རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
དང་པོ།
སྐྱེ་དགུ་མདོར་ས་ཡོམ་གྱི་གནས་ཚུལ་བྱུང་བ་དང་། བོད་ཕྱི་ནང་གི་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་། དྲ་བ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་། རྣ་བས་ཐོས་བ་དང་མིག་གིས་མཐོང་བ་ནི་བོད་མི་ཚོའི་ངུ་འབོད་དང་འོ་དོད། སེམས་གསོ། གསོལ་འདེབས། བསྔོ་སྨོན་བཅས་རེད། དཔེར་ན། ཁ་བརྡ་དྲ་ཚིགས་དང་དུས་དེབ་སོགས་སུ་ཡང་ས་ཡོམ་གྱི་གནས་ཚུལ་འདི་གཅིག་པོའི་སྐོར་ལ་མཆན་བུ་ལྔ་བརྒྱ་ལོན་པ་འདུག ད་དུང་། ཁ་བརྡའི་ངོས་སུ་ཉིན་གཉིས་ཀྱི་རིང་ལ་ས་ཡོམ་གྱི་གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་༢༡ཙམ་སྤེལ་འདུག འདི་ལྟར་བསམ་བློ་གཏོང་གིན་གཏོང་གིན། གཞིས་ལུས་རྒྱ་ཆེའི་མི་མང་གིས་རྒྱ་ནག་གི་གཉའ་གནོན་འོག་མི་འདོད་པའི་སྡུག་བསྔལ་མྱོང་བཞིན་པའི་ཐོག་ལ། སྡུག་བསྔལ་ཉིས་བརྩེགས་ལྟ་བུར་རང་བྱུང་གི་གོད་ཆག་འདི་ལྟ་བུ་བྱུང་དུས། བོད་མི་ཚོའི་ཁྲོད་ན། སེམས་མི་སྐྱོ་མཁན་དང་ཞེ་མི་སྡུག་མཁན་སུ་ཞིག་ཡོད་དམ། ཤི་རྨས་བྱུང་བ་ཚོའི་ཆེད་དུ་བསྔོ་སྨོན་མི་བྱེད་མཁན་སུ་ཞིག་ཡོད་དམ། འོན་ཀྱང་། དེ་ལས་ཀྱང་གལ་ཆེ་བ་ནི། ཁ་ཡོད་ལག་ཡོད་ཀྱི་རོགས་སྐྱོར་བྱེད་ཐབས་དེ་ཨང་དང་པོར་འཇོག་རྒྱུ་དེ་རེད།
གཉིས་པ།
རྒྱ་ནག་གཞུང་གིས་ང་ཚོའི་ཕ་མ་སྤུན་མཆེད་རྣམས་ལ་དྲག་གནོན་དང་བཙོན་འཇུག་བྱེད་དུས། ང་ཚོས་ཕྱི་ལོགས་ནས་སྐད་འབོད་དང་ཁྲོམ་སྐོར། ཞུ་འབོད་སོགས་བྱེད་པ་ལས་ཐབས་གཞན་མེད། འོན་ཀྱང་། སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆད་བྱུང་ནས་རང་རིགས་སྤུན་ཟླ་མང་པོ་འདས་གྲོངས་སུ་ཕྱིན་པ་དང་། བྱིས་བ་མང་པོ་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་ཆགས་པ། ཤུལ་ལུས་བོད་མི་རྣམས་འགྲོ་ས་སྡོད་ས་མེད་པའི་དཀའ་ངལ་གྱི་གནས་སུ་ལྷུང་བའི་སྐབས་སུ། ཕྱི་སྡོད་བོད་མི་རྣམས་ཀྱི་ངོས་ནས་རོགས་སྐྱོར་ཇི་ལྟར་བྱེད་ཐབས་ལ་བསམ་བློ་གཏོང་རྒྱུ་ཨང་དང་པོ་འཇོག་དགོས། བོད་ནང་དུ་ཡོད་པའི་ང་ཚོའི་ཕ་མ་དང་སྤུན་མཆེད། གཉེན་ཉེ་འབྲེལ་སོགས་ལ་ཁ་པར་དང་ཡིག་ཐོག་བཅས་ནས་འབྲེལ་བ་བྱས་ཏེ། སྐྱེ་དགུ་མདོར། དཀའ་ངལ་གྱི་གནས་སུ་གྱར་བའི་རང་རིགས་སྤུན་ཟླ་རྣམས་ལ་དངུལ་དངོས་ཀྱི་རོགས་སྐྱོར་ཡོང་བར་སྐུལ་མ་བྱེད་དགོས། ཁྱེད་ཀྱིས་རང་གི་སྤུན་མཆེད་དང་གཉེན་ཉེ་རྣམས་ལ་སྐུལ་མ་བྱོས། ངས་ཀྱང་དེ་ལྟར་བྱེད། ཁོང་གིས་ཀྱང་དེ་ལྟར་བྱོས། དངུལ་གྱི་རོགས་རམ་བྱོས་ལབ། ཟ་མའི་རོགས་རམ་བྱོས་ལབ། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་ལོབ། གང་ཐུབ་ན་དེ་བྱོས་ལབ། གང་ཐུབ་པ་དེ་བྱེད་དུ་བཅུག ཉུང་མཐར་ཡང་བོད་ནང་གི་ནང་མི་སྒེར་བ་ཁྲི་གཅིག་གིས་དུས་མཉམ་དུ་དེ་ལྟར་བྱེད་ཐུབ་ན། དེ་ནི་ཁ་ཡོད་ཀྱི་རོགས་རམ་ཡིན་ལ་གདུང་སེམས་མཉམ་བསྐྱེད་ཀྱང་ཡིན།
གསུམ།
ཕྱི་ལོགས་སུ་ཡོད་པའི་བོད་མི་རྣམས་བོད་དུ་འགྲོ་འདོད་རུང་འགྲོ་མི་ཐུབ། ད་ལྟ་ལམ་ལ་ཆས་ནས་རོགས་བྱེད་དུ་རྒྱུགས་བསམ་ཡང་འགྲོ་ལམ་བཀག་ནས་ཡོད། རང་གི་སྤུན་ཟླར་ཤི་རྨས་ཚབས་ཆེན་བྱུང་ན་ཡང་། དེ་ལ་བལྟ་རུ་འགྲོ་བའི་རང་དབང་དེ་ང་ཚོར་མེད། དེ་ལ་རོགས་བྱེད་དུ་འགྲོ་བའི་རང་དབང་དེ་ཡང་ང་ཚོར་མེད། ཐ་ན། ང་ཚོར་འགྲོ་བསྐྱོད་ཀྱི་རང་དབང་ཡང་མེད། ང་ཚོས་ཕྱི་ལོགས་ནས་ག་རེ་བྱེད་ཐུབ་ཀྱི་རེད་ལབ་ན། ཕྱི་རྒྱལ་གྱི་རོགས་ཚོགས་ཁག་བརྒྱུད་ནས་རོགས་རམ་བྱེད་རྒྱུ་དེ་རེད། ཁྱེད་ལ་ཨ་སྒོར་བཅུ་མ་གཏོགས་མེད་རུང་ཞལ་འདེབས་རྒྱག་རྒྱུ་དེ་རེད། ཁོང་ལ་ཡོ་སྒོར་ལྔ་མ་གཏོགས་མེད་རུང་ཞལ་འདེབས་རྒྱག་རྒྱུ་དེ་རེད། ཁྱེད་ལ་རྒྱ་སྒོར་ལྔ་བཅུ་མ་གཏོགས་མེད་རུང་ཞལ་འདེབས་རྒྱག་རྒྱུ་དེ་རེད། ཕྱི་རྒྱལ་དུ་གནས་སྡོད་བོད་ཀྱི་རོགས་ཚོགས་ཁག་བརྒྱུད་ནས་རོགས་རམ་བྱེད་རྒྱུ་དེ་རེད། དཔེར་ན། མ་ཅིག་རོགས་ཚོགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་ཐེབས་རྩ་ཁང་སོགས་བརྒྱུད་ནས་དངུལ་གྱི་རོགས་རམ་གནང་རྒྱུ་དེ་རེད། གོ་ཐོས་ལྟར་ན། མ་ཅིག་རོགས་ཚོགས་ཀྱིས་དེ་རིང་ཐད་ཀར་བོད་ནང་དུ་རོགས་དངུལ་འབོར་ཆེན་བཏང་འདུག ད་དུང་། བརྒྱུད་ལམ་གཞན་པ་ཞིག་ནི། ཆོས་ཚོགས་ཁག་བརྒྱུད་ནས་དངུལ་གྱི་རོགས་རམ་གནང་རྒྱུ་དེ་རེད། བོད་མི་སྒེར་བ་དང་ཚོགས་པ། མཉམ་འདུས་བཅས་ནས་དངུལ་གྱི་ཞལ་འདེབས་རྒྱག་རྒྱུ་ནི་། ཁ་ཡོད་ཀྱི་རོགས་རམ་ཡིན་ལ་གདུང་སེམས་མཉམ་བསྐྱེད་ཀྱང་རེད།
