྲིས་དང་ཤེས། ད་ལྟར་བཙན་བྱོལ་བ་ཚོས་ཕྱི་རྒྱལ་ཁག་ལ་འགྲོ་དགོས་སྐབས་དཀའ་ངལ་ག་ཚོད་མི་འདུག་གམ། སྤྱིར་བསྡུས་གྲྭ་ཤེས་ན་བཟང་མོད། ཡིན་ནའང་ད་ཆར་དགོས་ངེས་པ་དེ་ནང་ཆོས་ཀྱི་བསླབ་བྱ་བཟང་པོ་རྣམས་ལ་གོམ་བཅུག་རྒྱུ་དེ་གལ་ཆེན་པོར་ཆགས་ཡོད། བསྡུས་གྲྭ་ཤེས་ན་གདན་ལུགས་ལ་མཁས་ན་དོལ་རྒྱལ་བརྟེན་མཁན་ཚོས་དེ་འདྲ་རྨོངས་དོན་གང་ཡིན་ནམ། བསྡུས་གྲྭ་ལ་བྱངས་ན་ལས་འབྲས་ལ་ཡིད་ཆེས་འཕེར་བ་བདེན་ན་དགའ་ལྡན་ཁྲི་ཐོགས་བརྒྱ་དང་གཅིག་པ་ལུགས་རིགས་རྣམ་རྒྱལ་དོལ་ཚོགས་ནང་དུ་འཛུལ། རྒྱ་ནག་ལ་མགོ་འབུལ། དགའ་ལྡན་ཁྲི་པའི་གོ་གནད་ཆེད་དོལ་རྒྱལ་སྤངས་ཟིན་ཟེར་ན་ཡོད་ཚད་མགོ་བསྐོར་བཏང་དོན་གང་ཡིན་ནམ།