འབའ་སྲས།
སྣང་བ་ཤེལ་གྱི་རྩིག་ངོས་སུ།།
མི་རྟག་སྒྱུ་མའི་རི་མོ་འབུམ།།
ཡིད་ཀྱི་རྣམ་རྒྱལ་ཁང་བཟང་དུ།།
ཅིག་གྱུར་ཤར་བའི་བསླུ་བྲིད་རྒོད།།
རྨི་ལམ་གཤོག་ཟུང་བསྐྱོད་པ་ཡི།།
འདོད་ཆེན་མཁའ་ལ་ལྡིང་བའི་བྱ།།
ཟིན་མེད་འོད་ཀྱི་གོང་བུ་ནི།།
ཟན་དུ་འཚོལ་ཕྱིར་ཉམས་པས་ངལ།།
སིལ་བུས་སྐམ་པའི་རྩ་ཕྲན་གྱིས།།
ཡལ་གར་བཏགས་པའི་སྡོང་ལོ་ཡི།།
རྡུལ་གྱི་གོས་ལ་མདངས་འཕྱོ་བ།།
སྣང་བའི་འདབ་མས་ཁ་སྦྱོར་བྲེལ།།
གང་ཞིག་འཇིག་རྟེན་འཚོ་བའི་རླབས།།
སྣང་བའི་རླུང་གིས་སྐྱོམ་པ་ཡི།།
ཆུ་ཐིགས་བྱེ་མར་ཆགས་པའི་ཟེར།།
ཆེམ་ཆེམ་འཚེར་བའི་འོད་ལ་མཐོང་།།
རྐམ་པའི་རྐང་བ་འཛེགས་པའི་སྐས།།
རླུང་གི་ཡོལ་བར་བཙུགས་པའི་ལམ།།
འགྲིམས་པའི་མིའུ་ཐུང་གོམ་པ་ནི།།
མཛུབ་མོའི་དབར་གྱི་ས་ཡིས་འཇལ།།
མི་རྟག་འཚུབ་མའི་དཀྱིལ་འཁོར་ལ།།
འདོད་རྔམ་ཞབས་ཟུང་བཀོད་པའི་སྲས།།
འཁོར་བཅས་གདུགས་དཀར་བཟུང་པའི་ཕྱག །
ཞོ་འཐུང་སྤུ་གྲི་གདེངས་པས་འཕྱ།།
མེ་ཆར་ལྷུང་བ་མེ་ཏོག་གི །
འདབ་མ་ཐོར་བ་ལ་འཁྲུལ་ཏེ།།
ལག་རིས་མཛེས་པར་བླངས་པ་ཡིས།།
སྒེག་པ་མོ་ཡི་སོར་མོ་གས།།
སེམས་ཀྱི་མུན་པ་འཕྱོ་བའི་ནགས།།
རླུང་གི་རྒྱལ་མཚན་གྱོན་པའི་འཇའ།།
ལྷན་ཅིག་གནས་འོང་ལྟད་མོ་ལ།།
ངང་སྒུག་ནུ་ཞོ་ལྟོ་ཅན་འོ།།
སེམས་ཀྱི་སྒྲོ་ལྡན་ཤུགས་རྩལ་གྱིས།།
གོ་འབྱེད་ཟད་མཐར་འཕུར་བྱས་ཏེ།།
སུམ་རྩེན་ཕོ་བྲང་སྡེར་མོ་ཡི།།
སྟེགས་སུ་འདོད་པ་སྣང་བས་བྲིད།།
མདུན་གྱི་མེ་ལོང་འཆར་བའི་གཟུགས།།
རྒྱང་རིང་བྱེ་མར་འཁྱུད་པའི་འོད།།
མིག་གི་རྒྱལ་མོ་བསྒུལ་བའི་གཟི།།
སྣང་བས་བྲིད་པ་ཡིན་ནོ་ལོ།།
16/01/22 ལས་འགྲོ་ཟ་གསུམ་གྱི་ཞོར་དུ།
སྙན་ངག་ཨམ་དེ་དངོས་གནས་ཡིན་ས་རེད། ཧ་ཅང་སྙན།