བཞི།
༧གོང་ས་མཆོག་གཙོས་བའི་བོད་གཞུང་དམངས་ནས་ས་ཡོམ་གྱི་གནོད་འཚེ་ཐེབས་པ་དང་རྨས་སྐྱོན་བྱུང་བ་རྣམས་ལ། ཐུགས་གསོའི་འཚམས་འདྲི་དང་བསྔོ་སྨོན་བྱེད་བཞིན་འདུག་པར་མ་ཟད། ཆོས་དོན་ལས་ཁུངས་གཙོས་བའི་ཚོགས་པ་སྒེར་བ་ཁག་གིས་རྒྱ་གར་དུ་དངུལ་གྱི་ཞལ་འདེབས་བསྡུ་བཞིན་པ་ཡང་གོ་ཐོས་བྱུང་། དེ་ནི་རླབས་ཆེ་བའི་ལས་གཞི་རེད།
མི་མང་ཚོས་ཀྱང་གང་ཐུབ་ཐུབ་ཀྱི་ཞལ་འདེབས་གནང་རྒྱུ་གལ་ཆེ། ནམ་རྒྱུན་བོད་ནང་དུ་ཆབ་སྲིད་ཀྱི་དྲག་གནོན་བྱས་བ་ཡིན་ན། རྡ་ལམ་ས་ལར་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད།
ཐེངས་འདིར། བོད་ནང་དུ་ས་ཡོམ་གྱི་གོད་ཆག་བྱུང་དུས། བཙན་བྱོལ་བོད་མི་ཚོས་ཟས་བཅད་བྱས་ཆོག་པ་ཞིག་རེད་ལ་བྱེད་ཐུབ་པ་ཞིག་ཀྱང་རེད། དཔེར་ན། བོད་ཁྱིམ་གྱི་སློབ་གྲ་གཅིག་གིས་ཉིན་གཅིག་ལ་ཟས་བཅད་བྱས་བ་ཡིན་ན། དེས་ཉུང་མཐར་ཡང་རྒྱ་སྒོར་ཆིག་ཁྲི་ཙམ་བསྲི་ཚགས་ཐུབ་ཀྱི་ཡོད། དེས་ན། དགོན་པ་དང་སློབ་གྲ། གཞིས་ཆགས་ཁག། མི་མང་དཀྱུས་མ་བཅས་ནས་ཉིན་གཅིག་ལ་ཟས་བཅད་བྱས་ནས་། དེའི་དངུལ་ཚང་མ་བོད་ནང་ལ་གཏོང་ཐུབ་ན། དེ་ཡང་གདུང་སེམས་མཉམ་བསྐྱེད་བྱེད་སྟངས་རླབས་ཆེན་ཞིག་ཡིན།
ལྷག་པར་དུ། བཙན་བྱོལ་དུ་ཡོད་པའི་དགོན་སྡེ་མང་པོ་དང་བླ་མ་སྤྲུལ་སྐུ་མང་པོ། བོད་ནང་གི་རང་གི་དགོན་པ་དང་རྒྱུད་སྡེ་སོགས་ལ་འབྲེལ་བ་རྒྱ་ཆེར་ཡོད། མི་དངུལ་གཉིས་ཀའི་ཐོག་ནས་འབྲེལ་བ་ཡོད། འདི་དག་གིས་ཀྱང་དགོན་པ་ཁག་བརྒྱུད་ནས་དངུལ་དངོས་ཀྱི་རོགས་རམ་ཞིག་གནང་ཐུབ་ན། དེ་ཡང་གདུང་སེམས་མཉམ་བསྐྱེད་བྱེད་སྟངས་རླབས་ཆེན་ཞིག་ཡིན།
ས་ཡོམ་གྱི་དཀའ་ངལ་འཕྲད་སའི་སྐྱེ་དགུ་མདོ་ལ། བོད་མི་ཡོངས་ནས་དངུལ་དངོས་ཀྱི་རོགས་རམ་གནང་རྒྱུ་ནི་གདུང་སེམས་མཉམ་བསྐྱེད་ཀྱི་རྩ་བ་དེ་ཡིན། རྩ་བ་འདིས་བོད་མི་ཚོའི་སྲོག་རྩ་བསྡམས་ནས་ཡོད།
ལྔ་།
