ཁྲོ་གཏུམ་གྱིས་འོས་སྦྱོར་བྱས།
རྟ་དཔྱད་མེས་པོའི་བློ་རྩལ།༼དམངས་ཁྲོད།༽
ཤ་རུས་སྐད་གསུམ་ནི།
ཤ་རུས་སྐད་གསུམ་ཁྱད་པར་ནི། །
ཤ་ཆེན་ཉ་མོ་འཁྱུག་པ་འདྲ། །
རུས་ཆེན་བྱི་བ་ཉལ་བ་འདྲ། །
སྐད་ནི་ཟངས་གླིང་འབུད་པ་འདྲ། །
སྟོད་ཀྱི་དགོས་གསུམ་ནི།
ཁྲ་བྲང་གྲུམ་སྐེ་བྱ་ཕོའི་ཟེ། །
སྟོད་ཀྱི་དགོས་གསུམ་དེ་ལ་ཚང་། །
བར་གྱི་དགོས་གསུམ་ནི།
ཤ་ཕོའི་གསུས་པ་ཉ་མོའི་བཤུལ། །
རྩིབ་མ་གུར་ཆེན་ཕུབ་པ་འདྲ། །
བར་གྱི་དགོས་གསུམ་དེ་ལ་ཚང་། །
སྨད་ཀྱི་དགོས་གསུམ་ནི།
ར་ཕོའི་སྒྱིད་པ་རྒོ་བའི་ལོང་། །
རྔ་མ་བྲག་ནས་ཆུ་འབབ་འདྲ། །
སྨད་ཀྱི་དགོས་གསུམ་དེ་ལ་ཚང་། །
བརྟག་པའི་མན་ངག་ནི།
སྟོད་ཀྱི་རུས་རྒོད་ཟུང་གཅིག་སྟེ། །
ཕྲུམ་ཕྲུམ་ཉིལ་བའི་འོག་ལ་ལྟོས། །
ན་ཆུང་ནུ་མ་འབུར་འདྲ་བཟང་། །
སྟོད་དུ་འདྲེན་པའི་ཆུ་རྒྱུས་དེ། །
ལྟག་ཟུར་ལྟག་པའི་སྒང་དུ་ལྟོས། །
ཏོག་ཙེ་གཤིབས་པ་འདྲ་ན་བཟང་། །
སྟོད་ཀྱི་ཤ་རྒོད་ཟུང་གཅིག་སྟེ། །
ལག་ངར་དཔུང་བའི་སྟེང་དུ་ལྟོས། །
ཕྱུག་པའི་ཞོ་རྐྱལ་འདྲ་ན་བཟང་། །
སྨད་ཀྱི་ཤ་རྒོད་ཟུང་གཅིག་དེ། །
རྗེ་བར་ལྡེམ་བུའི་སྟེང་དུ་ལྟོས། །
ཕུག་རོན་ཉལ་བ་འདྲ་ན་བཟང་། །
སྨད་དུ་འདྲེན་པའི་ཆུ་རྒྱུས་དེ། །
རྗེ་ཚིགས་འབྲེལ་བའི་མཚམས་སུ་ལྟོས། །
གཞུ་མོ་བཀུག་པ་འདྲ་ན་བཟང་། །
འདོ་བ་རིགས་ཀྱི་ཆ་ལུགས་ནི། །
ཉ་ཕྲུག་ཆུ་ན་རྩེ་བ་འདྲ། །
ལྕགས་ཀྱི་གླང་བོ་སྒྲིལ་བ་འདྲ། །
དྲེད་མོང་བྱི་བ་དེད་པ་འདྲ། །
གླ་བ་བྲག་ལ་མཆོངས་པ་འདྲ། །
ཤ་བ་ཁྱི་ཟུག་དེད་པ་འདྲ། །
ར་ཕོ་ཆུ་ནས་ཐོན་པ་འདྲ། །
ཕོ་སྤྱང་ལྟོགས་པར་ལུས་པ་འདྲ། །
སྟག་མོ་ནགས་ལ་འཇུག་པ་འདྲ། །
སྤྱང་མོ་རི་རྩེར་སྐྱོད་པ་འདྲ། །