དངུལ་དངོས་ཀྱི་རོགས་རམ་བརྒྱུད་གདུང་སེམས་མཉམ་བསྐྱེད་བྱེད་པ་དང་མཉམ་དུ། བོད་མི་ཚོའི་སེམས་ནས་ནམ་ཡང་བརྗེད་མི་ཉན་པ་ནི་། ང་ཚོར་གཉའ་གནོན་བྱེད་མཁན་གྱི་དགྲ་བོ་དེ་ཡིན། དེ་ནི་རྒྱ་ནག་སྲིད་གཞུང་ཡིན། སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆད་ཚབས་ཆེན་བྱུང་ན་ཡང་། རྒྱ་ནག་སྲིད་གཞུང་གིས་བརྒྱུད་ལམ་ཁག་ཏུ་ས་ཡོམ་གྱི་ཚད་རིམ་སྤར། བོད་མི་བསད་རྨས་བྱུང་རྣམས་ཀྱི་གྲངས་ཀ་བཅག ཕྱི་རྒྱལ་གྱི་རོགས་རམ་དེ་ཚོ་ཡང་ལེན་འདོད་མེད་པའི་རྣམ་འགྱུར་བསྟན། ད་དུང་དེས་ག་ལ་ཚད། རྒྱ་ནག་སྲིད་གཞུང་གིས་ཉེ་བའི་ལོ་ཤས་ནས་བོད་མི་རྣམས་གྲོང་གསེབ་དང་འབྲོག་ཐང་དུ་སྡོད་མ་བཅུག་པར་། གྲོང་ཁྱེར་དུ་སྤོ་བཅུག་པ་དང་གྲོང་ཁྱེར་དུ་དེད་པ་འདི་ལ་བརྟེན་ནས། ད་རེས་ས་ཡོམ་གྱི་གོད་ཆག་བྱུང་དུས། རང་རིགས་སྤུན་ཟླ་མང་པོར་ཤི་རྨས་ཚབས་ཆེན་བྱུང་བ་རེད། ཞིབ་ཏུ་བསམ་ན། འདི་ཚོ་ཡང་ང་ཚོར་བརྙས་བཅོས་དང་གཉའ་གནོན་ཡིན། རང་བྱུང་གི་འཇིག་པ་དང་མཉམ་དུ་དགྲ་བོའི་གཉའ་གནོན་དང་བརྙས་བཅོས་ཀྱང་ཡོད་པ་བརྗེད་མི་ཉན།
བསམ་བློ་ཡག་པོ་བཏང་ནས་བསམ་ཚུལ་སྤེལ་འདུག
ཚང་མས་གང་ཡོང་གནང་རོགས།
དེ་ག་རང་ཡིན་ད། ང་ལ་རྒྱབ་སྐྱོར་ཆ་ཚང་ཡོད། ས་གནས་གང་ས་ནས་ཤུགས་རྒྱོབ།
མ་ཅིག་རོགས་ཚོགས་ཀྱིས་དེ་རིང་མདོ་སྨད་ཟི་ལིང་ནས་རོགས་དངུལ་ཨ་སྒོར་༡༣༠༠༠ལྷག་གི་ཅ་དངོས་དང་བཟའ་ཆ་སྐྱེ་དགུ་མདོར་བཏང་འདུག
གནས་ཚུལ་གཤམ་གསལ།
(Message from Machik:
Thanks to the swift response and coordination of the local coalition of NGOs in Xining, the first shipment of relief supplies is on its way from Xining to Jyekundo. Thanks to your generosity, we were able to support this shipment with a contribution of $13,000, which helped to provide essential supplies including:
– 5 tonnes of rice
– 5 tonnes of noodles
– 2 big generators
– 2 large water filtration systems
– 1 huge gas tank
– Wood stoves + fuel
– Tents, mattresses, and other supplies totaling 30 tonnes in all.
The people of Jyekundo urgently need your immediate help for medicines, clothing, food and clean water, and in the longer term for rebuilding their community. Please visit Machik’s website to donate to support the relief effort.
http://www.machik.org/index.php?option=com_content&task=view&id=2730)
ད་ནངས་ཞོགས་པ་མཚོ་སྔོན་བརྙན་འཕྲིན་ཁང་གི་བརྙན་སྒྲོན་ལྟར་ན། ཉི་མའི་འཚོ་བ་གླུ་གར་གླིང་དུ་བོད་ཀྱི་ཁེ་ལས་པ་མང་པོ་ཞིག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཡུལ་ཤུལ་ཁུལ་གྱི་ས་ཡོམ་གྱི་གོད་ཆགས་ལ་མ་དངུལ་བསྡུ་རུབ་གྱིས་ལས་འགུལ་རིམ་བཞིན་སྤེལ་གྱི་ཡོད་ལ། ཁོ་ཚོས་ཐད་ཀར་མི་བཅུ་འདེབས་ཏེ་ས་གནས་དངོས་ལ་བསྐྱོད་རྒྱུ་ཡིན་ཟེར་བཞིན་འདུག གཞིས་བྱེས་གཉིས་སུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞལ་འདེབས་བརྒྱག་ན་རྒྱ་གྲམ་དམར་པོའི་ཚོགས་བརྒྱུད་ན་དངུལ་དངོས་ཐད་ཀར་རོགས་སྐྱོར་བྱ་མི་ཐུབ་པས་རྐྱེན་གྱིས་ཡིན་རྒྱུ་རེད་བསམ་སོང༌། དེ་མིན་ཁ་སང་མཚོ་སྔོན་བརྙན་འཕྲིན་ཁང་གིས་སྙིང་རྗེ་ཚོགས་པའི་ཚོགས་མི་ཞིག་ལ་བཅར་འདྲི་བྱས་པ་ལ། ཁོས་སྙིང་རྗེ་ཚོགས་པ་བརྒྱུད་ཞལ་འདེབས་བརྒྱབ་ན། མི་གཅིག་གིས་སྒོར་གཅིག་སྟོང་གི་ཞལ་འདེབས་བརྒྱབ་ན་ཚོགས་པ་དེས་གཉིས་སྟོང་ལ་འཕར་ཏེ་ས་གནས་དེ་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་གསུངས་སོང་པས། བོད་མི་རྣམས་ཀྱིས་སྙིང་རྗེ་ཚོགས་པ་བརྒྱུད་དེ་ས་ཡོམ་གོད་ཆགས་ས་གནས་ལ་ཞལ་འདེབས་སྙིང་རྗེ་ཚོགས་པ་བརྒྱུད་ཞལ་འདེབས་བརྒྱབ་ན་དངུལ་དངོས་གང་རུང་གི་ཕན་ཐོགས་བླ་མེད་མཆིས་པ་འབོད་བསྐུལ་ཞུ་བཞིན་ཡོད།
དེ་ག་རང་རེད་ད་། སང་ཉིན་འདི་ནས་ལོ་ཆུང་ལོ་ཆུང་༡༥་ཙམ་ཁྲིད་ནས་ས་གནས་འདིར་ཚོང་ཁང་དང་ཟ་ཁང་ཁག་གི་སྒོ་ཉུག་ནས་སློང་རྒྱག་གི་འགྲོ་གི་ཡོད་། རིགས་འབྱུང་ལགས་ཀྱི་གསུང་བ་དེ་ག་རང་རེད་། ཆོས་གསུང་ཤེས་མཁན་ཚོས་ཤོད་ནས་སླུང་། སྒྲ་ལྔོང་ཤེས་མཁན་ཚོའི་སྒྲ་ལྡོང་ནས་སློང་། དེ་མིན་པ་ཚོའི་མཐེ་བོང་ལང་་ནས་སློང་། ང་སང་ཉིན་སྐོར་ཞོག་ཁྲིད་ནས་མཐེ་བོང་ལང་ནས་སློང་གི་འགྲོ་གི་ཡོད་། ད་ཡིན་ད་། ང་ཚོ་ཕྱི་ལོགས་ན་ཡོད་མཁན་ཚོར་ཤི་དུར་མིག་གིས་ཕྱིར་ལ་ལྟས་ཡོད་པ་དེ་མ་བརྗེད་། སྐུ་ཞབས་རིགས་འབྱུང་ལགས་ད་དུང་ཡིན་ཡང་། ཞལ་འདེབ་འཕུལ་ས་དེ་གང་འགྱོག་དང་གང་གཙང་གཙང་བྱེད་མཁན་ཞིག་གཙར་གཅོད་རྒྱ་དང་། དེ་དག་གིས་ཁ་པར་དང་ཁ་བྱང་སོགས་དྲ་ཐོག་དུ་སྤེལ་རོགས་གནང་།
ངའི་སྤུན་ཆུང་གི་བཤད་ཚུལ་ལྟར་ན་ཁ་སང་སྐུ་འབུམ་དགོན་པ་ནས་ཞལ་འདེབས་བསྡུ་རུབ་བྱས་པར་དམངས་སྒོར་ཁྲི་བཅུ་གཉིས་བྱུང་སོང་ལ། དེ་འབྲེལ་ཡོད་ཚོགས་པ་བརྒྱུད་བསྐུར་ཟིན་པར་བཤད།
རོགས་མི་ཕལ་ཆེར་འགྲོ་མི་ཆོག་པར་བཤད།
གཞིས་སྡོད་བོད་མིའི་སྙིང་སྟོབས་དང་ལ་རྒྱ་ལ་ནམ་ཡང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
ཨོ། བཅུ་གཉིས་མ་རེད། ཁྲི་དྲུག་ཅུ་རེ་གཉིས་རེད།
ཁྲི་དྲུག་ཅུ་རེ་གཉིས་རེད།
རིག་འབྱུང་ལགས་ཀྱིས་བསམ་བློ་ཞིབ་མོ་བཏང་སྟེ་སྐད་ཆ་བཤད་འདུག དེ་ཡིན་དུས་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་དེ་གངས་ཅན་དཀྱིལ་གཞུང་གི་གཞུང་ཞབས་ཚོ་ནས་མགོ་འཛུགས་ཐུབ་ན་འོས་འཚམ་ཞིག་ཡིན་ཀྱང་། ད་སྔ་དེའི་སྐོར་ལ་སྐད་ཆ་བཤད་མཁན་གང་ཡང་མེད་པར་མ་ཟད། མང་ཤོས་ཤིག་སང་ཉིན་གྱི་ངྷ་སའི་ཉེ་འགྲམ་གྱི་དབྱིག་རྩལ་འགྲན་བསྡུར་དེར་བྲལ་བ་ལངས་ནས་བསྡད་འདུག གོ་ཐོས་ལ་སྤ་སེའི་རིན་གོང་ལ་སྒོར་༦༠༠རེད་ཟེར། དེ་ལས་བོད་ནང་གི་བོད་ཆག་བྱུང་མཁན་ཚོར་སྒོར་མོ་༡༠༠རེ་གནང་ཐུབ་ན་ཇི་འདྲ་བཟང་། ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་དེ་འགྱང་མེད་དུ་ཚོགས་པ་ཁག་གི་གོ་སྒྲིག་བྱ་ཐུབ་ན་ལེགས།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་གསར་འགོད་གསལ་བསྒྲགས།
ཉིན་ཤས་སྔོན་རོབ་ཙམ་བཤད་ཟིན་པ་ལྟར་ད་རེས་མཚོ་སྔོན་ཞིང་ཆེན་ཁོངས་བོད་རིགས་རང་སྐྱོང་ཁུལ་གྱི་སྒ་སྐྱེ་རྒུ་མདོ་ཉེ་འཁོར་དང་བཅས་པར་ས་འགུལ་གྱི་འཇིགས་པ་ཚབས་ཆེ་བྱུང་སྟེ་མི་གྲངས་ཧ་ཅང་མང་པོ་རྐྱེན་འདས་དང༌། རྨས་སྐྱོན། དེ་བཞིན་སྡོད་ཁང་དང་ཟ་ཆས་སོགས་གང་ཅིའི་ཆ་ནས་དཀའ་ངལ་བསམ་ཡུལ་ལས་འདས་པ་འཕྲད་པར་བློ་ཕམ་ཚད་མེད་བྱུང་ཡང༌། མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས། ས་ཁད་ཀྱིས་འགྱངས་པས་དངོས་སུ་རོགས་ཕན་བྱ་ཐབས་དབེན།
ད་ལན་རྐྱེན་ངན་བྱུང་སྐབས་ཁུལ་དེའི་གྲྭ་བཙུན་དང་ན་གཞོན་སློབ་ཕྲུག་རྣམས་ཀྱིས་མཚོན་རང་རིགས་མང་པོས་ངལ་བ་ཁྱད་བསད་ཀྱིས་ངལ་སེལ་རོགས་སྐྱོར་ཧུར་ཐག་བྱས་འདུག་པར་དགའ་སྤོབས་བརྟས་ཤིང༌། ཚང་མར་ལེགས་སོའི་བསྔགས་བརྗོད་དང༌། འབྱུང་འགྱུར་ཡང་གཞན་དོན་འགན་འཁུར་དང་ལེན་བྱེད་རྒྱུ་བྱང་སེམས་ཀྱི་བསླབ་བྱ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལག་ཏུ་བླངས་པ་ཡིན་པས་བཟང་སྤྱོད་དེ་དག་རྒྱུན་སྐྱོང་དགོས་པའི་རེ་སྐུལ་བྱེད་རྒྱུ་ཡིན།
དེ་བཞིན་དབུས་སའི་དབུ་ཁྲིད་སྤྱི་དང༌། ལྷག་པར་སྲིད་བློན་ཝུན་ཅཱ་པའོ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ས་གནས་སུ་ངོ་ཕེབས་ཐོག་མང་ཚོགས་ལ་སེམས་གསོ་དང༌། ཉེན་སྐྱོབ་ངལ་སེལ་གྱི་ལས་གཞི་ཁག་ལ་གཟིགས་སྐྱོང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ཐོག་གནས་ཚུལ་ཁྱབ་སྤེལ་ཐུབ་པ་བྱུང་བ་བཅས་ལ་ངོས་ནས་ཡི་རངས་བསྔགས་བརྗོད་བྱེད་རྒྱུ་དང༌།
ཕྱི་ལོ་ ༢༠༠༨ ལོར་ཟི་ཁྲོན་དུ་དེ་འདྲའི་ས་འགུལ་བྱུང་སྐབས་རྒྱ་ནག་དབུས་སའི་གཞུང་དང༌། ཆེས་མཐོའི་དབུ་ཁྲིད་རྣམ་པས་ཐུགས་སྣང་ཆེན་པོས་ཉེན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དང༌། ལྷག་པར་གསར་འགྱུར་བརྒྱུད་ལམ་ལ་ཚོད་འཛིན་མ་བྱས་པར་ཕྱི་གསལ་ནང་གསལ། དེ་བཞིན་རྒྱལ་སྤྱིའི་ཉེན་སྐྱོབ་མཐུན་རྐྱེན་རྣམས་དཀའ་ཚེགས་མེད་པར་ས་གནས་ས་ཐོག་ཏུ་འབྱོར་ཐུབ་པ་བྱུང་བ་བཅས་ལ་ཡི་རངས་བསྔགས་བརྗོད་བྱས་ཡོད་ཅིང༌། ད་ལམ་ཡང་དེ་དང་མཚུངས་པ་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་དངོས་དངུལ་གྱི་རོགས་སྐྱོར་མཐུན་རྐྱེན་གང་ཐུབ་བྱེད་འདོད་ཡོད་པ་བཞིན་བརྒྱུད་ལམ་ཚད་ལྡན་ཞིག་བྱུང་འཕྲལ་ཁུངས་སུ་གཏོང་ཐུབ་རེ་ཡོད།
རྐྱེན་ངན་གོད་ཆགས་ཀྱི་འོག་སྡུག་བསྔལ་གྱིས་མནར་བ་ཚོ་དང་ངོ་ཐུག་གིས་སྡུག་བསྔལ་མཉམ་མྱོང་དང་སྨོན་ལམ་རེ་འདེབས་ཐུབ་ན་སྙམ་པའི་རེ་བས་དེ་སྔོན་ཟི་ཁྲོན་དུ་གོད་ཆགས་བྱུང་སྐབས་འགྲོ་འདོད་བྱུང་ཡང་ཐབས་ཤེས་བྲལ། སྔ་ལོ་ཐའེ་ཝན་དུ་ཆུ་ཉེན་བྱུང་སྐབས་ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་དང་མཉམ་དུ་ཐུག་འཕྲད་དང༌། སེམས་གསོ་སྨོན་ལམ་བྱ་རྒྱུའི་གོ་སྐབས་ཐོབ་པ་དེས་རང་ཉིད་ཡིད་བློ་ཚིམས་པ་མ་ཟད། མང་ཚོགས་ལའང་ཕན་ཐོགས་གང་ལེགས་བྱུང་སོང་སྙམ། ད་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ།
མཐའ་དོན་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་ཉེན་སྐྱོབ་རོགས་རམ་ས་གནས་ས་ཐོག་ཏུ་ཡོང་བའི་རེ་སྐུལ་དང༌། རྐྱེན་ངན་འོག་ཚུད་པའི་འཚོ་བཞུགས་མང་ཚོགས་རྣམས་ལ་ཡིད་སྐྱོ་རེ་ཆད་ཞུམ་པ་མི་བྱེད་པར་ལས་འབྲས་ལ་ཡིད་ཆེས་ཀྱིས་རྐྱེན་ངན་གྲོགས་སུ་སྒྱུར་ཐུབ་པའི་དཀའ་ངལ་གདོང་ལེན་དང༌། མདུན་བསྐྱོད་ཀྱི་བསམ་པ་བརྟན་པོས་ཉམས་གསོ་དང་འཛུགས་སྐྲུན་གྱི་ལས་རིམ་ལ་ཧུར་བརྩོན་དགོས་པའི་གཞེན་སྐུལ་ཞུ་རྒྱུ་དང༌། འདས་གསོན་ཚང་མར་དུས་ཀུན་དགེ་བའི་མཆོག་གསུམ་གསོལ་འདེབས་རྟག་ཏུ་བྱེད། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༧ ལ།།
གསར་འགོད་གསལ་བསྒྲགས་འདི་ྋགོང་ས་མཆོག་གི་དྲ་རྒྱ་ལས་བཤུས།
http://jalbum.net/browse/user/album/565691
ཚོགས་པ་ཁག་ཅིག་གིས་སྐྱེ་རྒུ་མདོའི་ཛ་དྲག་གནས་སྟངས་འདིའི་ཆེད་ཞལ་འདེབས་བསྡུ་མགོ་བཙུགས་འདུག
༡། བོད་ཀྱི་གྲོང་གསེབ་ལས་གཞི། http://www.tibetanvillageproject.org/
༢། བོད་ཀྱི་ངལ་སྐྱོབ་ཐེབས་རྩ། http://www.tibetrelieffund.co.uk/
༣། མ་ཅིག་རོགས་ཚོགས། http://www.machik.org/index.ph
༤། བོད་ཀྱི་ཐེབས་རྩ་ཁང་། http://www.tibet-foundation.org/news/urgent_emergency_appeal_-_kyekudo_yushu_earthquake/
༥། ངོ་དེབ་ཀྱི་ནང་དུའང་མྱུར་སྐྱོབ་རོགས་དངུལ་བསྡུ་བཞིན་འདུག དེའི་དྲ་གནས་ནི། http://www.causes.com/causes/472609 རེད།
ཧ་ཅང་ཡག་པོ་འདུག
ཁ་བྲོ་བཀྲ་ཤིས་